Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་མགོན་བླ་མའི་བསྟོད་པ་ཤློ་ཀ་མཚན་བཟང་གི་གྲངས་ལྡན་རྣམ་པར་སྣང་མཛད།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་མགོན་བླ་མའི་བསྟོད་པ་ཤློ་ཀ་མཚན་བཟང་གི་གྲངས་ལྡན་རྣམ་པར་སྣང་མཛད།next

འཇམ་མགོན་བླ་མའི་བསྟོད་པ་ཤློ་ཀ་མཚན་བཟང་གི་གྲངས་ལྡན་རྣམ་པར་སྣང་མཛད།


JKT002_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྣང་མཛད་ཆེན་པོའི་ཡེ་ཤེས་ཀྱི། །སྒྱུ་འཕྲུལ་ངག་གི་དབང་ཕྱུག་འཇིག་རྟེན་མིག །འགྱུར་མེད་བདེ་ཆེན་རྡོ་རྗེར་བྱང་ཆུབ་པ། །ཡོན་ཏན་རྒྱ་མཚོར་འཆར་ལ་གསོལ་བ་འདེབས། ༡ །མགོན་ཁྱོད་གཟོད་ནས་གཞི་ལམ་རྣམ་མཁྱེན་གྱི། །ཆོས་རྣམས་ཀུན་གྱི་དེ་ཉིད་རབ་གཟིགས་ཤིང་། །སྦྱོར་བཞིའི་རྣལ་འབྱོར་ཟབ་མོ་ལ་བརྟེན་ནས། །ཚོགས་གཉིས་ཕ་མཐར་སོན་ལ་གསོལ་བ་འདེབས། ༢ །དེ་ལས་སྤངས་རྟོགས་ཕྲིན་ལས་རྫོགས་པའི་ཟླ། །དམིགས་མེད་ཆོས་སྐུའི་མཁའ་ལ་དགྱེས་རོལ་བཞིན། །གྲངས་མེད་གདུལ་བྱའི་རྫིང་བུར་དེ་སྙེད་ཀྱི། །རྣམ་འཕྲུལ་ཅིར་ཡང་སྣང་ལ ༣ །ཁྱད་པར་བོད་ཆེན་ལྡན་གྱི་ནོར་འཛིན་གཞིར། །དཔལ་ལྡན་ཁྱུང་པོའི་རིགས་ཀྱི་དགའ་ཚལ་དུ། །བསམས་བཞིན་ཐུབ་བསྟན་ཉིན་མོར་མཛད་པའི་སླད། །མཚན་དཔེའི་དཔག་བསམ་འཁྲུངས་ལ༴ ༤ ཐོག་མ་ཉིད་ནས་རང་བཞིན་དག་པའི་ཁམས། །ལེགས་བྱས་བདུད་རྩིའི་རྒྱུན་གྱིས་བསྐྱེད་བསྲིངས་པས། །སྦྱོར་བའི་དོན་དུ་ཚད་མེད་སྙིང་རྗེ་སོགས། །རིགས་ཀྱི་མེ་ཏོག་རྒྱས་དེར་གསོལ༔


JKT002_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཁེ་རོའི་རྣམ་འཕྲུལ་བརྩོན་འགྲུས་མགོན་པོ་ཡི། །བྱང་ཆུབ་སྤྱོད་པའི་དགེ་མཚན་སད་པ་ལས། །འཇིག་རྟེན་ཕན་བདེ་སྤེལ་བའི་ལམ་གྱི་སྲོལ། །ཚུལ་བཞིན་ཁོང་དུ་ཆུད་ལ༴ ༦ སྐྱེ་བས་ཐོབ་པའི་རླབས་ཆེན་མཁྱེན་རབ་ནི། །འཇམ་པའི་དབྱངས་དང་གཉིས་སུ་མི་ཕྱེད་ཀྱང་། །ཇི་སྙེད་ཤེས་དང་ཤེས་བྱའི་ཆོས་ཀུན་ལ། །འཇུག་པའི་ཐབས་མཁས་བཟུང་དེར ༧ དེ་ཚེ་འཇམ་དཔལ་རབ་དགྱེས་ཀུན་ཤེས་པའི། །བློ་གྲོས་ལང་ཚོ་དར་བབས་ཡོངས་འཛིན་མཆོག །གཙོར་གྱུར་རིས་མེད་མཁས་གྲུབ་རྒྱ་མཚོ་ཡི། །ཞབས་པད་གུས་པས་བསྙེན་ལ༴ ༨ ཁྱད་པར་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་བདག ། རྡོ་རྗེ་འཆང་དངོས་པདྨ་དབང་ཆེན་གྱི། །སྒྲུབ་བརྒྱུད་སྙིང་པོའི་ཤིང་རྟ་མཐའ་དག་གི །ཐུགས་ཀྱི་སྲས་སུ་གྱུར་ལ༴ ༩ གང་ལས་སྒོ་གསུམ་ཉམས་འགྱུར་བེ་ཌཱུརླས། །འདོད་དགུའི་ཆར་འབེབས་བཟོ་གནས་རིག་པ་ལ། །བི་ཤྭ་ཀརྨའི་ཁེངས་པ་བསྙིལ་བྱེད་པའི། །ངོ་མཚར་སྣང་བ་རྒྱས་ལ༴ ༡༠ ལུས་དང་ནད་ཀྱི་མཚན་ཉིད་ལེགས་རྟོགས་ནས། །གསོ་བའི་ཚུལ་དང་གང་ཟག་དང་བཅས་པའི། །གཞུང་བརྒྱ་འཆད་ལ་དཔལ་ལྡན་དཔའ་བོ་ཡི། །རྗེས་སུ་ཞབས་པད་བཀོད་ལ་གསོལ༴ ༡༡ བྱིངས་དང་མིང་གི་རང་བཞིན་རྐྱེན་བདུན་དང་། །རྣམ་འགྱུར་ཟུང་གིས་བསྒྲུབས་ལས་སྒྲ་དོན་མཐའ། །ཇི་བཞིན་འཆད་ལ་ཙཱནྡྲ་


JKT002_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གོ་མཱིའི་ཞབས། །ལྗོངས་འདིར་མངོན་སུམ་སྣང་ལ་གསོལ་བ་འདེབས། ༡༢ །གནས་གསུམ་གཞལ་བྱ་ཚད་མ་རྣམ་གསུམ་གྱིས། །འཁྲུལ་མེད་གཞལ་ནས་སྒྲུབ་དང་སུན་འབྱིན་པའི། །རིག་ཚུལ་ཀུན་ལ་ཕྱོགས་ཀྱི་གླང་པོ་ཡི། །རྣམ་ཐར་ངང་གིས་བཟུང་ལ= ༡༣ ཚིག་རྒྱན་ཀུན་གྱི་ཕུལ་གྱུར་དཎྜི་སྟེ། །སྡེབ་ལེགས་སྦྱོར་བ་རིན་འབྱུང་ཞི་བའི་དངོས། །མིང་ཚིག་ཀུན་ཤེས་འཆི་མེད་སེང་གེ་ཡི། །སྤོབས་པ་མཐའ་དག་བཟུང་ལ༴ ༡༤ ཕྱི་རོལ་གཏན་འབེབས་དུས་ཀྱི་འཁོར་ལོ་དང་། །སྤོར་ཐང་དབྱངས་ཀྱི་ངེས་པ་འཆར་བའི་གཞུང་། །མ་འདྲེས་འཆད་ལ་རིགས་ལྡན་འཇམ་པའི་དབྱངས། །གཙུག་ན་ཟླ་བར་གྲགས་དེར་གསོལ༴ ༡༥ གཞན་ཡང་ཡིད་འཕྲོག་ཟློས་པའི་གར་ལ་སོགས། །བློ་གཏེར་རབ་དགའི་རིག་གཞུང་རྒྱ་མཚོ་ལ། །ཚངས་བྱུང་སྙེམས་པའི་རྣམ་དཔྱོད་མཐུ་གྲུབ་པའི། །ལང་ཚོའི་ཟླ་སྣང་གསལ་ལ་གསོལ༴ ༡༦ རྒྱ་ཆེན་ཤེས་བྱའི་མ་མོ་མངོན་པ་དང་། །གནང་བཀག་སྒྲུབ་པའི་གནས་སྟོན་འདུལ་བའི་གཞུང་། །འཆད་ལ་དབྱིག་གཉེན་ཤཱཀྱ་ཡོན་ཏན་འོད། །གངས་རིའི་ཡུལ་དུ་ཤར་ལ༴ ༡༧ རྣམ་གསུམ་གྲུབ་མཐའི་སྤོ་ནས་ཟབ་རྒྱས་དང་། །ངེས་དོན་དབུ་མར་ལྟ་བའི་སྙིང་པོའི་ལམ། །ཇི་བཞིན་གཟིགས་ལ་ཀླུ་སྒྲུབ་ཡབ་སྲས་དང་། །ཐོགས་མེད་མཁྱེན་པ་བརྙེས་ལ༴ ༡༨ ཕྱི་རོལ་བྱ་དང་ཏིང་འཛིན་མཉམ་སྤྱོད་དང་། །


JKT002_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོའི་རྣལ་འབྱོར་གཙོར་བཏོན་རྒྱུད་སྡེའི་གཞུང་། །སངས་རྒྱས་གསང་བ་ཀུན་དགའ་སྙིང་པོ་ཡི། །བཞེད་སྲོལ་འཁྲུལ་མེད་མཁྱེན་ལ༴ ༡༩ ཁྱད་པར་ནང་གི་རྣལ་འབྱོར་བླ་མེད་པའི། །རྒྱུད་སྡེ་རྒྱ་མཚོ་འཆད་དང་སྤེལ་བ་ལ། །དཔལ་ལྡན་གསང་བའི་བདག་པོ་སྒྲོལ་མགོན་ཞབས། །བསམས་བཞིན་སྲིད་པར་བཟུང་ལ༴ ༢༠ བྱེ་བྲག་བསྐྱེད་རྫོགས་སྡེ་གསུམ་ཤིང་རྟའི་སྲོལ། །སྔོན་གོམས་སྤོབས་པའི་ཕྱག་རྒྱས་འབྱེད་པ་ལ། །འགྱུར་མེད་གྲུབ་པ་མཚོ་སྐྱེས་རྡོ་རྗེའི་ཞབས། །ངུར་སྨྲིག་གར་དུ་ཟློས་ལ༴ ༢༡ དེ་ལྟར་ཕྱི་ནང་རིག་གཞུང་རྒྱ་མཚོ་ལ། །གསན་དང་བསམ་པའི་སྒྲོ་འདོགས་ལེགས་ཆོད་ནས། །མཐར་གྱིས་ཉམས་སུ་བཞེས་པའི་རྣམ་ཐར་ལ། །སྲས་བཅས་རྒྱལ་བས་བསྔགས་ལཌ ༢༢ དཔལ་ལྡན་ཀརྨའི་རིང་ལུགས་ལས་འོངས་པའི། །སོ་ཐར་གདམས་ངག་བཅས་ལ་དབང་འབྱོར་པས། །བརྟན་མཁས་ཕན་འདོགས་ཡན་ལག་ཡོངས་རྫོགས་པ། །ཡོན་ཏན་རྒྱ་མཚོའི་གཏེར་ལ ༢༣ གཞན་ལ་ཕན་དགོངས་བསླབ་གཞི་ལེགས་བཟུང་ནས། །སྡོམ་དང་ཆོས་སྡུད་སེམས་ཅན་དོན་བྱེད་པའི། །བྱང་ཆུབ་སྤྱོད་དང་སྐད་ཅིག་མི་འབྲལ་བ། །བློ་གྲོས་ཕ་མཐའ་ཡས་ལ༴ ༢༤ གསང་སྔགས་རྒྱུད་སྡེ་རྣམ་བཞིའི་སྨིན་བྱེད་ཀྱིས། །ལུས་ངག་གདུལ་ཞིང་ཐུགས་རྒྱུད་རབ་སྦྱངས་པས། །དངོས་ཀུན་ལྷ་དང་ཡེ་ཤེས་མི་


JKT002_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་པའི། །ཁྱབ་བདག་བདེ་བའི་རྡོ་རྗེར་གསོལ་བ༴ ༢༥ ཤིན་ཏུ་དབེན་ཞིང་ཉམས་དགའི་ནགས་ཚལ་དུ། །བསྐྱེད་རྫོགས་ཟབ་མོའི་དོན་ལ་མཉམ་གཞག་མཐུས། །མཆོག་ཐུན་གྲུབ་པ་རྒྱ་མཚོའི་མཐར་སོན་པས། །པདྨ་གར་གྱི་དབང་པོར་གསོལ༴ ༢༦ ཏིང་འཛིན་ཕྱག་རྒྱས་སྤོབས་པའི་གཏེར་མཛོད་གྲོལ། །རྩ་གསུམ་རྒྱ་མཚོས་བྱིན་བརླབས་གཟི་བྱིན་སྐྱེད། །རྡོ་རྗེའི་ཆོས་སྲུང་བྲན་བཞིན་ལས་སྒྲུབ་པའི། །བརྟུལ་ཞུགས་སྤྱོད་པའི་དབང་པོར ༢༧ འཆད་མཁས་ཞལ་གྱི་གྲྭ་ཟུར་གཡོ་བ་ན། །མ་ཕམ་ཞབས་དང་གཉིས་སུ་མི་ཕྱེད་པས། །གཟུར་གནས་བློ་གསལ་དོན་གཉིས་མཐའ་ཡས་པའི། །བློ་གྲོས་སྒོ་བརྒྱ་ང་གེའི་རྒྱུད་མང་བསྒྲགས་པའི་མོད། །ཕས་རྒོལ་ལག་ལྡན་མྱོས་པའི་ཚོགས་རྣམས་ཀུན། །མི་སྨྲའི་དམ་བཅའ་བྱིན་ལ་མགོན་ཁྱོད་དང་། །ཆོས་ཀྱི་གྲགས་པ་མཚུངས་ལ༴ ༢༩ ་ལྷག་པར་སོ་སྐྱེའི་བློ་ཡིས་བསྐྲུན་མིན་པའི། །རྩོམ་ཕྲེང་ནམ་མཁའ་མཛོད་ཀྱི་གཏེར་བརྡོལ་པས། །ཉམས་འགྱུར་བྱེ་བས་རབ་མཛེས་ཞི་བའི་ལྷའི། །བཟོད་པ་སླར་ཡང་སྙན་དེར་གསོལ༔ ༣༠ ལྟ་བ་མ་འཁྲུལ་སྤྱོད་པ་ཤིན་ཏུ་བཙུན། །རིག་དང་བརྩེ་དང་ནུས་པ་ཕུལ་དུ་སོན། །ཤེས་དང་ཤེས་བྱ་རོ་གཅིག་མངོན་གྱུར་ཕྱིར། །རྣམ་ཐར་མཚུངས་པ་སྤངས་ལ༔ ༣༡ མདོར་ན་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །


JKT002_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀུན་ཁྱབ་བདག་དཔལ་ལྡན་འཇམ་པའི་དབྱངས། །ཐེག་མཆོག་དགེ་བའི་བཤེས་ཀྱི་ཚུལ་བཟུང་བ། །སྐྱབས་གནས་ཀུན་འདུས་ངོ་བོར་གསོལ་བ་འདེབས། ༣༢ །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་སོགས་ཚེ་རིང་ནད་མེད་ཆོས་བཞིན་སྤྱོད། །ཡོངས་འཛིན་བཤེས་གཉེན་མཆོག་གིས་རྗེས་བཟུང་ནས། །མྱུར་དུ་བྱང་ཆུབ་གོ་འཕང་ཐོབ་པར་ཤོག །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པར། །དཔལ་ལྡན་བླ་མས་འབྲལ་བ་མེད་པ་རུ། །རྗེས་བཟུང་དབང་དང་བྱིན་རླབས་ཀུན་སྩོལ་ཞིང་། །རིམ་གཉིས་སྡོམ་པ་ཉམས་པ་མེད་པ་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་རྗེ་བླ་མ་ཉིད་ནས་གསུང་རྩོམ་འཕྲོ་ལུས་པ་རྨོངས་ཚིག་གིས་ཁ་འགེངས་བློ་ཀ་གཉིས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཞུས་སོ།།


previousའཇམ་མགོན་བླ་མའི་བསྟོད་པ་ཤློ་ཀ་མཚན་བཟང་གི་གྲངས་ལྡན་རྣམ་པར་སྣང་མཛད།next