Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣམ་ཐར་གསོལ་འདེབས་དད་པའི་ས་བོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣམ་ཐར་གསོལ་འདེབས་དད་པའི་ས་བོན། next

རྣམ་ཐར་གསོལ་འདེབས་དད་པའི་ས་བོན།


JKT002_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་གསོལ་འདེབས་དད་པའི་ས་བོན་ཅེས་བྱ་བ་བཞུགས་སོ། ན་མོ་གུ་རུ་བྷྱ འཇམ་དབྱངས་མཁྱེན་པའི་ཉི་མ་འཇིག་རྟེན་ན། །བརྩེ་ཆེན་སྙིང་རྗེའི་གཟུགས་སུ་ཡོངས་ཤར་བ། །དཔལ་ལྡན་མཁས་བཙུན་གྲུབ་པའི་དབང་པོ་མཆོག །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བསོད་ནམས་ཡེ་ཤེས་ཆུ་གཏེར་ལས་བྱུང་བའི། །རྒྱལ་བའི་སྲས་ཀྱི་ཟླ་བ་གཞོན་ནུ་ནི། །གང་དུ་འཆར་བས་བསྟན་དང་འགྲོ་བ་ལ། །ཕན་བདེའི་བདུད་རྩི་སྦྱིན་དེར་གསོལ་བ་འདེབས། །དམ་པའི་རིགས་ཀྱི་ས་བོན་ལས་འཁྲུངས་པའི། །མཚན་དཔེའི་དཔག་བསམ་ཐོག་མར་གསལ་བ་ནས། །ཡོན་ཏན་མེ་ཏོག་འཛུམ་པས་དགེ་བྱས་པའི། །ངོ་མཚར་མཚུངས་པ་མེད་དེར་གསོལ༔ གཞན་ལ་ཕན་པར་མི འདོད་པའི་ལྷག་བསམ་དང་། །རིག་ཚུལ་དུ་མར་འཇུག་པའི་བློ་གྲོས་སོགས། །བསྔགས་འོས་ཡོན་ཏན་ལྷན་སྐྱེས་ཉིད་གྱུར་པས། །དཔྱོད་ལྡན་དགྱེས་པ་བསྐྱེད་ལ༔ སྒྲ་སྙན་སྡེབ་སྦྱོར་གསོ་བ་རིག་པས་མཚོན། །གཙུག་ལག་དུ་མར་གཟིགས་པའི་སྤྱན་ཡངས་ཤིང་། །མདོ་དང་སྔགས་ཀྱི་ངེས་གསང་ཟབ་མོ་ལ། །འཇུག་པའི་བག་ཆགས་དགེ་དེར་གསོལ༔ ཁྱད་པར་མཁས་བཙུན་དངོས་གྲུབ་བརྙེས་པ་ཡི། །


JKT002_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འཛིན་པ་གྲངས་མེད་ཞབས་བསྟེན་ནས། །མང་དུ་ཐོས་དང་བསམ་པ་སྦྱོར་བ་ཡི། །རང་གཞན་གཞུང་ལུགས་མཐོང་ལ་གསོལ༴ བཤད་དང་སྒྲུབ་པའི་ལུགས་བཟང་འཛིན་པ་ཡི། །རིས་མེད་བསྟན་ལ་དག་པའི་སྣང་བ་དང་། །སོ་སོའི་བཞེད་སྲོལ་མ་འདྲེས་འཛིན་བཟོད་པས། །སྨྲ་བའི་ཉི་མར་གྱུར་དེར༔ རྒྱུད་སྡེ་བཞི་ཡི་ཡི་དམ་དུ་མ་ཡི། །བསྙེན་ཅིང་སྒྲུབ་པའི་དམ་བཅའ་བརྟན་པ་དང་། །འཆད་དང་རྩོམ་པའི་སྤོབས་པ་མ་སྨད་པས། །རང་གཞན་དོན་གཉིས་སྒྲུབ་ལ༔ རྟག་ཏུ་ནམ་འཆི་ཆ་མེད་དྲན་ཤེས་དང་། །སྙིང་ནས་གཞན་ཕན་བསམ་པ་བཟང་པོ་དང་། །བླ་མ་དཀོན་མཆོག་བཀའ་དྲིན་ཁོ་ན་ལས། །གཞན་ལ་རེ་བ་མེད་དེར༔ གང་དུ་གནས་ཀྱང་ངོ་སྲུང་འཁོན་འཛིན་སྤངས། །སུ་དང་འགྲོགས་ཀྱང་ཆགས་སྡང་རྟོག་པ་བྲལ། །ཕྱོགས་ལྷུང་མེད་པ་གཟུ་བོའི་བློ་གྲོས་ཀྱིས། །རང་གཞན་ཕན་བདེར་སྦྱོར་ལ༴ བརྗོད་བྲལ་གནས་ལུགས་རྟོགས་པའི་ལྟ་བ་དང་། །མདོ་དང་སྔགས་ཀྱི་འདུལ་བའི་སྤྱོད་པ་དག །ཟུང་འབྲེལ་བྱང་ཆུབ་ལམ་གྱི་ཉེ་རྒྱུ་རུ། །ངེས་པ་བརྟན་པོ་རྙེད་དེར༔ ད་དུང་ཇི་སྲིད་འཚོ་ཞིང་གཞེས་པའི་བར། །དབེན་པའི་གནས་སུ་རང་སེམས་འདུལ་བ་དང་། །བསྟན་འགྲོར་ཕན་ངེས་བྱ་བ་མ་གཏོགས་པའི། །འདུ་འཛིའི་སྤྲོས་པ་བཅད་དེར་གསོལ་བ་འདེབས། །མདོར་ན་ཡོན་ཏན་ངོས་ནས་རྒྱལ་


JKT002_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དང་། །དབྱེར་མེད་བཀའ་དྲིན་སྒོ་ནས་ཆེས་ལྷག་པའི། །དམ་པའི་རྣམ་ཐར་ཡིད་ལ་དྲན་བཞིན་དུ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དལ་འབྱོར་རྙེད་དཀའ་ནམ་འཆི་ཆ་མེད་དྲན། །ལས་འབྲས་བསླུ་མེད་འཁོར་བར་ངེས་འབྱུང་འཆར། །བྱང་ཆུབ་སེམས་འབྱོངས་བདེན་འཛིན་མདུད་པ་ཞིག །ཆོས་བརྒྱད་རྫུན་ཕུག་རྡེབ་པར་བྱིན་གྱིས་རློབས། །སྣང་གྲགས་རིགས་གསུམ་བླ་མའི་གསང་གསུམ་དང་། །དབྱེར་མེད་མོས་གུས་ཁོ་ནའི་བདུད་རྩི་ཡིས། །ཉམས་རྟོགས་པད་དཀར་མཆོག་ཏུ་རྒྱས་པ་དང་། །ཟུང་འཇུག་འབྲས་བུ་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་ཁྱབ་བདག་རྡོ་རྗེ་བཙུན་མོས་རྗེས་སུ་བཟུང་པའི་རྣལ་འབྱོར་པ་མ་ཏི་ཤྲཱི་མཱི་དང་ས་མནྟ་དྷརྨ་ཤྭ་ར་ཟུང་གིས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་ཆེད་དུ་བསྐུལ་བ་བཞིན་གང་ཤར་ཉམས་དགར་རྩེ་འཇོའི་ཚུལ་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རང་གི་དབེན་གནས་བྱང་ཆུབ་ཆོས་གླིང་དུ་བྲིས་པ་སྟེ། གཞན་དུ་འདིར་བཀོད་པའི་ཡོན་ཏན་ཕལ་ཆེར་ནི་སྒྲོ་བཏགས་ཁོ་ན་ལས་རང་རྒྱུད་ལ་ཡོད་རེ་ཀན་ནོ།།


previousརྣམ་ཐར་གསོལ་འདེབས་དད་པའི་ས་བོན། next