Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཆོག་གླིང་ཞབས་བརྟན་གསོལ་འདེབས་རྒྱུད་གསུམ་འཆི་མེད་གྲུབ་པའི་དབྱངས་སྙན།
   
   
   
   
   
   
   
   
   
   
   


 
previousམཆོག་གླིང་ཞབས་བརྟན་གསོལ་འདེབས་རྒྱུད་གསུམ་འཆི་མེད་གྲུབ་པའི་དབྱངས་སྙན།next

མཆོག་གླིང་ཞབས་བརྟན་གསོལ་འདེབས་རྒྱུད་གསུམ་འཆི་མེད་གྲུབ་པའི་དབྱངས་སྙན།


JKT002_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པའི་ཞབས་བརྟན་གསོལ་འདེབས་རྒྱུད་གསུམ་འཆི་མེད་གྲུབ་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷི་ཀུརྦནྟ། གཞི་རྒྱུད་རྟག་པ་དམ་པའི་ཆོས་ཉིད་ནི། །བརྟན་གཡོ་སྲིད་ཞི་ཀུན་ལ་ཁྱབ་པའི་བདག །ལྷན་སྐྱེས་ནམ་མཁའི་རྡོ་རྗེ་འདུས་མ་བྱས། །འགྲོ་འདུལ་མཆོག་གྱུར་གླིང་པ་ཞབས་བརྟན་གསོལ། །ལམ་རྒྱུད་བདེན་གཉིས་དབྱེར་མེད་ལྟ་བ་དང་། །མི་ཕྱེད་ཐབས་ཀྱི་འཇུག་པ་རྨད་བྱུང་བས། །རིག་འཛིན་བྱེ་བའི་དབུས་ན་ལྷམ་མེ་བ། །ཨོ་


JKT002_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་བདེ་ཆེན་གླིང་པ༴ འབྲས་རྒྱུད་ཀུན་བརྟགས་འཁྲུལ་པ་དབྱིངས་སུ་ཐིམ། །གཞན་དབང་དག་པ་རབ་འབྱམས་ཆེན་པོར་ཤར། །ཡོངས་གྲུབ་སྐུ་དང་ཡེ་ཤེས་རྒྱ་མཚོའི་དངོས། །འཆི་མེད་ཞིག་པོ་གླིང་པ་ཞབས༔ རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་དང་། །དབྱེར་མེད་གངས་ཅན་བསྟན་འགྲོའི་མགོན་གཅིག་པུ། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །ཕྲིན་ལས་ས་གསུམ་ཀུན་ཏུ་ཁྱབ་གྱུར་ཅིག །སྣོད་བཅུད་ཐམས་ཅད་སྙིགས་མའི་གདུང་བ་ཞི། །ཆོས་མཐུན་འབྱོར་པ་རྫོགས་ལྡན་སྤྲིན་བཞིན་འཕེལ། །རིས་མེད་བསྟན་འཛིན་མཆོག་རྣམས་ཞབས་བརྟན་གསོལ། །བཤད་སྒྲུབ་བསྟན་པ་རྒྱས་་ཤིས་ཤོག །ཅེས་པའང་མཁན་ཆེན་རྡོ་རྗེ་འཛིན་པ་དཀོན་མཆོག་འོད་ཟེར་གྱི་གསུང་གིས་བསྐུལ་བ་དང་། རང་ཉིད་ཀྱང་མི་ཕྱེད་དད་པས་ཀུན་ནས་བསླངས་ཏེ། ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོས་མཚན་གསུམ་གྱིས་མངོན་པར་བསྔགས་པའི་དོན་བརྗོད་བྱར་བྱས་ཏེ། རབ་ཚེས་ས་འབྲུག་རྒྱལ་ཟླ་བའི་དཀར་ཕྱོགས་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག། །།


JKT002_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་བསྟན་འཛིན་གྱི་ཞུས་ངོར་སེམས་དོན་སྨོན་ལམ་འཁོར་འདས་ཆོས་ཀུན་མ།


JKT002_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

༈ འཁོར་འདས་ཆོས་ཀུན་རྩ་བ་རང་གི་སེམས། །སེམས་ཉིད་གདོད་ནས་སྤྲོས་བྲལ་སྟོང་པ་ཉིད། །རང་གསལ་ལྷུག་པར་སྐྱོང་བའི་ཉམས་ལེན་གྱིས། །ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་གྱུར་ཤོག །ཅེས་པའང་སྒྲུབ་བརྩོན་བླ་མ་བྱམས་པ་བསྟན་འཛིན་གྱི་ངོར་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།


previousམཆོག་གླིང་ཞབས་བརྟན་གསོལ་འདེབས་རྒྱུད་གསུམ་འཆི་མེད་གྲུབ་པའི་དབྱངས་སྙན།next