Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་ཉིད་ཀྱི་གསོལ་འདེབས་མོས་གུས་ཀྱི་དབྱངས་སྙན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་ཉིད་ཀྱི་གསོལ་འདེབས་མོས་གུས་ཀྱི་དབྱངས་སྙན། next

རྗེ་ཉིད་ཀྱི་གསོལ་འདེབས་མོས་གུས་ཀྱི་དབྱངས་སྙན།


JKT002_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མས་འབྲལ་མེད་རྗེས་སུ་འཛིན་པའི་གསོལ་འདེབས་དོན་ཐམས་ཅད་གྲུབ་པའི་མོས་གུས་ཀྱི་དབྱངས་སྙན་ཅེས་བྱ་བ། །ན་མོ་གུ་རུ་མཉྫགྷོ་ཥཱ་ཡ། འཇམ་པའི་དབྱངས་སོགས་ཕྱོགས་བཅུའི་རྣམ་འདྲེན་གྱི། །ཡེ་ཤེས་གཅིག་བསྡུས་མཁྱེན་བརྩེའི་དབང་པོ་མཆོག །སྙིང་ནས་དྲན་པའི་གདུང་བས་གསོལ་འདེབས་ན། །བྱིན་རླབས་ཆར་ཆེན་ཕོབ་ཅིག་བླ་མ་རྗེ། །གང་སྐུ་རིག་གྲོལ་ཡོན་ཏན་རྨད་བྱུང་བའི། །རྒྱལ་སྲས་དགེ་འདུན་བྱེ་བའི་གཙུག་རྒྱན་ཆེས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །ཕན་བདེའི་ལེགས་ཚོགས་སྤེལ་ཅིག་བླ་མ་རྗེ། །ཁྱོད་གསུང་ལུང་རྟོགས་དམ་ཆོས་རྒྱ་མཚོའི་སྤྲིན། །གདུལ་བྱའི་ཁམས་དང་འཚམས་པར་རབ་འཆར་བས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །ཉོན་མོངས་གདུང་བ་སོལ་ཅིག་བླ་མ་རྗེ། །ཐུགས་ནི་རབ་འབྱམས་ཡི་དམ་ཞི་ཁྲོའི་ལྷ། །སངས་རྒྱས་ཀུན་དང་རོ་མཉམ་ཉིད་གྱུར་པས། །བྱང་ཆུབ་བར ནི་རབ་འབྱམས་ཡི་དམ་ཞི་ཁྲོའི་ལྷ། །སངས་རྒྱས་ཀུན་དང་རོ་མཉམ་ཉིད་གྱུར་པས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །དངོས་གྲུབ་རྣམ་གཉིས་སྩོལ་ཅིག་བླ་མ་རྗེ། །ཡོན་ཏན་དཔག་བསམ་རྒྱས་པའི་གྲིབ་བསིལ་ཅན། །གནོད་སྦྱིན་ནོར་ལྷའི་ཚོགས་དང་དབྱེར་མེད་པས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །མཐུན་རྐྱེན་འདོད་རྒུར་སྩོལ་ཅིག་བླ་མ་རྗེ། །ཕྲིན་ལས་རྣམ་པ་བཞི་ཡི་འཁོར་ལོས་སྒྱུར། །མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོའི་ཚོགས་ཀྱི་རྗེས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །འགལ་རྐྱེན་བར་ཆད་


JKT002_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སོལ་ཅིག་བླ་མ་རྗེ། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །འབྲལ་མེད་རྗེས་སུ་ཟུངས་ཤིག་བླ་མ་རྗེ། །སྲིད་ཞིའི་ལེགས་ཚོགས་ཀུན་གྱི་འབྱུང་གནས་ནི། །ལམ་སྟོན་དགེ་བའི་བཤེས་ལས་གཞན་མིན་ཕྱིར། །དྭངས་འདོད་ཡིད་ཆེས་མི་ཕྱེད་དད་པར་བཅས། །བསམ་པས་ཚུལ་བཞིན་བསྟེན་པར་བྱིན་གྱིས་རློབས། །ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པའི། །དོན་ཡོད་རྣམ་བཞིས་དཔལ་ལྡན་བླ་མ་མཆོག །དགྱེས་པའི་ཕྲིན་ལས་མ་ལུས་རབ་བསྒྲུབ་པའི། །སྦྱོར་བས་ཚུལ་བཞིན་བསྟེན་པར་བྱིན༴ དེ་ལྟར་བསམ་དང་སྦྱོར་བས་རྩེ་གཅིག་ཏུ། །རྗེ་བཙུན་བླ་མའི་ཞབས་པད་ལེགས་བསྟེན་པས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །ཡེ་ཤེས་གཟིགས་པ་འཇུག་པར་བྱིན་གྱིས་རློབས། །དེ་མཐུས་ངེས་འབྱུང་ཚུལ་ཁྲིམས་རྣམ་པར་དག །རིན་ཆེན་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །བསྐྱེད་རྫོགས་ལམ་གྱི་རིམ་པ་མཐར་ཕྱིན་ནས། །རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་དད་དམ་བསོད་ནམས་ཀྱི་འབྱོར་བའི་གན་མཛོད་འཛིན་པ་ཚུལ་ཁྲིམས་རིན་ཆེན་ནས་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་རྒྱང་རིང་པོ་ནས་ཆེ་ཐང་དུ་བསྐུལ་བ་ལྟར། ཤཱཀྱའི་དགེ་སྦྱོང་སྤོང་བ་པ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་


JKT002_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེའི་དབང་པོས་རབ་ཚེས་དཀར་པོའི་ལོའི་ཆུ་སྟོད་ཟླ་བའི་དུས་དགེ་བར་བྲིས་པ་དོན་དང་ལྡན་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།།


previousརྗེ་ཉིད་ཀྱི་གསོལ་འདེབས་མོས་གུས་ཀྱི་དབྱངས་སྙན། next