Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཞབས་བརྟན་གསོལ་འདེབས་ཕུན་ཚོགས་གྲུབ་སྟེར།
   
   
   
   
   
   
   
   
   
   
   
   
   
   
   


 
previousདཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཞབས་བརྟན་གསོལ་འདེབས་ཕུན་ཚོགས་གྲུབ་སྟེར། next

དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཞབས་བརྟན་གསོལ་འདེབས་ཕུན་ཚོགས་གྲུབ་སྟེར།


JKT002_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཞབས་བརྟན་གསོལ་འདེབས་ཕུན་ཚོགས་གྲུབ་སྟེར་ཅེས་བྱ་བ་བཞུགས་སོ། །གདོད་ནས་རྟག་པ་དམ་པ་གཉུག་མའི་གཤིས། །གང་འདུལ་མཚན་དཔེའི་གཟུགས་སུ་མངོན་སྣང་བ། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་ཆེ། །གར་དབང་འཆི་མེད་གླིང་པ་འཚོ་གཞེས་གསོལ། །རྒྱལ་བ་ཀུན་གྱི་གསུང་གི་གསང་བ་དང་། །མི་ཕྱེད་ལུང་དང་རྟོགས་པའི་སྤྲིན་ཆེན་ལས། །ཟབ་རྒྱས་ཆོས་ཀྱི་ཆར་པ་འབེབས་མཁས་པའི། །ཨོ་རྒྱན་བསྟན་གཉིས་གླིང་པ་འཚོ་གཞེས་


JKT002_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །འགྱུར་མེད་ཡོངས་གྲུབ་ལྷན་སྐྱེས་བདེ་བ་ཆེ། །སྲིད་ཞིའི་དངོས་པོ་ཀུན་གྱི་དེ་ཁོ་ན། །མཁྱེན་བརྩེའི་ཡེ་ཤེས་ཕ་མཐའ་ཡས་པའི་ཐུགས། །རྡོ་རྗེ་གཡུང་དྲུང་གླིང་པ་འཚོ་གཞེས་གསོལ། །རྩ་གསུམ་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་དང་། །དབྱེར་མེད་དཔལ་ལྡན་བླ་མའི་ཞབས་པདྨོ། །བགྲང་ཡས་བསྐལ་བ་རྒྱ་མཚོར་འཚོ་གཞེས་ཤིང་། །ཕྲིན་ལས་འཇིག་རྟེན་ཀུན་ཏུ་རྒྱས་པར་ཤོག །ཐུན་མོང་རིག་གནས་ཁྱད་པར་བཀའ་གཏེར་གསུང་། །གྲུབ་པའི་མན་ངག་ཐུན་མིན་གསང་བ་བཅས། །མཛོད་ཆེན་རྣམ་ལྔའི་ཤིང་རྟའི་ལམ་སྲོལ་མཆོག །ཕྱོགས་དུས་ཀུན་ན་རྟག་ཏུ་ཁྱབ་གྱུར་ཅིག །ཅེས་འཇམ་མགོན་རྡོ་རྗེ་འཆང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། རིག་འཛིན་པདྨས་མཚན་གསོལ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱི་ཞབས་བརྟན་གསོལ་འདེབས་འདིའང་སྤྲུལ་པའི་སྐུ་མཁས་གྲུབ་རྒྱ་མཚོས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་བསྐུལ་བའི་ངོར། སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝའི་ཞབས་དུལ་སྤྱི་བོས་རེག་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་རྟེན་འབྱུང་ཁྱད་པར་ཅན་གྱི་སླད་དུ་དམིགས་ཏེ་མེ་ཡོས་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་འགྱུར་མེད་རྟག་བརྟན་རྡོ་རྗེ་ཐུགས་ཀྱི་གནས་མཆོག་དཔལ་སྤུངས་ཡང་ཁྲོད་དེ་ཝཱི་ཀོ་ཊ་ཙཱ་འདྲ་རིན་ཆེན་བྲག་གི་སྙིང་པོ་དཔལ་ཆེན་དགྱེས་པའི་ཕོ་བྲང་མཛོད་ལྔ་འདུས་པའི་གཞལ་མེད་ཁང་ཆེན་པོར་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག། །།


previousདཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཞབས་བརྟན་གསོལ་འདེབས་ཕུན་ཚོགས་གྲུབ་སྟེར། next