Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབུས་ཕེབས་སྐབས་ཕུལ་བ་བདག་གི་སྐྱབས་གཅིག
   
   
   


 
previousདབུས་ཕེབས་སྐབས་ཕུལ་བ་བདག་གི་སྐྱབས་གཅིགnext

དབུས་ཕེབས་སྐབས་ཕུལ་བ་བདག་གི་སྐྱབས་གཅིག


JKT002_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷུ བདག་གི་སྐྱབས་གཅིག་འཁོར་ལོའི་མགོན། །བཀའ་དྲིན་སུམ་ལྡན་བླ་མ་མཆོག །གཅིག་ཆོག་རྒྱལ་པོ་རིན་པོ་ཆེ། །འཇིགས་མེད་མཁྱེན་བརྩེའི་ཟློས་གར་ཁྱེད། །སྐུ་ན་ཤིན་ཏུ་ཕྲ་


JKT002_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཀྱང་། །འཇིག་རྟེན་ཕལ་པའི་ཚུལ་ལས་འདས། །ཆོས་ཀྱི་ཚུལ་ཙམ་འཛིན་པ་ལའང་། །གུས་པས་ཕྱག་གིས་བཏུད་པར་མཛད། །དག་པ་རབ་འབྱམས་དེ་ལས་ཅི། །སྔོན་དུས་རྒྱལ་བ་ཀརྨ་པས། །ཚོགས་པའི་གྲལ་གདན་ཞབས་སུ་ནི། །དབུ་གཏུགས་ཟེར་བ་བདག་གིས་ཐོས། །དེ་ཀ་དམ་པ་ཆེན་པོའི་ཕུལ། །སྙམ་ནས་སྙིང་ལ་དད་པ་འཕེལ། །གཞན་དུ་ཉམས་རྟོགས་ཁོང་ནས་བརྡོལ། །ཤེས་རབ་གསུམ་གྱི་ཡོན་ཏན་རྒྱས། །མ་བསྒོམས་དབུ་མའི་རྩ་མདུད་གྲོལ། །རྡོ་རྗེའི་མགུར་གླུ་ཐོགས་པ་མེད། །སྡོམ་པ་གསུམ་དང་རྒྱུད་སྡེ་བཞི། །རིམ་དགུའི་ཐེག་པའི་དགོངས་དོན་ཀུན། །གཅིག་ཅར་རྟོགས་པའི་སྤོབས་པ་ཐོབ། །ཁྱད་པར་སྙིང་ཐིག་བསྟན་པའི་ཉི། །འོད་ཟེར་འབུམ་གྱིས་འཁྱུད་པ་བཞིན། །བསྟན་འགྲོའི་བསོད་ནམས་ལས་འཁྲུངས་པ། །ཨེ་མ་རྫོགས་ལྡན་བསྐལ་པ་ཤར། །ཚོམ་བུ་འབུམ་གྱི་ཚོགས་དང་བཅས། །མངོན་སུམ་ཉིད་དུ་འཚང་རྒྱ་འཐོབ། །ཁྱེད་ནི་བསྟན་འགྲོའི་མགོན་ཡིན་ཕྱིར། །སྙིང་པོའི་བསྟན་པ་སྤེལ་དགོས་པས། །རིག་གནས་སློབ་སྦྱོང་ག་ལ་རིགས། །འདུ་འཛི་སྤངས་ལ་དབེན་ས་བསྟེན། །ལས་ཅན་མཚོ་ལ་ངང་པ་བཞིན། །མ་བསྡུས་ན་ཡང་སྤྲིན་བཞིན་འདུ། །འབྲེལ་ཚད་དོན་དང་ལྡན་པ་འབྱུང་། །དགའ་རབ་འཇམ་དཔལ་ཤྲཱི་སེང་། །པད་འབྱུང་བི་མ་ཀློང་ཆེན་དང་། །རིག་འཛིན་འཇིགས་


JKT002_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གླིང་པ་ཡི། །དགོངས་པ་རྒྱ་མཚོའི་གཏེར་མཛོད་ཀུན། །དུས་གསུམ་སངས་རྒྱས་བཀའ་བགྲོས་ནས། །འབྱེད་པའི་ལྡེའུ་མིག་ཁྱེད་ལ་གནང་། །དེ་ལ་ཐུགས་ཀྱིས་ལེགས་དགོངས་ནས། །འགྲོ་དོན་ལྷུན་གྲུབ་མཛོད་ཅིག་གུ །མཐའ་ཡི་མཁས་བཙུན་ཐམས་ཅད་ཀུན། །དབུས་སུ་བྱོན་ནས་བསྟན་པ་སྤེལ། །སྲོང་བཙན་བཀའ་ལས་བྱུང་བ་བཞིན། །ནམ་མཁའ་ལྟ་བུའི་འཕགས་ཆེན་རྣམས། །མ་ལུས་ཀུན་གྱི་འབྱུང་གནས་ཡིན། །རྒྱལ་བའི་དབང་པོ་ཙོང་ཁ་པས། །བསྟན་པ་རིན་ཆེན་སྤེལ་བ་བཞིན། །ཁྱེད་ཀྱང་ཉི་མ་དབུས་སུ་བྱོན། །ཀུན་མཁྱེན་ཆེན་པོའི་མཛད་པ་བཞིན། །དེང་འདིར་ཁྱེད་ཀྱིས་གྲུབ་པར་མཛོད། །སྐུ་ཚེ་ཕྲིན་ལས་འཕེལ་རྒྱས་འོང་། །བཀྲ་ཤིས་ཉི་མ་དགུང་ནས་ཤར། །ཁྱེད་འདྲའི་སྐྱེས་བུ་ས་སྟེང་དཀོན། །བདག་ཀྱང་དེང་ནས་བྱང་ཆུབ་བར། །མི་འབྲལ་སྤྱི་གཙུག་ཁྱེད་ཞབས་བསྟེན། །མཉེས་པ་གསུམ་གྱིས་ཞབས་ཏོག་སྒྲུབ། །ཡེ་ཤེས་སྐུ་ཅན་བླ་མ་མཆོག །བདག་གི་སྙིང་གི་དཀྱིལ་དུ་ཞུགས། །ཁམས་གསུམ་འཁོར་བ་དོང་སྤྲུགས་ནས། །ཕྱམ་གཅིག་གདོད་མའི་སར་འགོད་ཤོག །ཇི་སྙེད་འཁོར་བའི་སེམས་ཅན་ཀུན། །དེ་སྲིད་སངས་རྒྱས་མ་ཐོབ་བར། །བླ་མའི་འགྲོ་དོན་མི་རྫོགས་པས། །བདག་ཀྱང་ཞབས་ཕྱིར་འབྲེངས་ནས་ཀྱང་། །མཉེས་པའི་ཞབས་ཏོག་བསྒྲུབ་པར་ཤོག །དེ་སྐད་ཞུ་མཆིད་པད་དཀར་ཕྲེང་། །གང་ཤར་


JKT002_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་བསྒྱུར་མེད་པ་རུ། །བསྟན་གཉིས་ཞེ་ཆེན་དར་རྒྱས་གླིང་དགོན་ནས། །མཚམས་པ་རྒན་པོ་གྱི་ན་བ། །འགྱུར་མེད་བསྟན་འཕེལ་བཟའ་པོའམ། །མིང་གཞན་གར་དབང་དགྱེས་པ་ཡི། །རྡོ་རྗེ་ཞེས་པས་གུས་པ་ཡིས། །ཞབས་པད་གཙུག་ཏུ་བཀོད་དེ་ཕུལ། །དོན་འདི་ཇི་བཞིན་འགྲུབ་པ་རུ། །དཀོན་མཆོག་བླ་མས་བྱིན་གྱིས་རློབས། །དགེའོ།། །།


previousདབུས་ཕེབས་སྐབས་ཕུལ་བ་བདག་གི་སྐྱབས་གཅིགnext