Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ངག་དབང་ལེགས་གྲུབ་ནས་ཞབས་བརྟན་ཕུལ་བ་མཚན་བཟང་སྣང་བ།
   
   
   
   
   
   


 
previousངག་དབང་ལེགས་གྲུབ་ནས་ཞབས་བརྟན་ཕུལ་བ་མཚན་བཟང་སྣང་བ།next

ངག་དབང་ལེགས་གྲུབ་ནས་ཞབས་བརྟན་ཕུལ་བ་མཚན་བཟང་སྣང་བ།


JKT002_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་མཱི་སདྨ་རོཀྵད་ཡོ་པདྨ་ཤ་ཏ་ཀལླེ་ཥྛ་ཏིཥྛནྟུ། མཚན་བཟང་སྣང་བ་རབ་འབར་འཇམ་དབྱངས་སྐུ། །ཆོས་ཀུན་འདོམས་ལ་འཇམ་དབྱངས་གསུང་ཇི་བཞིན། །ཡེ་ཤེས་མཆོག་བརྙེས་འཇམ་དབྱངས་ཐུགས་ལ་འགྲན། །རྡོ་རྗེ་གསུམ་བདག་བླ་མ་བརྟན་བཞུགས་གསོལ། །རྒྱལ་ཀུན་མཁྱེན་བརྩེའི་ཆུ་གཏེར་ཆེ་ལས་འཁྲུངས། །ཕུལ་བྱུང་མཁྱེན་བརྩེའི་ཆ་ཤས་རབ་རྫོགས་ཤིང་། །མཁྱེན་བརྩེའི་ཀུན་ཕན་འཕྲོ་བ་སྐལ་བཟང་གི །ཀུ་མུད་གཉེན་གཅིག་སྲིད་མཐར་བརྟན་བཞུགས་གསོལ། །གདུལ་བྱའི་ཁམས་དང་དབང་པོར་ཉེར་འཚམས་པའི། །ཆོས་ཚུལ་རྒྱལ་བའི་དབང་པོའི་དགོངས་པ་བཞིན། །སྟོན་མཛད་མཁས་པའི་དབང་པོར་རབ་གྲགས་པ། །ཐུབ་བསྟན་རིང་པོར་འཚོ་ཕྱིར་བརྟན་བཞུགས་གསོལ། །སྐུ་དང་ཡེ་ཤེས་དཔལ་འབྱོར་ལྷུན་གྱིས་གྲུབ། །བསམ་


JKT002_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་མཁྱེན་བརྩེ་ནུས་པའི་དཔལ་ཡོན་ཅན། །སྲིད་ཞིའི་དཔལ་ཀུན་སྐད་ཅིག་གིས་སྩོལ་བ། །ཡིད་བཞིན་འཁོར་ལོའི་ངོ་བོར་བརྟན་བཞུགས་གསོལ། །སྨོན་ལམ་བཟང་པོས་མདོ་སྔགས་བསྟན་པ་འཛིན། །ཐུགས་བསྐྱེད་དག་པས་འགྲོ་བའི་ཕན་བདེ་སྤེལ། །ཕྲིན་ལས་རྒྱ་མཚོས་སྐལ་ལྡན་སྨིན་གྲོལ་མཛད། །མཚོ་སྐྱེས་རྡོ་རྗེའི་ངོ་བོར་བརྟན་བཞུགས་གསོལ། །ཀ་དག་འདུས་མ་བྱས་པའི་འོད་གསལ་དང་། །ལྷུན་གྲུབ་བདེ་ཆེན་རང་སྣང་མ་འགག་པ། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བ་ཀུན་བཟང་དང་། །བདེ་ལྡན་མགོན་པོའི་ངོ་བོར་བརྟན་བཞུགས་གསོལ། །སྲིད་པར་བརྟན་བཞུགས་དབྱངས་ཀྱི་ཏམྦུ་ར། །ཟོལ་མེད་དད་པའི་སོར་རྩེས་བསྐུལ་བའི་དགེས། །བླ་མའི་ཞབས་བརྟན་རང་རྒྱུད་གྲོལ་བ་སོགས། །སྨོན་ཚད་འགྲུབ་པའི་དགེ་མཚན་འབར་གྱུར་ཅིག །ཅེས་རྗེ་བཙུན་འཇམ་པའི་དབྱངས་མཆོག་གི་སྤྲུལ་སྐུའི་རྣམ་པར་རོལ་པ་གང་གི་ཞབས་བརྟན་གསོལ་འདེབས་ཚིགས་སུ་བཅད་པ་རྒྱལ་སྲིད་རིན་པོ་ཆེའི་གྲངས་ལྡན་འདིའང་། སྐྱབས་མཆོག་དེ་ཉིད་ཀྱི་ཞབས་འབྲིང་བ་སྡོམ་བརྩོན་ཚུལ་ཁྲིམས་རྒྱ་མཚོས་རྟེན་དང་བཅས་ཏེ་བསྐུལ་བའི་ངོར་རྒྱལ་ཁམས་པ་ངག་དབང་ལེགས་གྲུབ་ཀྱིས་འཕྲལ་དུ་བྲིས་པའོ།།


previousངག་དབང་ལེགས་གྲུབ་ནས་ཞབས་བརྟན་ཕུལ་བ་མཚན་བཟང་སྣང་བ།next