Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་ཆེན་པོའི་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀུན་མཁྱེན་བླ་མ་རྡོ་རྗེ་འཆང་ཆེན་པོའི་གསོལ་འདེབས། next

ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་ཆེན་པོའི་གསོལ་འདེབས།


JKT002_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་ཆེན་པོའི་གསོལ་འདེབས་བཞུགས་སོ། །


JKT002_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་སིདྡྷཾ། རྡོ་རྗེ་འཆང་ཆེན་རྡོ་རྗེའི་རིག་པ་འཛིན། །འཇམ་དཔལ་གཞོན་ནུ་འཇམ་དབྱངས་མཁྱེན་བརྩེའི་གཏེར། །པད་སྡོང་ལས་འཁྲུངས་པདྨའི་རྒྱལ་ཚབ་ཆེར། །སྙིང་ནས་གསོལ་འདེབས་སྙིང་དབུས་རྟག་བཞུགས་གསོལ། །ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །རིགས་གསུམ་རྣམ་ཐར་གཅིག་ཏུ་བསྡུས་པའི་གཟུགས། །བཀའ་དྲིན་གསུམ་ལྡན་ཁྱབ་བདག་འཁོར་ལོའི་མགོན། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །བསམས་བཞིན་སྲིད་པ་བཟུང་ནས་བསྟན་དང་འགྲོའི། །རྒུད་པ་སེལ་ཞིང་བདེ་ལེགས་སྤེལ་བ་ལ། །འགྲན་ཟླ་ཀུན་བྲལ་མཁས་ཤིང་གྲུབ་པའི་གཙོ། །རྡོ་རྗེ་གཟི་བརྗིད་རྩལ་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་གསང་བའི་མཛོད་ཆེན་ཐོབ། །ཟུང་འཇུག་ཡེ་ཤེས་རྡོ་རྗེའི་དབང་བསྐུར་བརྙེས། །འཇིགས་བྲལ་སློབ་དཔོན་ཕྱོགས་ལས་རྣམ་པར་རྒྱལ། །འོད་གསལ་སྤྲུལ་པའི་རྡོ་རྗེར་གསོལ་བ་འདེབས། །སྲིད་ཞི་ཀུན་ཁྱབ་འོད་མི་འགྱུར་བ་དངོས། །གདོད་ནས་ཡོངས་གྲུབ་བྲལ་སྨིན་ཡོན་ཏན་མཛོད། །སངས་རྒྱས་ཀུན་དང་རོ་མཉམ་ཆོས་ཀྱི་སྐུ། །རང་བྱུང་པདྨ་གླིང་པར་གསོལ་བ་འདེབས། །དགོངས་པའི་རྩལ་ཆེན་ངོ་བོ་ཉིད་ཀྱི་རྫོགས། །ལྷུན་གྲུབ་དག་པའི་སྣང་བ་འབྱམས་སུ་ཀླས། །སྐུ་དང་ཞིང་ཁམས་ཀུན་བདག་ལོངས་སྤྱད་རྫོགས། །གར་དབང་འོད་གསལ་གླིང་


JKT002_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསོལ་བ་འདེབས། །ངོ་མཚར་བཀའ་བབས་བདུན་གྱི་ནོར་བུའི་དཔལ། །འདྲེན་མཛད་ཤིང་རྟ་ཆེན་པོ་མདོ་རྒྱུད་ཀྱི། །བསྟན་པའི་མངའ་ཐང་སྤེལ་མཛད་སྤྲུལ་པའི་སྐུ། །ཨོ་རྒྱན་མདོ་སྔགས་གླིང་པར་གསོལ་བ་འདེབས། །གསོལ་འདེབས་བུ་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དབང་མཆོག་བསྐུར་ལ་ཡེ་ཤེས་བྱིན་ཆེན་ཕོབས། །སྐྱེ་ཀུན་རྗེས་བཟུང་གསང་གསུམ་ཕྲིན་ལས་དང་། །དབྱེར་མེད་དོན་གཉིས་མཐའ་རུ་ཕྱིན་པར་ཤོག །ཅེས་གོང་གི་བློ་ཀ་གཅིག་པོ་རྗེ་ཉིད་ཀྱི་དག་སྣང་དུ་བྱུང་བ་དང་། ཞབས་བརྟན་སྔར་བརྩམས་ལ་ཕྱིས་གསོལ་འདེབས་སུ་སྒྱུར་བ་པོའང་བློ་གྲོས་མཐའ་ཡས་ཏེ། སྐྱེ་བ་ཀུན་ཏུ་རྗེ་བཙུན་བླ་མས་རྗེས་སུ་བཟུང་པའི་རྒྱུར་གྱུར་ཅིག། །།


previousཀུན་མཁྱེན་བླ་མ་རྡོ་རྗེ་འཆང་ཆེན་པོའི་གསོལ་འདེབས། next