Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་གཞན་གསོས་བདུད་རྩིའི་དབྱངས་སྙན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་གཞན་གསོས་བདུད་རྩིའི་དབྱངས་སྙན། next

ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་གཞན་གསོས་བདུད་རྩིའི་དབྱངས་སྙན།


JKT002_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་གཞན་གསོས་བདུད་རྩིའི་དབྱངས་སྙན་ཅེས་བྱ་བ། འཆི་མེད་གྲུབ་པའི་ཆུ་གཏེར་བསྲུབས་པ་ལས། །ལེགས་འོང་ཡིད་བཞིན་འཁོར་ལོའི་ཟླ་བ་ནི། །བློ་གྲོས་དྭངས་པའི་མཁའ་ལ་འཆར་བའི་མོད། །ཚེ་དཔལ་འབྱོར་པའི་ཀུ་མུཏ་རྒྱས་གྱུར་ཅིག །རྣམ་འབྱེད་དཔྱིད་ཀྱི་དུས་སྟོན་ཚུགས་པ་ན། །ཉིན་བཞིན་འཕེལ་བའི་རིག་ཚུལ་མྱུ་གུ་ནི། །བསླབ་གྲོལ་མེ་ཏོག་གཞོན་ནུས་འཁྱུད་པ་ལས། །སྲིད་པ་གསུམ་ན་ཀུན་ཏུ་མཛེས་པར་ཤོག །དབྱངས་ཅན་པིར་གྱིས་བླངས་ལས་ངག་ཚིག་ནི། །དྲི་མེད་ཚོན་བརྒྱའི་སྦྱོར་བ་མ་སྨད་པ། །གཟུར་གནས་ཡིད་ཀྱི་ཐང་ཀར་


JKT002_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་མཁས་པས། །བློ་ལྡན་བྱེ་བའི་ངལ་འཚོ་ཉིད་གྱུར་ཅིག །དགའ་ལྡན་བདུད་རྩིའི་ཚལ་ན་གྲགས་འབར་བ། །གཉིས་པ་ས་འདིར་འོང་སྙམ་ཆོས་སྨྲ་བའི། །རྒྱུད་མང་གང་དུ་ལྷུང་བའི་འབབས་སྟེགས་ཀྱིས། །བསྟན་པའི་དགའ་ཚལ་གསར་དུ་རྫོགས་པར་ཤོག །མི་མཁས་སྨྲ་བའི་རྡུལ་གྱིས་གང་བ་ན། །ཚད་མ་གསུམ་གྱི་དག་བྱེད་བླ་མེད་པ། །ཨེ་མ་ཕྱོགས་ཀྱི་གླང་པོའི་རྣམ་དཔྱོད་ཀྱང་། །ལྷན་སྐྱེས་བཞིན་དུ་སྙིང་ལ་འཁྱུད་གྱུར་ཅིག །ཇི་ལྟར་དག་པའི་མཐོན་ཀ་ལང་ཚོའི་དཔྱིད། །འཛིན་བཟོད་ག་བུར་རྣ་ཆ་གཡོ་ལྡན་པ། །གཟུགས་སུ་མ་གྱུར་དེ་སྲིད་ཕན་དང་བདེའི། །ངལ་འཚོ་ལྷན་ཅིག་ཉིད་དུ་འཕེལ་བར་ཤོག ། ལྷག་པར་མཐོང་བ་ཆེན་པོའི་སྐབས་དབྱེ་ཞིང་། །གཞོན་ནུའི་མངོན་བརྗོད་འཆང་བས་དགེ་བྱས་པས། །སྔོན་མེད་དགའ་བ་རྒྱས་པའི་བཀྲ་ཤིས་ཀྱི། །སྣང་བས་འཇིག་རྟེན་གསུམ་ན་མཛེས་གྱུར་ཅིག །སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ།། ༈ །།འཇམ་མགོན་བླ་མའི་ཐུགས་རྗེའི་གཞན་དབང་གིས། །རྟག་པར་ངལ་གསོས་གཞོན་ནུའི་མགྲིན་པ་ནས། །བྱུང་བའི་ཚིགས་སུ་བཅད་པའི་ཟིལ་དངར་ནི། །དཔྱོད་ལྡན་ཡིད་ཀྱི་པདྨོ་རྒྱས་ཕྱིར་སྦྱིན། །ཅེས་པའི་ལེ་ཚན་རྣམས་ཀྱང་རིག་པར་སྨྲ་བ་མཉྫ་གྷོ་ཥས་སྐབས་སུ་བབས་པ་ན་ངེས་པར་བརྗོད་པ་སུ་ཤྲཱི་ཡསྶིདྡྷི་རསྟུ།།


previousཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་གཞན་གསོས་བདུད་རྩིའི་དབྱངས་སྙན། next