Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་ལ་ཕྱག་འཚལ་བའི་ཚིགས་བཅད་ཡན་ལག་བདུན་པ་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་ཀུན་བཟང་སྤྱོད་པའི་འཇུག་ངོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་ལ་ཕྱག་འཚལ་བའི་ཚིགས་བཅད་ཡན་ལག་བདུན་པ་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་ཀུན་བཟང་སྤྱོད་པའི་འཇུག་ངོགས། next

བླ་མ་ལ་ཕྱག་འཚལ་བའི་ཚིགས་བཅད་ཡན་ལག་བདུན་པ་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་ཀུན་བཟང་སྤྱོད་པའི་འཇུག་ངོགས།


JKT002_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཕྱག་འཚལ་བའི་ཚིགས་བཅད་ཡན་ལག་བདུན་པ་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་ཀུན་བཟང་སྤྱོད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །


JKT002_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫགྷོ་ཥཱ་ཡ། འཇམ་དཔལ་དབྱངས་དངོས་ཕུལ་བྱུང་མཁྱེན་བརྩེའི་གཏེར། །བརྟན་མཁས་བཙུན་པའི་དབང་པོ་ཉེ་བར་འཁོར། །འཕགས་རྣམས་ཀུན་ཏུ་དགའ་བའི་སྤྱོད་པ་འཆང་། །བསྟན་པའི་རྒྱལ་མཚན་མཆོག་ལ་ཕྱག་འཚལ་ལོ། །སྒྲ་ཚད་བཟོ་གསོ་ཚིག་རྒྱན་སྡེབ་སྦྱོར་སོགས། །གཙུག་ལག་གཞུང་བརྒྱ་སྨྲ་བའི་ཉི་མ་ཆེ། །ཚངས་སྲས་དགྱེས་པའི་བློ་ལྡན་ཡོངས་ཀྱི་ཕུལ། །མཚུངས་མེད་མཁས་པའི་དབང་པོར་ཕྱག་འཚལ་ལོ། །བྱམས་པའི་རྩ་བརྟན་སྙིང་རྗེའི་ཡལ་འདབ་རྒྱས། །བྱང་ཆུབ་སེམས་གཉིས་འབྲས་འབར་དཔག་བསམ་དབང་། །རྒྱལ་བའི་མྱུ་གུ་བློ་གྲོས་རྒྱ་མཚོའི་གཏེར། །དྲི་མེད་བདེ་བའི་འོད་ལ་ཕྱག་འཚལ་ལོ། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་


JKT002_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དག །རབ་འབྱམས་སྔགས་ཀྱི་གཞུང་ལུགས་ཀུན་ཏུ་མཁྱེན། །མཚན་བཅས་མཚན་མེད་རིམ་གཉིས་མཐར་སོན་པའི། །རང་བྱུང་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་མགོན་པོ་ཀརྨ་པ། །བྱིན་རླབས་ངེས་དོན་བསྟན་པའི་ཉི་མ་མཆོག །བཤད་སྒྲུབ་ཆོས་ཀྱི་སེང་གེའི་སྒྲ་ཆེན་པོས། །ཕྱོགས་ལས་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །སྔོན་གྱི་སྨོན་ལམ་ཟབ་མོའི་མཐུས་བསྐུལ་ཏེ། །སྔ་འགྱུར་གསང་ཆེན་བཀའ་མའི་ལམ་སྲོལ་ལ། །འཁོར་ལོ་གསུམ་གྱི་ལེགས་མཛད་རྨད་བྱུང་བ། །རྡོ་རྗེ་གཟི་བརྗིད་རྩལ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་དངོས་པདྨ་སཾ་བྷ་ཝས། །རྗེས་བཟུང་འོད་གསལ་གོ་འཕང་མངོན་དུ་གྱུར། །ཟབ་གཏེར་རྒྱ་མཚོའི་བཀའ་བབས་ཆོས་ཀྱི་


JKT002_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ། །མདོ་སྔགས་གླིང་པའི་ཞབས་ལ་ཕྱག་འཚལ་ལོ། །སྒྲིབ་བྲལ་ཡེ་ཤེས་དག་པའི་མེ་ལོང་དུ། །རྩ་གསུམ་དགྱེས་པའི་སྣང་བརྙན་འབྱམས་ཀླས་པས། །དབང་བསྐུར་བྱིན་རླབས་སྙན་བརྒྱུད་གདམས་པ་བཅས། །འོད་གསལ་སྤྲུལ་པའི་རྡོ་རྗེར་ཕྱག་འཚལ་ལོ། །མདོར་ན་སྡེ་སྣོད་གསུམ་གྱི་བཤད་སྲོལ་དང་། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རིང་ལུགས་ལ། །གསན་བསམ་སྒོམ་དང་འཆད་རྩོམ་མཐའ་ཡས་པ། །མཁས་བཙུན་གྲུབ་པའི་དབང་པོར་ཕྱག ཐུགས་ནི་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །རྣམ་པ་ཐུབ་བསྟན་ཡོངས་རྫོགས་བཤེས་གཉེན་ཚུལ། །བདག་ཅག་རྣམས་ལ་བཀའ་དྲིན་གསུམ་གྱི་གཏེར། །ཁྱབ་བདག་རྡོ་རྗེ་འཛིན་ལ༔ དངོས་འབྱོར་མཆོད་པའི་ཚོགས་ཀྱིས་མདུན་བདར་ནས། །ཡིད་སྤྲུལ་ནམ་མཁའ་མཛོད་ཀྱི་སྤྲིན་ཆེན་པོས། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བས། །རྗེ་བཙུན་བླ་མར་རྟག་ཏུ་བསྙེན་བཀུར་བགྱི། །ཐོག་མེད་དུས་ནས་མི་ཤེས་དབང་གྱུར་ཅིང་། །རྣམ་གཡེངས་པ་དང་བག་མེད་མ་གུས་པས། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་ཀུན། །སྙིང་ནས་འགྱོད་པས་བཤགས་ཤིང་སླར་ཡང་བསྡམ། །མགོན་པོ་ཁྱོད་ཀྱི་རྣམ་དཀར་མཛད་པས་མཚོན། །ཕྱོགས་བཅུའི་འཕགས་དང་སོ་སྐྱེའི་ཚོགས་རྣམས་ཀྱི། །ཟག་བཅས་ཟག་པ་མེད་པའི་ལེགས་བྱས་ལ། །མི་ཕྱེད་དགའ་བས་རྗེས་སུ་ཡི་


JKT002_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རང་ངོ་། །བླ་མ་མཆོག་དང་རྒྱལ་བ་སྲས་བཅས་ལ། །ཐལ་མོ་སྦྱར་ཏེ་རྩེ་གཅིག་གསོལ་བ་ནི། །འགྲོ་བ་མ་རིག་མུན་པར་འཁྱམས་པ་ལ། །ཐེག་གསུམ་ཆོས་ཀྱི་སྣང་བས་དབུགས་འབྱིན་གསོལ། །། རབ་འབྱམས་འཇིག་རྟེན་སྒྲོན་མེའི་ཚོགས་རྣམས་དང་། །ཁྱད་པར་བཀའ་དྲིན་མཉམ་མེད་བླ་མ་མཆོག །བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་པ་དང་། །ཕྲིན་ལས་ས་གསུམ་ཁྱབ་པར་གསོལ་བ་འདེབས། །དགེ་བ་འདི་ཡིས་དུས་གསུམ་ལེགས་བྱས་ཀུན། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོས་པའི་མཐུས། །བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །འཁོར་ལོའི་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག །དེ་མ་ཐོབ་བའི་ཚེ་རབས་ཀུན་ཏུ་ཡང་། །དལ་འབྱོར་རྟེན་ལས་ཐེག་མཆོག་རིགས་སད་ཅིང་། །མགོན་པོ་ཁྱེད་ཀྱིས་དགེ་བའི་བཤེས་མཛད་ནས། །འབྲལ་མེད་རྗེས་སུ་བཟུང་བར་བྱིན་གྱིས་རློབས། །དྭངས་འདོད་ཡིད་ཆེས་དད་པས་ཀུན་བསླངས་ཏེ། །ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པའི། །བསམ་དང་སྦྱོར་བས་བླ་མའི་ཞབས་བསྟེན་ནས། །དགྱེས་པའི་ངང་ནས་སྒྲུབ་པར་བྱིན༴ ཁས་བླངས་ཚུལ་ཁྲིམས་དག་པའི་ས་གཞི་ལས། །མང་དུ་ཐོས་དང་བསམ་པའི་པདྨོ་རྒྱས། །སྒོམ་བྱུང་ཤེས་རབ་འབྲས་བུས་རབ་དུད་པའི། །སྐལ་བཟང་ཉམས་སུ་མྱོང་བར་བྱིན༴ རྙེད་དཀའི་རྟེན་མཆོག་ཐོབ་ཀྱང་མྱུར་དུ་འཇིག །


JKT002_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྲས་རྗེས་འབྲངས་ཁམས་གསུམ་འཁོར་བ་ཡི། །སྡུག་བསྔལ་རྒྱ་མཚོར་བྱིང་བའི་ཚུལ་མཐོང་ནས། །ངེས་འབྱུང་དྲག་པོ་སྐྱེ་བར= བླ་མ་མཆོག་གསུམ་སྐྱབས་ཀྱི་སྙིང་པོར་བཟུང་། །དགེ་སྡིག་བླང་དོར་སྙིང་ནས་བརྩོན་པ་དང་། །ལས་ཉོན་ཀུན་འབྱུང་འགག་པའི་བསླབ་གསུམ་ལམ། །ཚུལ་བཞིན་རྒྱུད་ལ་བསྟིམ་པར་བྱིན༔ མཁའ་ཁྱབ་འགྲོ་ཀུན་ཕ་མ་དྲིན་ཅན་ཕྱིར། །དྲིན་བཟོའི་སླད་དུ་ཡིད་འོང་བྱམས་པ་དང་། །སྙིང་རྗེས་དྲངས་པའི་ལྷག་བསམ་བྱང་ཆུབ་སེམས། །བཅོས་མིན་རྒྱུད་ལ་སྐྱེ་བར༴ ཐུན་མོང་ལམ་གྱི་རིམ་པས་བློ་སྦྱངས་ནས། །ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པ་ཡི། །རྣམ་དག་དབང་ཐོབ་དེ་མིན་སྡོམ་པ་ལ། །ཉེས་ལྟུང་དྲི་མ་མེད་པར༔ བསྐྱེད་པའི་རིམ་པས་ཐ་མལ་སྣང་ཞེན་དག །རྫོགས་རིམ་ཐབས་ཀྱི་རླུང་སེམས་དབུ་མར་ཐིམ། །དཔེ་དང་དོན་གྱི་ཡེ་ཤེས་ཕྱག་རྒྱ་ཆེ། །མངོན་སུམ་རང་ངོ་འཕྲོད་པར་བྱིན༔ གནས་སྐབས་ཞི་སོགས་ཕྲིན་ལས་རབ་འབྱམས་ཀྱིས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་བསལ་ནས། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པ་ཡི། །རང་གཞན་ཕན་བདེར་འགོད་པར ་མཐར་ཐུག་སྤྱོད་དང་ཉེ་རྒྱུས་མཚམས་སྦྱར་ནས། །ནང་གི་ས་ལམ་མིག་འཕྲུལ་ལྟར་བགྲོད་དེ། །སྐུ་དང་ཡེ་ཤེས་ཕྲིན་ལས་རྨད་བྱུང་བ། །ཀུན་མཁྱེན་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །གཞན་ཡང་རིས་


JKT002_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དགེ་བའི་བཤེས་གཉེན་རྣམས། །བསྐལ་བརྒྱར་ཞབས་བརྟན་ཕྲིན་ལས་ཕྱོགས་བཅུར་ཁྱབ། །དགེ་འདུན་སྡེ་དང་ཐུབ་བསྟན་བཤད་སྒྲུབ་རྒྱས། །འཇིག་རྟེན་དགེ་ལེགས་འཕེལ་བའི་བཀྲ་ཤིས་སྩོལ། །ཅེས་སྐྱབས་མགོན་སྦྱོར་རྩེ་ཐམས་ཅད་མཁྱེན་པ་བསྟན་འཛིན་འཇིགས་མེད་ཚུལ་ཁྲིམས་རྒྱ་མཚོ་དགེ་ལེགས་རིན་པོ་ཆེའི་ཞལ་སྔ་ནས་བཀའ་སྩལ་རིན་པོ་ཆེའི་ཕྲེང་བས་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་རྗེས་སུ་གནང་བ་ལྟར། རང་ལ་དམ་པའི་རྣམ་ཐར་ཆ་ཙམ་མ་མཆིས་ཀྱང་འབྱུང་དུ་རུང་པའི་ཡོན་ཏན་ལ་སྨོན་པའི་ཚུལ་གྱིས། རྗེ་བླ་མ་རྣམས་ཀྱིས་སྩལ་བའི་མིང་དང་འབྲེལ་བར་ཕྱག་འཚལ་བ་སོགས་ཀྱི་ཚིགས་སུ་བཅད་པ་སྨོན་ལམ་དང་བཅས་པ་འདིའང་ཤཱཀྱའི་དགེ་སློང་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རབ་ཚེས་དཀར་པོའི་ལོའི་ཆུ་སྟོད་ཟླ་བའི་དུས་དགེ་བར་རང་གནས་བསམ་གཏན་གྱི་ཁང་བུར་ཤར་མར་བྲིས་ཏེ་ཕུལ་བ་དོན་དང་ལྡན་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།


previousབླ་མ་ལ་ཕྱག་འཚལ་བའི་ཚིགས་བཅད་ཡན་ལག་བདུན་པ་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་ཀུན་བཟང་སྤྱོད་པའི་འཇུག་ངོགས། next