Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀུན་མཁྱེན་བླ་མ་ཞབས་པད་བརྟན་པའི་གསོལ་འདེབས་རབ་བརྟན་རྡོ་རྗེ་གུ་ཎས་མཛད་པ།
   
   
   
   
   
   
   


 
previousཀུན་མཁྱེན་བླ་མ་ཞབས་པད་བརྟན་པའི་གསོལ་འདེབས་རབ་བརྟན་རྡོ་རྗེ་གུ་ཎས་མཛད་པ། next

ཀུན་མཁྱེན་བླ་མ་ཞབས་པད་བརྟན་པའི་གསོལ་འདེབས་རབ་བརྟན་རྡོ་རྗེ་གུ་ཎས་མཛད་པ།


JKT002_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་བླ་མ་ཞབས་པད་བརྟན་པའི་གསོལ་འདེབས་རབ་བརྟན་རྡོ་རྗེ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། ཚེ་འོད་དཔག་མེད་རྣམ་པར་རྒྱལ་མ་དང་། །ཡིད་བཞིན་འཁོར་ལོའི་བྱིན་རླབས་བདུད་རྩིའི་རྒྱུན། །དཔལ་ལྡན་བླ་མའི་གསང་གསུམ་གཞོམ་མེད་དུ། །རྟག་བརྟན་འཆི་མེད་གྲུབ་པའི་བཅུད་དུ་སྩོལ། །སྲས་བཅས་རྒྱལ་བའི་ཡེ་ཤེས་སྒྱུ་འཕྲུལ་གར། །སྙིགས་དུས་འགྲོ་ལ་བརྩེ་བས་རྗེས་ཆགས་ཏེ། །སུམ་ལྡན་རྡོ་རྗེ་འཛིན་པའི་སྐུར་སྣང་བ། །ཀུན་མཁྱེན་བླ་མའི་ཞབས་ལ་གསོལ་བ་འདེབས། །རིང་ནས་འགྲོ་ཕྱིར་དམ་བཅའི་གོ་བགོས་ཏེ། །བསོད་ནམས་རྒྱ་ཆེན་སྨོན་ལམ་དྲི་མེད་འབྲས། །མངོན་དུ་གྱུར་ན་ཇི་སྲིད་འཁོར་བ་ལ། །དེ་སྲིད་ཁ་ལོ་བསྒྱུར་བ་བཞུགས་སུ་གསོལ། །ནམ་མཁའི་རང་བཞིན་འཇམ་པའི་རྡོ་རྗེ་དང་། །སྙོམས་ཞུགས་དབྱངས་ཅན་དྲི་མེད་ཟླ་བའི་མདངས། །གཟུགས་སུ་ཤར་བ་མཁྱེན་བརྩེའི་སྣང་བྱེད་ཀྱིས། །མུན་སེལ་སྨྲ་བའི་དབང་པོ་བཞུགས་སུ་གསོལ། །འགྱུར་བཅས་འཁོར་དང་འདས་པའི་ཆོས་ཇི་སྙེད། །འགྱུར་མེད་དོན་དམ་བདེན་པས་བྱིན་བརླབས་ཏེ། །རིས་བྲལ་བསྟན་པའི་སྒྲོན་མེ་སྦར་བའི་ཕྱིར། །མི་ཡི་སེང་གེ་བསྐལ་བརྒྱར་བཞུགས་སུ་གསོལ། །ཚུལ་ཁྲིམས་དྲི་མ་མེད་པའི་གཟི་བརྗིད་དང་། །སེམས་ཀྱི་མངོན་རྟོགས་ལང་ཚོ་ཡོངས་


JKT002_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིང་། །ཏིང་འཛིན་མི་གཡོ་བརྗོད་པས་ས་གསུམ་ན། །ཆོས་ཀྱི་རྒྱལ་པོ་རྟག་པར་བཞུགས་སུ་གསོལ། །ཀུན་བརྟག་རྣམ་ཤེས་རྒྱལ་ཁམས་ལས་བརྒལ་ཏེ། །གཞན་དབང་འཕོ་བའི་བགྲོད་པ་བཀག་པ་ལས། །ཡེ་ཤེས་པྲ་སེ་ན་ཡི་གསལ་སྣང་ཅན། །ཡོངས་གྲུབ་འགྱུར་མེད་ཆེན་པོར་བཞུགས་སུ་གསོལ། །སྐྱེ་བས་ཐོབ་པའི་རྣམ་དཔྱོད་ཡངས་པ་ལས། །མདོ་སྔགས་ཀུན་ལ་མཛོད་ཀྱི་བདག་པོ་བཞིན། །དྲང་ངེས་མཐའ་དྲུག་ཚུལ་བཞིའི་ལྕགས་འབྱེད་དེ། །འཆད་པ་དབྱིག་གི་ཆར་འབེབས་འཚོ་གཞེས་གསོལ། །སྤོབས་པའི་ཆུ་གཏེར་ཁོང་ནས་འཕྱུར་བ་ལས། །ལུང་དང་རིག་པའི་རྒྱལ་རྔ་འབུམ་བརྡུང་བས། །སྨྲ་ངན་སྟོང་གི་སྤོབས་པ་གཅིག་ཅར་དུ། །འཕྲོག་མཛད་རྩོད་པའི་ཁྱུ་མཆོག་འཚོ་གཞེས་གསོལ། །ཚིག་གཅིག་ལ་ཡང་དོན་མང་གསང་བ་སྡུད། །དོན་གཅིག་ངག་གི་གར་སྟབས་བརྒྱ་བསྒྱུར་བས། །སྔོན་མེད་ལེགས་བཤད་གསར་བའི་འཛུམ་རླབས་ཅན། །ཐོགས་མེད་རྩོམ་པའི་མགྲིན་ལྡན་འཚོ་གཞེས་གསོལ། །གདུལ་བྱ་རིགས་ཅན་གསུམ་གྱི་ཞིང་ས་ལ། །སྐལ་པར་འཚམས་པའི་ཟབ་རྒྱས་ཆོས་ཀྱི་ཆར། །རྒྱུན་ཆད་མེད་པར་ཐུགས་རྗེས་དབབ་ནས་ཀྱང་། །རྣམ་གྲོལ་མྱུ་གུའི་ཕྲེང་བ་བསྐྲུན་དུ་གསོལ། །ཁྱད་པར་ཕྱིར་མི་ལྡོག་པའི་འཁོར་ལོས་གཏམས། །སེང་གེའི་སྒྲ་ཡིས་ཝ་སྐྱེས་ཟིལ་མནན་ཅིང་། །ཟབ་གསང་རྡོ་རྗེ་ཐེག་


JKT002_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདུད་རྩི་ཡིས། །ཁམས་དྲུག་ལྡན་ཀུན་སྲོག་འཚོ་མཛད་དུ་གསོལ། །དཀོན་མཆོག་རྩ་གསུམ་བསླུ་མེད་བདེན་མཐུ་དང་། །དོན་དམ་རྟག་བརྟན་འགྱུར་བ་མེད་པའི་མཐུས། །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང་། །མཛད་པའི་སྣང་བྱེད་མཁའ་མཐར་བརྡལ་གྱུར་ཅིག །ཅེས་པའང་ལུང་རྟོགས་ཀྱི་བདག་ཉིད་རྗེ་དབོན་འཆི་མེད་མཆོག་གི་སྤྲུལ་པའི་སྐུའི་བཀའ་དང་། བློ་གསལ་ཚེ་དབང་ཆོས་འཕེལ་ནས་ཀྱང་བསྐུལ་ངོར་ཡོན་ཏན་རྒྱ་མཚོས་གསོལ་བ་བཏབ་སྟེ་བྲིས་པ་ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་པར་གྱུར་ཅིག། །


previousཀུན་མཁྱེན་བླ་མ་ཞབས་པད་བརྟན་པའི་གསོལ་འདེབས་རབ་བརྟན་རྡོ་རྗེ་གུ་ཎས་མཛད་པ། next