Nitartha Digital Library
Tibetan
 
previousཤོག་ལྷེབ་ ༦༠༡ ནས་ ༧༡༧ བར།no next

ཤོག་ལྷེབ་ ༦༠༡ ནས་ ༧༡༧ བར།


JKT004_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་གྱི་ལྟ་སྟངས་ཚངས་པའི་གསང་། །དབང་པོ་རང་སྣང་ཕྱག་རྒྱ་ཆེ། །ཆོས་ཉིད་ངོ་བོ་ཐབས་ཀྱིས་ཟིན། །སྤྲོས་བྲལ་འཆར་བ་ཡི་གེའི་གནད། །ཅེས་སོ། །རྩ་རླུང་ལས་སུ་རུང་བ་ནི་ལྭ་བའི་ཞལ་ནས། །དྲན་རྟོག་འོད་གསལ་ལ་བཅིངས་པས། །རང་རིག་ཡེ་ཤེས་ལྔ་ཡི་མདངས། །ས་ཆུ་མེ་རླུང་ནམ་མཁའ་ཡི། །སྣང་བ་རྒྱུ་ལམ་འབྲས་བུའི་རྟགས། །ཞེས་སོ། །མི་གཡོ་བའི་བསམ་གཏན་ཛྙཱ་ན་དྷ་རའི་ཞལ་ནས། །དྭངས་མའི་འོད་ཟེར་དུ་བར་སྣང་། །སྨིག་རྒྱུ་སྣང་བ་བདེ་བའི་འོད། །གསལ་བ་སྲིན་བུ་མེ་ཁྱེར་འོད། །མི་རྟོག་འོད་ཟེར་མཁའ་ལྟར་སྣང་། །ཞེས་སོ། །ཞེས་པ་རྣམས་གསེར་གྱི་ཉི་མ་རྣམ་པར་སྣང་བའི་ལེའུ་༡ལས་སོ།། །།འོད་གསལ་རང་ངོ་འཕྲོད་པ་དྷ་རྨ་བྷ་དྲའི་ཞལ་སྔ་ནས། །སེམས་ཉིད་འོད་གསལ་དངོས་པོའི་དོན། །རང་བཞིན་ངོ་བོ་སངས་རྒྱས་རྒྱུ། །དམིགས་མེད་གདོད་ནས་དག་པ་ཡི། །ཡེ་ཤེས་དེ་མཐོང་མ་རིག་སེལ། །ཞེས་གསུངས་༢སོ། །ཐུགས་རྗེའི་རྒྱན་དང་༣ལྡན་པ་གསེར་གླིང་པའི་ཞལ་ནས། །འདོད་པའི་འབྲས་བུ་སྟེར་བ་ཡིས། །ཡིད་བཞིན་ནོར་འདྲའི་བྱང་ཆུབ་སེམས། །སངས་རྒྱས་མ་བཅོས་ལྷུན་གྲུབ་སྐུ། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་སོ། །ཧ་ཧ་༤ཧི་ཧིའི་གད་རྒྱངས་ཅན་ཨ་ཧ་རའི་ཞལ་ནས། །འཁོར་བ་སྤངས་པའི་ཕ་རོལ་ན། །མྱ་ངན་འདས་པ་ཡོད་མ་ཡིན། །འཁོར་བ་རང་


JKT004_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེད་པ་ཡི། །མཚངས་དེ་མྱ་ངན་འདས་པའོ། །ཞེས་གསུངས་སོ། །ཟླ་༦བའི་འོད་ཟེར་མགྷ་པ་ལི་ཏའི་ཞལ་སྔ་ནས། །ནམ་མཁའ་མདུང་ཚུགས་བསམ་གཏན་མཁར། རིག་པ་སོར་བཞག་གནད་ཀྱི་མཚངས། །བདེ་གསལ་རྒྱུན་མི་ཆད་པར་བྱེད། །ཡུལ་ལ་ཡེངས་པར་མི་བྱའོ། །ཞེས་གསུངས་སོ། །སྤྲོས་བྲལ་གྱི་ཡེ་ཤེས་ངོས་ཟིན་པ་ཀོ་ཤ་པའི་ཞལ་སྔ་ནས། ཆོས་རྣམས་ཐམས་ཅད་ངོ་བོས་སྟོང་། །བདེན་ཟད་བརྫུན་ཟད་ཡི་གེ་ཟད། །དོན་ཟད་ནམ་མཁའི་རང་བཞིན་ཅན། །བསམ་དུ་མ་བཏུབ་བསྒོམས་ལས་གྲོལ། །ཞེས་གསུངས་སོ། །དཔལ་གྱི་འོད་འཛིན་མ་རཏཱ་ལི་ཏའི་ཞལ་སྔ་ནས། །རྟོག་བྲལ་ཡུལ་གྱི་རྗེས་མི་འབྲངས། །སྣང་བ་ཧད་པོ་དེར་འཛིན་གྲོལ། །སོར་བཞག་ཚོགས་དྲུག་ལྷུག་པའི་ངང་། །སྒོམ་བློ་འདུན་པ་དྲི་མ་ཡིན། །ཞེས་གསུངས་སོ། །ཉོན་མོངས་༧རང་ཐོག་ཏུ་གྲོལ་བས་གཉེན་པོའི་བྱ་ར་ཞིག་པ་ས་ར་ཧཱི་པའི་ཞལ་སྔ་ནས། ཤེས་པ་ངར་ཅན་དེ་ལྟོས་དང་། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རིག་པ་དྲི་མེད་ལམ་གྱི་མཆོག །ཐིག་ལེ་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། །བདེ་བའི་སྒྲོན་མ་ལ་དྷ་བའི་ཞལ་སྔ་ནས། སེམས་ལས་ཡེ་ཤེས་སྐྱེ་འགྱུར་བ། །རིག་པ་དྲུང་བ་ཁྲོ་བོའི་སྤྱན། །སོར་བཞག་རྣམ་རྟོག་རླུང་མི་བསྐྱོད། །རྟེན་འབྲེལ་གྱིས་ནི་ཡང་དག་འགྲུབ། །ཅེས་གསུངས་སོ། །


JKT004_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་བདེ་རབའི་མདངས་ལྡན་མ་རུ་ཀ་ལའི་ཞལ་སྔ་ནས། །མཚོན་བྱེད་དཔེ་ཡི་ལྷན་སྐྱེས་ཀྱིས། །མཚོན་བྱ་དོན་གྱི་ལྷན་སྐྱེས་རྟོགས། །དེས་ནི་འགྲོ་འོང་མེད་པའི་བདག །སེམས་ཉིད་གཉུག་མའི་རང་བཞིན་ནོ། །ཞེས་གསུངས་སོ། །སྣང་བ་རྒྱུད་ལ་ངེས་པར་སྐྱེས་པ་པཉྫ་ནའི་ཞལ་ནས། །ལས་ཀྱི་ཕྱག་རྒྱ་མཚོན་བྱེད་དོ། །ཆོས་ཀྱི་ཕྱག་རྒྱ་སྒོམ་པའི་ལམ། །ཕྱག་རྒྱ་ཆེན་པོ་འབྲས་བུ་སྟེ། །དམ་ཚིག་ཕྱག་རྒྱ་ཕྲིན་ལས་སོ། །ཞེས་གསུངས་སོ། །དོན་རྒྱུད་ལ་སྒྲོ་འདོགས་ཆོད་པ་དེ་བ་ཤ་རའི་ཞལ་སྔ་ནས། བདེ་བ་ཉམས་མྱོང་དགའ་བ་སྟེ། །འཛིན་གྲོལ་ཉམས་མྱོང་མཆོག་ཏུ་དགའ། །བདེ་སྟོང་དབྱེ་རུ་མེད་པ་ནི། །ལྷན་ཅིག་སྐྱེས་པའི་དགའ་བའོ། །ཉམས་དང་བྲལ་ན་དགའ་བྲལ་ལོ། །ཞེས་གསུངས་སོ། །བུམ་འཛིན་མ་དྷ་ན་རུའི་ཞལ་སྔ་ནས། རིགས་དྲུག་འཁོར་བའི་སེམས་ཅན་ལ། །བདེ་གཤེགས་སྙིང་པོ་ཡོད་གྱུར་ཀྱང་། །མ་བསྒྲུབས་གྲོལ་བ་ཐོབ་མི་འགྱུར། །ཞེས་གསུངས་སོ། །ཞེས་པ་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བ་ཞེས་པ་ལས་ཁོལ་དུ་ཕྱུང་བའོ།། ༈ །།ཕྱག་རྒྱ་ཆེན་པོ་གསེར་ཕྲེང་ལས་༡། དབྱར་གྱི་དུས་ན་སྔོ་རྣམས་སྐྱེ་འགྱུར་ཀྱང་། །ཞིང་ལ་མ་བཏབ་ལོ་ཏོག་འབྱུང་མིན་ལྟར། །འགྲོ་དྲུག་སེམས་ཅན་སངས་རྒྱས་རང་བཞིན་ཡང་། །མ་བསྒོམས་རྣམ་གྲོལ་ཡེ་ཤེས་དོན་མི་མཐོང་། །ཞེས་དང་། རང་


JKT004_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རིག་རང་གིས་རྟོགས་པ་ལ། །ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །སངས་རྒྱས་སེམས་ཅན་འཁོར་འདས་དག །སྤང་བླང་ཐ་དད་ཅི་ཡང་མེད། །ཅེས་དང་། འཇའ་ཚོན་ལྟ་བུ་སྒྱུ་མའི་སྐུ། །དམ་ཚིག་ཕྱག་རྒྱ་ཞེན་མེད་ཀྱི། །དབང་པོ་རང་སྣང་ཐུག་ཕྲད་ཀྱིས། །ཆོས་ཉིད་བདེན་པ་མཐོང་བ་ཡིན། །ཞེས་དང་། གསེར་གྱི་རི་རབ་ངོས་སུ་༣བྱ་གནས་པ། །བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང་། །མཁས་པ་དག་གིས་སྐྱེ་བ་མེད་རྟོགས་ན། །དངོས་པོའི་རང་བཞིན་བོར་ནས་བདེ་བ་ཆེ། །ཞེས་སོ། །ཞེས་མི་ཏྲི་བས་བསྡེབས་པ་མར་པས་འགྱུར་བ་ལས་སོ།། ༈ །།ཡོ་ག་ལ་ཀླུ་ཎ་སཏུ། རྣལ་འབྱོར་གྱི་ཟློམཚན་ཉིད་བདེན་པ་ལས། །གཟུགས་སུ་སྣང་བ་སྐུ་ཉིད་ལ། །སྐུ་རྣམས་གསུང་དུ་བདག་ཉིད་བརྟག །སེམས་ཅན་བྱང་ཆུབ་རྒྱུ་ཡིན་ཕྱིར། །དེ་ཡི་ཤེས་པ་ཡེ་ཤེས་ཡིན། །ཞེས་དང་། རྣལ་འབྱོར་སྒོམ་རྣམས་གཙོར་བྱ་ཡི། །ལུས་ངག་དགེ་བ་གཙོར་མི་བྱ། །ཞེས་དང་། རྟག་ཏུ་འཆི་བསམ་མ་ཆགས་བློས། །དངོས་པོ་ཅི་ལའང་མ་ཆགས་པར། སྤྱོད་ལམ་ཇི་ལྟར་གནས་ཀྱང་བསྒོམ། །ཞེས་སློབ་དཔོན་བྱང་ཆུབ་བཟང་པོས་སོ།། ༈ །།རིན་པོ་ཆེ་འཁོར་ལོའི་དབང་གི་མན་ངག་ལས། དབང་བསྐུར་རིམ་པ་ཡང་དག་པའི། །གནས་དང་དུས་དང་སློབ་དཔོན་དང་། །སློབ་མ་དང་ནི་གླེང་གཞི་དང་། །དཀྱིལ་འཁོར་དང་ནི་དེར་


JKT004_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་རིམ། །དབང་བསྡུར་རིམ་དང་རྣམ་གྲངས་དང་། །བསྐུར་བའི་གནས་དང་ཐབས་དག་དང་། །སྒྲིབ་བྱང་ཚད་དང་ས་ནོན་དང་། །དེ་འབྲེལ་མན་ངག་རིམ་པ་དང་། །རྟགས་དག་དང་ནི་བརྡ་དག་དང་། །རྫས་དག་དང་ཡང་དགོས་པའི་དོན། །ནུས་པའི་ཚད་དང་འབྲས་དུ་སྟེ། །རྣམ་པ་ཉི་ཤུས་མངོན་པར་བརྗོད། །ཅེས་གསུངས་སོ། །ཀྱེ་ཧོ་ཤཱཀྱ་སེང་གེ་ལ། །བལྟམས་ཚེ་ཀླུ་རྒྱལ་དགའ་སོགས་པས། །བུམ་པའི་ཆུ་ཡིས་ཁྲུས་བྱས་དང་། །མངོན་པར་རྫོགས་པར་སངས་རྒྱས་ཚེ། །ས་ཡི་ལྷ་མོའི་བུམ་པ་ཡང་། །བཀྲ་ཤིས་བརྗོད་ནས་ཕྱག་ཏུ་ཕུལ། །འཁོར་ལོའི་བསྒྱུར་རྒྱལ་རྒྱུད་འབྱུང་བ། །སྤྱི་བོར་དབང་བསྐུར་གླེང་གཞི་ཡིན། །ཞེས་དང་། མགོ་ལ་མེ་ཏོག་ཕྲེང་བཏགས་པ། །ལྷ་ཡི་དབང་སྟེ་དང་པོར་བཤད། །ཆུ་དང་དབུ་རྒྱན་རྡོ་རྗེ་དང་། །དྲིལ་བུ་མིང་དང་རྣམ་པ་ལྔ། །སློབ་མ་རིག་པའི་དབང་ཞེས་བྱ། །དེ་ནས་སེང་གེའི་ཁྲི་སྟེང་དུ། །རིག་བྱེད་སློབ་དཔོན་དབང་སྦྱིན་བྱ། །གོང་མ་བརྟན་པར་བྱ་བའི་ཕྱིར། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་གཉིས། །ཕྱག་རྒྱ་དམ་ཚིག་གསུམ་པ་ཡིན། །དབུགས་དབྱུང་བ་དང་ལུང་བསྟན་པ། །ཕྱིར་མི་ལྡོག་སོགས་རིམ་པ་ཡིན། །ཞེས་སོ། །སྲོག་གཅོད་རྐུ་དང་ལོག་པར་གཡེམ། །ལུས་ཀྱི་ཉེས་གསུམ་བྱང་བས་ན། །ལུས་ཀྱི་དྲི་མ་དག་པར་བཤད། །ཅེས་དང་། དཀྱིལ་འཁོར་


JKT004_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བས་ཚོགས་ཀྱི་ལམ། །ཕྲེང་བས་མོས་སྤྱོད་སྦྱོར་ལམ་དག །ཆུ་དང་དབུ་རྒྱན་ས་དང་པོ། །མཐོང་ལམ་རྣམ་པར་དག་པར་གསུངས། རྡོ་རྗེ་དྲིལ་དང་བདག་པོ་ཡིས། །ས་གཉིས་པ་ནས་བརྒྱད་པའི་བར། །སྒོམ་ལམ་རྣམ་པར་དག་པར་བཤད། །ཅེས་དང་། དབང་རྫས་དག་གི་ཁྱད་པར་ནི། །མགོ་ལ་འདོགས་པའི་མེ་ཏོག་ཕྲེང་། །སྤྱི་བོར་དག་པའི་ཆུ་ཡིན་ནོ། །དེ་ཡང་བུམ་པའི་བྱེ་བྲག་ལས། །རིན་ཆེན་དང་ནི་ཐོད་སོགས་ཕྲེང་། །མགོ་ལ་བཅིངས་པའི་དབུ་རྒྱན་ཡིན། །དཔྲལ་བར་རིགས་དང་རྗེས་མཐུན་པའི། །རྟགས་ཀྱི་རྡོ་རྗེ་དེ་སྦྱིན་བྱ། །དྲིལ་བུ་ཁ་ཡི་ཐད་སྦྱིན་བྱ། །མིང་ལ་དབང་རྫས་དག་པའི་མཚན། །དམ་ཚིག་རྡོར་དྲིལ་ལག་ཏུ་སྦྱིན། །གསོར་བསིལ་སྒྲ་དང་བཅས་པའོ། །ཕྱག་རྒྱའི་བདག་པོས་ཕྱག་རྒྱར་བསྒོམ། །དབུགས་དབྱུང་བ་དང་ཡོན་ཏན་བརྗོད། །ལུང་བསྟན་པ་ལ་ཆོས་གོས་དབྱིབས། །ཕྱིར་མི་ལྡོག་ལ་དེ་ཉིད་བསྟན། །ཞེས་དང་། ཕྲེང་བ་ཡི་དམ་རྒྱལ་བའི་དབང་། །ཆུ་ཁམས་མི་བསྐྱོད་རྣམ་པར་དག །དབུ་རྒྱན་རིན་ཆེན་མཉམ་ཉིད་དེ། །རྡོ་རྗེ་ཀུན་རྟོག་འོད་དཔག་མེད། །དྲིལ་བུ་བྱ་གྲུབ་གདོན་མི་ཟ། །མིང་ནི་ཆོས་དབྱིངས་སྣང་མཛད་སྐུ། །རྡོ་རྗེ་བརྟུལ་ཞུགས་སེམས་དག་བྱེད། །དྲིལ་བུ་དག་ནི་རྣམ་དག་སྟེ། །ཕྱག་རྒྱ་དམ་ཚིག་ལུས་དག་པའོ། །ཡང་། རྡོ་རྗེ་ཐབས་ཀྱི་ངོ་བོ་སྟེ། །དྲིལ་བུ་དེ་


JKT004_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཤེས་རབ་སྦྱང་། །གཉིས་མེད་ཕྱག་རྒྱའི་དམ་ཚིག་འདོད། །ཅེས་དང་། གཉིས་པ་རྟགསང་བ་བཤད་བྱ་སྟེ། །ཀྱེ་ཧོ་སྟོན་པ་རྡོ་རྗེ་འཛིན། །འདོད་ཆགས་ཆེན་པོའི་ཏིང་འཛིན་གྱིས། །འཁོར་རྣམས་བསྡུ་བ་རྣམས་མཛད་ནས། །ཡུམ་གྱི་གསང་བའི་དཀྱིལ་འཁོར་དུ། །གསང་བ་བྱང་ཆུབ་སེམས་དབང་བསྐུར། །དེ་ལྟར་དཔལ་འདུས་ལ་སོགས་པའི། །རྒྱུད་རྒྱལ་ཀུན་ལས་གྲགས་པ་རྣམས། གླེང་གཞི་ཞེས་སུ་རྣམ་པར་བཤད། །ཅེས་དང་། དཀར་དམར་སྤེལ་བ་ཕྲེང་བའི་དབང་། །ཤུ་ཀྲ་ཞེས་ཏེ་ཆུ་ཡི་དབང་། །ཚངས་སྒོར་མི་བསྐྱོད་དབུ་རྒྱན་དབང་། །ལྕེ་ལ་རྡོ་རྗེ་དེ་རྡོ་རྗེ། །རྡོར་བུམ་ཧཱུཾ་སྒྲ་དྲིལ་བུའི་དབང་། །ཨ་ཧོ་མུ་ཁ་མིང་གི་དབང་། །དམ་ཚིག་ལྕེས་ལེན་བརྟུལ་ཞུགས་དབང་། །བལྟ་བར་མི་བྱ་ལུང་བསྟན་དབང་། །ལོངས་སྤྱོད་རྩར་སྦྱར་ཕྱིར་མི་ལྡོག །བདེ་བས་བདེ་ཐབས་དབུགས་དབྱུང་བའོ། །ཞེས་དང་། ངག་གི་སྒྲིབ་པ་དེས་བྱང་ནས། །ངག་ནི་ཤིན་ཏུ་སྦྱངས་པ་སྟེ། །སངས་རྒྱས་ས་ནི་དང་པོ་ནོན། །ཞེས་དང་། གསང་བའི་དབང་ཡང་རིམ་བཞི་སྟེ། །རྡོ་རྗེ་དང་ནི་པདྨ་ནས། །དྲི་མེད་ཆུ་འབབ་བུམ་པའི་དབང་། །ཡང་ན་གང་གི་རིམ་དེ་ཉིད། །ཟླ་བ་ཉི་མ་ལྕེ་ལ་རེག །དེ་ནི་གསང་བ་གཉིས་པ་སྟེ། །བདེ་ཆེན་ལམ་སྦྱོང་གསུམ་པའོ། །ཐབས་དང་ཤེས་རབ་གཉིས་མེད་པ། །ཡེ་ཤེས་ཆེན་པོ་གཞི་པའོ། །ཞེས་དང་། །དེ་


JKT004_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསུམ་པ་བཤད་བྱ་སྟེ། །ཀྱེ་ཧོ་དཔལ་ལྡན་འདུས་སོགས་ལས། །སྔགས་ཀྱི་སྤྱོད་པ་སྤྱད་པའི་ཚེ། །འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས། །སྔགས་དང་དུས་དང་རྒྱལ་བ་ལས། །བསླངས་ཏེ་སྦས་པའི་དོན་སྟོན་པ། །དེ་ལྟ་བུ་ཡི་གླེང་གཞིའོ། །ཞེས་དང་། ཆགས་པའི་མཚན་ཉིད་ཕྲེང་བའི་དབང་། །ཆུ་འབྱུང་མཚན་ཁྲུས་ཆུ་ཡི་དབང་། །བྷག་ཙུམ་སྐྲ་བཟུང་དབུ་རྒྱན་དབང་། །པདྨར་རྡོར་བཅུག་རྡོ་རྗེའི་དབང་། །དེ་གཉིས་བསྐྱོད་པ་དྲིལ་བུའི་དབང་། །དམ་ཚིག་ཧ་སྐད་མིང་གི་དབང་། །དེ་དག་བརྟན་པ་སར་འབྱུང་བ། །བལྟས་པས་དགའ་བ་རྡོ་རྗེ་ཡི། །བརྟུལ་ཞུགས་དབང་དུ་དེ་བརྗོད་དོ། །བགད་པ་དྲིལ་བུའི་བརྟུལ་ཞུགས་སོ། །འཁྱུད་པ་དམ་ཚིག་ཕྱག་རྒྱ་ཡིན། །ཁ་ཕྲད་པ་ནི་དབུགས་བྱུང་བ། །དཀུ་རྩ་མཉེ་བ་ལུང་བསྟན་ཡིན། །པདྨར་བཙུམ་བྱས་ཕྱིར་མི་ལྡོག །ཅེས་དང་། སེམས་ཀྱི་སྒྲིབ་པ་ཀུན་བྱང་སྟེ། །ཐམས་ཅད་ཀུན་མཁྱེན་ཡེ་ཤེས་ལྡན། །སངས་རྒྱས་ས་གཉིས་ནོན་པ་སྟེ། །རྡོ་རྗེ་འཛིན་པའི་ས་ཞེས་ཟེར། །ཞེས་དང་། འབྲས་བུ་དགའ་བ་བཞི་བསྐྱེད་དེ། །ལྷ་སྦྱིན་བརྡ་འཕྲད་བུམ་པའི་དབང་། །དེ་ཡི་འབྲས་བུ་དགའ་བ་བསྐྱོད། །བྷག་ཙུམ་སྐྲ་བཟུང་དབུ་རྒྱན་དབང་། །དེ་ཡི་འབྲས་བུ་དགའ་བ་བསྐྱེད། །པདྨར་རྡོར་བཅུག་རྡོ་རྗེའི་དབང་། །དེ་ཡི་འབྲས་བུ་མཆོག་དགའ་བསྐྱེད། །རྡོ་རྗེ་དང་བསྐྱོད་དྲིལ་བུའི་དབང་། །


JKT004_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འབྲས་ལྷན་ཅིག་དགའ་བ་བསྐྱེད། །དམ་ཚིག་ཧ་སྐད་མིང་གི་དབང་། །བདེ་བ་ཆེན་པོ་སྐྱེད་པར་བྱེད། །ངོ་བོ་འབྲས་བུ་དབྱེར་མེད་དོ། །ཞེས་དང་། རིམ་པ་ཐ་མ་བཤད་བྱ་སྟེ། །ཀྱེ་ཧོ་དཔལ་ལྡན་འདུས་སོགས་པར། །འཁོར་གྱི་བྱང་ཆུབ་སེམས་དཔའ་ཡི། །གསང་བའི་ཡི་གེ་མཐོང་བ་ཡི། །སྐལ་པ་བདག་ཉིད་མེད་ཅེས་དུས། །སྟོན་པ་ཡི་གེ་རྣམ་དག་ཅེས། །ཡི་གེ་ལས་དབེན་མཚན་ཉིད་གསུངས། །བཞི་པའི་གླེངས་གཞིར་ཤེས་པར་བྱ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །བདེ་བར་གཤེགས་པའི་ཐུགས་ལ་གནས། །ཆོས་ཀུན་སེམས་ལ་གནས་བྱས་ཏེ། །སེམས་ནི་ཡེ་ནས་རྣམ་པར་དག །དེ་ཕྱིར་ཆོས་ཀུན་རྣམ་པར་དག །དེ་ནི་གནས་ཀྱི་བླ་མར་གསུངས། །དུས་གསུམ་གཅིག་སྟེ་ཁྱད་མེད་ཅིང་། །གང་དུ་དུས་གསུམ་དབྱེར་མེད་པ། །དེ་ནི་བླང་དོར་མེད་པའི་དུས། །མཆོག་ནི་བླ་མ་དེ་རབ་གསུངས། །སློབ་དཔོན་མ་མཐོང་སེམས་ཉིད་མཐོང་། །རང་སེམས་བླ་མར་སྣང་བའི་ཕྱིར། །ཀུན་གྱི་སློབ་དཔོན་སྐལ་པ་བཟང་། །གཉིས་མེད་སློབ་དཔོན་དམ་པའོ། །འགྲོ་ཀུན་དབྱིངས་ལས་སྐྱེས་པས་ན། །རྡོ་རྗེ་སེམས་དཔའི་སྤུན་ཡིན་ཏེ། །བསམ་གྱིས་མི་ཁྱབ་ཡུལ་སློབ་པ། །རྒྱལ་བའི་སྲས་ཀྱི་དམ་པར་བཤད། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པར་ཐུགས་ཆུད་པ། །གཉིས་སུ་མེད་པའི་ཡེ་ཤེས་གང་། །


JKT004_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །འདི་ཡི་གཞུང་ཐོས་མིག་ཕྱེ་བ། །དཀྱིལ་འཁོར་མཐོང་བ་དོན་རྟོགས་ཡིན། །རྟོགས་ནས་གོམས་བྱེད་འཇུག་པ་སྟེ། །མངོན་དུ་གྱུར་པ་དངོས་གྲུབ་ཡིན། །གཉིས་མེད་ཡེ་ཤེས་དབང་འགྱུར་བས། །མྱ་ངན་འདས་པ་འཁོར་བ་ལ། །ཇི་ལྟར་འདོད་པར་དབང་བསྒྱུར་བས། །རིག་པ་རང་དབང་མཆོག་ཏུ་བཤད། །འདི་དབང་ཐོབ་པའི་རྣལ་འབྱོར་ནི། །བསྒྱུར་བའི་དབང་ལ་ཐོགས་པ་མེད། །ཇི་སྙེད་ཐེག་པ་རབ་འབྱམས་ཀྱི། །དབང་བསྐུར་རྣམ་གྲངས་ཇི་སྙེད་ཀུན། །གསང་བའི་དབང་དུ་གསུངས་པ་ཡི། །ཡང་དག་པ་ཡི་གྲངས་ལས་འདས། །མཉམ་པ་ཡེ་ཤེས་ཆེན་པོ་ཉིད། །གཅིག་དང་དུ་མ་ལས་གྲོལ་ཕྱིར། །གནས་དང་གནས་མིན་དམིགས་དབྱེ་མེད། །སྒོ་གསུམ་དབྱེ་བ་རྡུལ་ཙམ་མེད། །གཉིས་མེད་ཡེ་ཤེས་ཆེན་པོ་ལས། །སྒྱུ་འཕྲུལ་བྲལ་བ་མི་འགོགས་ཕྱིར། །ཐབས་དང་ཐབས་བྱུང་ཐབས་བསམ་ཡས། །ཐབས་ཀྱི་ནང་ནས་མཆོག་ཏུ་གསུངས། །རང་རིག་ཡེ་ཤེས་རྒྱལ་བ་ཉིད། །ཁམས་གསུམ་འཁོར་བ་ཉིད་ཡིན་ཕྱིར། །འདི་ལ་སྒྲིབ་དང་མི་སྒྲིབ་ཅེས། །མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །སྒྲིབ་པ་ཉིད་ནི་བྱང་ཆུབ་ལ། །འཁོར་བ་ཉིད་ནི་མྱ་ངན་འདས། །དབྱེ་བ་མེད་པའི་ས་མཆོག་གིས། །ས་ཡི་ཁྱད་པར་ཟིལ་གྱིས་ནོན། །ཐམས་ཅད་ས་ཉིད་ཡེ་ཤེས་དང་། །བརྗོད་པའི་ཐ་སྙད་ཡུལ་


JKT004_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས། །རང་བཞིན་གྱིས་ནི་འོད་གསལ་ཞིང་། །རྫོགས་པ་ཆེན་པོའི་མཐར་ཐུག་པ། །མན་ངག་ཀུན་གྱི་མཆོག་གི་མཆོག །དེ་སྒྲུབ་ཐབས་དང་གསུངས་པར་ཟད། །དཔེར་ན་གླང་པོ་རྙེད་གྱུར་མ། །གླང་པོའི་རྗེས་ནི་མི་བཙལ་ལྟར། །རང་རིག་ཡེ་ཤེས་མངོན་སུམ་ན། །མཚན་མའི་རྟགས་ནི་འཁྲུལ་པའི་གཞི། །ཡང་དག་དོན་ནི་བརྡ་ལས་འདས། །མཚོན་པར་བྱ་བའི་ཡུལ་མིན་ཡང་། །འཛུབ་མོས་ཟླ་བ་བསྟན་པ་ལྟར། །བརྡ་ཡི་སྒོ་ནས་འཇུག་པ་ཡིན། །སྣང་དང་སྲིད་པ་ཇི་སྙེད་པ། །སྐུ་གསུང་ཐུགས་ཀྱི་རྫས་ཡིན་པས། །ལྷག་པར་སྤངས་ན་བླང་དང་བྲལ། །ཡེ་ཤེས་རྗེས་ཀུན་ལས་གྲོལ་བཤད། །རང་གི་དོན་ལ་མངོན་སུམ་ན། །རང་རིག་ཁོ་ན་ཙམ་དུ་ཟད། །རང་རིག་དེ་ཡང་འདི་སྙམ་ཞེས། །བརྗོད་པའི་ཐ་སྙད་རྣམས་དང་བྲལ། །འདི་ནི་དགོངས་པའི་མཆོག་ཏུ་གསུངས། །རིག་པ་རང་དབང་གྱུར་པ་ནི། །སྲིད་པ་གསུམ་ན་འགྲན་ཟླ་མེད། །འོག་མ་རྣམས་ཀྱི་གཉེན་པོར་ཆེ། །ནུས་པ་མང་པོའི་བྱེ་བྲག་ལྡན། །རྒྱུ་དང་འབྲས་བུ་དབྱེར་མེད་པས། །རྒྱུ་འབྲས་ཐ་སྙད་ཡོངས་ཀྱིས་བྲལ། །རྒྱུ་ཡི་ནང་ནའང་མཆོག་ཡིན་ཏེ། །འབྲས་བུའི་ནང་ནའང་དེ་མཆོག་གོ །དབང་གསུམ་བྱེ་བྲག་ལས་གྲོལ་ཕྱིར། །བཞི་བའི་དབང་ཞེས་གྲགས་པ་སྟེ། །རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་གསང་། །ཐམས་ཅད་མཁྱེན་པར་འདིར་།


JKT004_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །འོན་ཀྱང་ཀུན་མཁྱེན་མ་ཐོབ་པར། །དེ་ཉིད་ཉེ་བར་ཡང་མི་འགྱུར། །འོན་ཀྱང་འདི་ཡི་དབྱེ་བ་ཡིས། །དེ་ཉིད་ཐོབ་བྱའི་གནས་སུ་འགྱུར། །དེ་ལས་རིམ་པ་མཆོག་ཡིན་པས། །སྒྲུབ་པོ་རྣམས་ཀྱིས་ནན་ཏན་བྱའོ། །སློབ་དཔོན་རྣམས་ནི་མ་མཉེས་ཤིང་། །དབང་རྣམས་རིམ་གྱིས་མ་བགྲོད་པར། །སྔགས་སྤྱོད་སྒྲུབ་པ་རྩོམ་བྱེད་ན། །དེ་འབྲས་མེད་ཅིང་ངན་སོང་ལྟུང་། །ཞེས་དང་། །གང་ཞིག་དབང་ཨཱི གི་རིམ་པ་ནི། །བླ་མ་གཞན་ལས་རྫོགས་བླངས་ལ། །མན་ངག་གི་ནི་རིམ་པ་ནི། །བླ་མ་གཞན་ལས་བླང་དུ་རུང་། །དབང་དང་མན་ངག་མ་བགྲོད་པར། །གླེགས་བམ་ལ་བརྟེན་ཤེས་རབ་ཀྱིས། །གང་ཞིག་མན་ངག་རིམ་རྙེད་ན། །དེ་ནི་སྔོན་སྦྱངས་འཕྲོ་ཅན་ནོ། །དེས་ཀྱང་བླ་མ་དག་པ་ལ། །དབང་གི་རིམ་པ་བགྲོད་པ་གཅེས། །ཞེས་དང་། དེ་ནས་བུམ་པའི་དབང་ལ་ཡང་། །དབང་རྣམས་བཞིར་ནི་ངོས་གསུངས་ཏེ། །བུམ་པའི་བུམ་པ་ཐུན་མོང་སྟེ། །གསང་དབང་ཁྱད་པར་གུས་པའོ། །ཤེས་རབ་ཡེ་ཤེས་སྦས་པ་གཉིས། །དེ་ལྟར་རྣམ་གསུམ་བུམ་པ་ཡང་། །ཡོད་མེད་མཐའ་ལས་ཡང་དག་གྲོལ། །བུམ་པའི་དབང་ནི་བཞི་པ་ཡིན། །ཞེས་དང་། ཤ་མིག་དག་འགྱུར་སྔ་ལྟས་སུ། །ཅི་མཐོང་འདྲི་བའི་ཆོ་ག་བྱ། །ཞེས་དང་། ནུས་པའི་ཚད་ནི་རྣམ་པ་ལྔ། །དྲི་མ་འཁྲུད་དང་སྒྲིབ་སྦྱོང་དང་། །ལས་བྱེད་པ་དང་འབྲས་བུ་ལ། །མངོན་


JKT004_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱོགས་དང་བདུད་བཞི་ནི། །འཇོམས་པའི་ནུས་པས་བརྗོད་པ་སྟེ། །ཕྲེང་བས་མ་དག་དྲི་མ་དང་། །མོས་པའི་སྤྱོད་པས་སྒྲིབ་པ་འཁྲུ། །འདོད་ལྷ་མཉེས་པའི་ལས་ཡིན་ཏེ། །འབྲས་བུ་མཐོང་བའི་ལམ་ལ་ཕྱོགས། །ཡི་དམ་དངོས་གྲུབ་ཉེ་བ་ཡིན། །གཟུང་འཛིན་ཕུང་པོའི་བདུད་རྣམས་བཅོམ། །ཆུ་དང་དབུ་རྒྱན་གྱི་ནུས་པས། །འཁོར་འདས་དྲི་མ་རྣམ་གཉིས་འཁྲུ། །ས་ནི་དང་པོའི་སྒྲིབ་པ་དག །ལས་ནི་རྡོ་རྗེ་རིན་ཆེན་གྱིས། །རིགས་ཀྱི་ང་རྒྱལ་བྱེད་པ་ཡིན། །འབྲས་བུ་སྒོམ་ལམ་ཕྱོགས་པ་དང་། །རྡོ་རྗེ་དང་ནི་རིན་ཆེན་གྱིས། །ཐུན་མོང་དངོས་གྲུབ་གྲུབ་པ་ཡིན། །ཉོན་མོངས་པ་ཡི་བདུད་རྣམས་བཅོམ། །རྔོ་རྗེ་དྲིལ་བུ་བདག་པོ་ཡིས། །གཡེང་བ་ལྔ་ཡི་དྲི་མ་འཁྲུ། །ས་གཉིས་པ་ནས་བརྒྱད་པ་ཡི། །བར་གྱི་སྒྲིབ་པ་སྦྱངས་བ་ཡིན། །པདྨ་ལས་དང་སངས་རྒྱས་ཀྱི། །རིགས་ཀྱི་ང་རྒྱལ་ལས་བྱེད་ཡིན། །འབྲས་བུ་མཐར་ཕྱིན་ལ་ཕྱོགས་ཤིང་། །གསུམ་པོའི་ཐུན་མོང་གྲུབ་པ་ཡིན། །འཆི་བདག་བདུད་བཅོམ་ཚེ་ལ་དབང་། །བརྟན་བྱེད་དབང་གི་རིམ་པ་ཡིས། །གཡེང་བ་ཕྲ་མོའི་བག་ཆགས་འཁྲུ། །ལས་ནི་བརྟན་པར་བྱེད་པ་སྟེ། །བརྟུལ་ཞུགས་ཀྱི་ནི་མེ་ཏོག་བསྟན། །ཆུ་དང་དབུ་རྒྱན་དམ་ཚིག་གིས། །བུམ་པ་བརྟན་པར་བཀའ་སྩལ་གྱི། །རྡོ་རྗེ་དྲིལ་བུའི་ལུང་བསྟན་གྱིས། །དབུགས་དབྱུང་བས་ནི་བདག་པོའོ། །ཡང་ན་ཀུན་


JKT004_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐམས་ཅད་དོ། །སངས་རྒྱས་ས་ལ་མངོན་ཕྱོགས་དང་། །དངོས་གྲུབ་བརྟན་བྱེད་འབྲས་བུའོ། །ལྷ་ཡི་བདུད་བཅོམ་བུམ་པ་ཡིན། །ཞེས་དང་། ནུས་པའི་ཚད་ཀྱང་དེ་བཞིན་དུ། །ཇི་སྙེད་ངག་གི་དྲི་མ་འཁྲུ། །བུདྡྷའི་སར་སྒྲིབ་ཤིན་ཏུ་དག །ཤེས་རབ་ཐབས་ཀྱི་ང་རྒྱལ་བྱེད། །ཆོས་ཀུན་རོ་གཅིག་མཚོན་པར་ནུས། །སངས་རྒྱས་པ་ནི་མངོན་དུ་ཐོབ། །ཐབས་ཀྱི་ཕྱག་རྒྱས་ཕུང་པོ་འཇོམས། །ཉོན་མོངས་ཤེས་རབ་མ་ཡིན་ཏེ། །འཆི་བདག་གཉིས་སུ་མེད་པ་ཡིས། །སེམས་འཕྲོས་པས་ནི་ལྷ་ཡི་བདུད། །འཇོམས་པ་གསང་བའི་ནུས་པའི་ཚད། །ཅེས་དང་། འདི་ལ་ཡང་ནི་དབང་བཞི་ཚང་། །ལྷ་སྦྱིན་བརྡ་ཕྲད་ལ་སོགས་པ། །བུམ་པའི་དབང་དུ་འདོད་པ་ཡིས། །པད་དང་རྡོ་རྗེ་ཕྲད་པ་སོགས། །གསུམ་པའི་གསང་བའི་དབང་ཡིན་ནོ། །ཞུ་སྟེ་བདེ་བ་བབས་པ་ནི། །གསུམ་པ་ཡི་ནི་གསུམ་པ་ཡི། །དགའ་བྱེད་བདེ་བྱེད་བཞི་པར་འདོད། དེ་ནི་གསུམ་པའི་བཞི་པར་འདོད། །དེ་ནི་གསུམ་པའི་རྣམ་གྲངས་ཡིན། ཞེས་དང་། །ནུས་པའི་ཚད་ཀྱང་དེ་བཞིན་ཏེ། །དེས་ནི་སེམས་ཀྱི་དྲི་མ་འཁྲུ། །རྡོ་རྗེ་འཛིན་པའི་སྒྲིབ་པ་དག །ཕྱག་རྒྱ་བརྟེན་པའི་ལས་དང་ནི། །བདེ་སྐྱིད་ཐོབ་པར་ནུས་པ་ཡིན། །འབྲས་བུ་རྡོ་རྗེ་འཛིན་པ་སྟེ། །རང་གི་རིག་པས་རིག་པ་འཛིན། །བདེ་ཆེན་ཉོན་མོངས་བདུད་བཅོམ་སྟེ། །ལོངས་སྤྱོད་གནས་སུ་ཕུང་པོའི་བདུད། །


JKT004_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨ་ཙཀྲར་ལྷ་བདུད་བཅོམ། །སྤྲུལ་པར་འཆི་བདག་བདུད་བཅོམ་སྟེ། །དགའ་བཞིས་བདུད་བཞི་རྣམ་པར་འཇོམས། །དམ་ཚིག་འཁོར་ལོ་ཕུང་པོ་འཇོམས། །པདྨར་རྡོར་བཅུག་ཉོན་མོངས་འཇོམས། །རྡོ་རྗེ་དང་བསྐྱོད་ལྷ་བདུད་འཇོམས། །བདེ་བ་འབེབས་པས་འཆི་བདག་འཇོམས། །ཞེས་གསུངས་ཏེ། འདི་ནི་སློབ་དཔོན་ཨིནྡྲ་བྷཱུ་ཏིས་མཛད་པ་དེའོ།། ༈ །།སློབ་དཔོན་ལ་བྷཱི་ཀཱ་རས་མཛད་པའི་རྩ་ལྟུང་འགྲེལ་པར། བྱང་ཆུབ་སེམས་དེར་བདེ་གཤེགས་བཀའ་ལས་འདས། །བྱམས་སྤོངས་ཐེག་གསུམ་སྨོད་དང་ཆོས་ཡིད་རྣམས། །ཐུགས་ཀྱིའོ། །སློབ་དཔོན་བརྙས་དང་ལྷ་ཉིད་ཕུང་པོ་སྨོད། །དམ་ཚིག་མི་བསྟེན་ཤེས་རབ་སྨོད་པ་རྣམས། །སྐུའིའོ། །མི་བསྔགས་བརྗོད་དང་དད་ལྡན་སེམས་སུན་འབྱིན། །གདུགས་ལ་ཆགས་བྲལ་ཆོས་གཉིས་གསང་བ་སྟོན། །གསུང་གིའོ། །ཞེས་དང་། ཉན་ཐོས་རྣམས་ཀྱི་ལུས་ངག་གཙོ་བོར་གྱུར་པའི་སྤང་བྱ་བདུན་གྱི་མཚན་ཉིད་དང་། །བྱང་ཆུབ་སེམས་དཔའི་སྙིང་རྗེ་གཙོ་བོར་གྱུར་པའི་སྤང་བྱ་བཅུ་ཡི་མཚན་ཉིད་དང་། །གསང་སྔགས་རྣལ་འབྱོར་ཆེན་པོའི་ཐབས་དང་ཤེས་རབ་% གཙོ་བོར་གྱུར་པའི་སྤང་བྱ་བཅུ་བཞིའི་མཚན་ཉིད་དང་། ཞེས་སོ།། ༈ །།ཇོ་བོ་རྗེས་རྩ་ལྟུང་འགྲེལ་པ་ལས། །དེ་ལ་ལྟུང་བ་དང་པོ་གཉིས་པའི་ངོ་བོ་རྒྱུ་གཅིག་སྟེ། བླ་མ་ལ་བརྙས་ཤིང་བདེ་བར་གཤེགས་པའི་


JKT004_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ལས་འདས་པ་སྟེ། དེ་ཡང་། །བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་དང་། སྤུན་ལ་ཉེས་པ་བརྗོད་པ་དང་། བྱམས་པ་སྤངས་པ་གཉིས་ལྟུང་བའི་ངོ་བོ་གཅིག་ལ། འབྱུང་བའི་རྒྱུ་ཡང་གཅིག་སྟེ། དེའི་རྒྱུ་ནི་སྔོན་དུ་ཐུན་མོང་གི་ལམ་བྱམས་སྙིང་རྗེ་མ་སྦྱངས་པས་སེམས་ཅན་ལ་ཕན་འདོད་པ་དང་། གཅེས་པར་འཛིན་པའི་བློ་མེད་པ་དེའི་དབང་གིས་གནོད་ཅིང་སྨོད་པ་ལ་སོགས་པའི་རྐྱེན་ཕྲ་མོ་མི་བཟོད་དེ། དེའི་ཕྱིར་སྤུན་ལ་ཉེས་པ་བརྗོད་ཅིང་སེམས་ཅན་ལ་བྱམས་པ་སྤངས་པས་དེས་དེ་གཉིས་ངོ་བོ་གཅིག་སྟེ་གཞན་ལ་གནོད་པར་འདྲ་བས་སོ། །ཞེས་དང་། བྱང་ཆུབ་ཀྱི་སེམས་སྤོང་བ་དང་གྲུབ་པའི་མཐའ་སྤངས་པ་གཉིས་རྒྱུ་དང་ངོ་བོ་གཅིག་སྟེ། རྒྱུ་ནི་བྱམས་པ་དང་སྙིང་རྗེའི་སྟོབས་ཀྱིས་བྱང་ཆུབ་སེམས་བརྟན་པར་མ་བྱས་པར་བླངས་སུ་ཟིན་ཡང་མི་བརྟན་ཏེ། ཞེས་སོགས་དང་། གསང་བ་སྒྲོགས་པ་དང་ཕུང་པོ་སྨོད་པ་གཉིས་རྒྱུ་དང་ངོ་བོ་གཅིག་སྟེ། རིམ་གྱིས་མ་སྦྱངས་པའི་ཕྱིར་སྣོད་དུ་མ་གྱུར་པ་ལ་གསང་བའི་དོན་གྲུབ་པར་གནས་པའི་དོན་ལྟ་བ་རྣམ་པ་གཉིས་ལ་སོགས་པ་བསྟན་པས་ཕུང་པོ་ལྷའི་བདག་ཉིད་ལ་སོགས་པ་བསྐྱེད་པའི་གོ་རིམ་སྤངས་པས་རྒྱུ་དང་ངོ་བོ་གཅིག་གོ །ཞེས་དང་། ཆོས་ལ་ཡིད་གཉིས་ཟ་བ་དང་། གདུག་ལ་བྱམས་སེམས་གཉིས་རྒྱུ་དང་ངོ་བོ་


JKT004_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྟེ། །དེ་ཡང་སེམས་ཅན་ཐམས་ཅད་རང་བཞིན་གྱིས་དག་པ་འོད་གསལ་དང་ཟུང་དུ་འཇུག་པའི་རང་བཞིན་དུ་གཅིག་པས་ཐེ་ཚོམ་ཟ་སྟེ། འཁོར་བ་དང་ཞི་བའི་ཕྱག་རྒྱ་ཆེན་པོ་ཟུང་དུ་མ་རྟོགས་པའི་དབང་གིས་གདུག་པ་ཅན་གནོད་ཅིང་དམོད་པ་ལ་སོགས་པའི་བྱང་ཆུབ་ཀྱི་རྟེན་དུ་དབྱུག་པ་བརྡེག་པ་ལ་སོགས་པ་དྲག་ཤུལ་གྱི་སྦྱོར་བས་ཕན་པ་མ་ཡིན་པར་བསྒྲུབས་པས་རྒྱུ་དང་ངོ་བོ་གཅིག་གོ། །མིང་སོགས་བྲལ་བའི་ཆོས་ལ་དེར་རྟོགས་པ་དང་། དད་ལྡན་སེམས་སུན་འབྱིན་པ་རྒྱུ་དང་ངོ་བོ་གཅིག་སྟེ། མིང་ལ་སོགས་པ་བྲལ་བ་ནི་གྲུབ་པའི་གནས་པའི་དོན་ནམ་མཁའ་ལྟ་བུའི་རང་བཞིན་འོད་གསལ་བ་ལ་དངོས་པོ་མཚན་མར་བརྟགས་པའི་རྒྱུས་དེ་ལ་དད་པའི་སེམས་ཅན་དབང་པོ་རབ་དང་ལྡན་པ་རྣམས་སུན་འབྱིན་ཏེ། མ་ཞུགས་པ་ལ་མི་འཇུག་ལ། ཞུགས་པ་བཟློག་ཅིང་བརྟན་པར་མི་བྱེད་པས་སོ། །དམ་ཚིག་མི་བསྟེན་པ་དང་ཤེས་རབ་སྨོད་པ་གཉིས་ཀྱང་། བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་མི་བསྟེན་པ་ནི་ཤེས་རབ་སྨོད་པའི་རྒྱུ་ཡིན་ཏེ། དེ་ལ་སྨོད་པ་ཉིད་དེ་སྤོང་བའི་རྒྱུའོ། །ཞེས་སོ། །གཞན་ཡང་། དེ་ལྟར་བཅུ་བཞི་པོ་བསྡུ་ན་གསུམ་སྟེ། ཐུན་མོང་གི་བྱང་ཆུབ་ཀྱི་སེམས་མི་ཉམས་པར་བྱེད་པ་དང་། ཁྱད་པར་བྱང་ཆུབ་སེམས་མི་ཉམས་པར་བྱེད་པ་དང་། དེ་གཉིས་ཀ་མི་ཉམས་པར་བྱེད་པའོ། །ཞེས་གསུངས་ཏེ།


JKT004_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། སྤུན་ལ། བྱམས་སྤོང་། བྱང་སེམས་འདོར་བ། གྲུབ་མཐའ་སྨོད་པ། གདུག་ལ་བྱམས་སྤོང་ལྔ་དང་། ལྷག་མ་ནི་གཉིས་པ་དང་། དང་པོ་གཉིས་ནི་གསུམ་པར་བཤད་དོ། །ཡང་། དེ་ནི་ལྟ་སྒོམ་། སྤྱོད་གསུམ་གྱི་རང་བཞིན་ཡང་ཡིན་ཏེ། ཆོས་ལ་ཡིད་གཉིས་དང་། མིང་སོགས་བྲལ་ལ་དེར་རྟོག་སྤངས་པ་ལྟ་བ་རྣམ་གཉིས་རྟོགས་པའོ། །དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་དང་བདུན་པ་དང་བརྒྱད་པ་དང་བཅུ་པའི་དགུ་སྤངས་བས་སྒོམ་པའི་མན་ངག་དང་། སེམས་སུན་འབྱིན་པ་དང་། དམ་ཚིག་མི་བསྟེན་པ་དང་། ཤེས་རབ་སྨོད་པ་གསུམ་གྱིས་དགུ་སྤངས་ཤིང་སྦྱངས་པས་སྤྱོད་པའོ། །ཞེས་སོ།། ༈ །།སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་རྩ་ལྟུང་རྒྱ་ཆེར་འགྲེལ་ལས། སངས་རྒྱས་ཡེ་ཤེས་ཞབས་ཀྱི་གསུང་དྲངས་པ། །རྣལ་འབྱོར་བཞི་པའི་ཆོ་ག་དང་། །སྣང་སྲིད་སྒྱུ་° མའི་སྦྱོར་བ་ཡིས། །འགྲོ་འཆག་ཉལ་དང་འདུག་པ་རྣམས། །སྐུ་གསུང་ཐུགས་ཀྱི་མཛད་པའོ། །བྱེད་དང་སྨྲ་དང་སྤྱོད་པ་རྣམས། །བྷ་ག་ལས་ནི་གཡེང་མི་བྱ། །ཟས་ནི་བདུད་རྩིར་རབ་དམིགས་ལ། །ཐ་དད་མེད་པའི་དཀྱིལ་འཁོར་དུ། །ཕྱི་ཡི་སྦྱིན་སྲེག་ཚུལ་དུ་ནི། །རྟག་ཏུ་ཚོགས་ཀྱི་མཆོད་པ་བྱ། །འགྲོ་བ་རང་བཞིན་དག་པ་ཡིས། །དབང་བསྐུར་བ་ཡི་ཆོ་ག་ནི། །ཕྱི་ཡི་ཆུས་ཀྱང་བཀྲུ་བར་བྱ། །ཉལ་ན་ཤེས་


JKT004_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

རབ་སྙིང་རྗེས་ཉལ། །ལྡང་ན་དཔལ་ལྡན་གླུ་ཡིས་བསྐུལ། །ཐམས་ཅད་རང་བཞིན་དག་པ་ཡིས། །དག་པའི་ལྷ་དང་གནས་སུ་སྣང་། །སེམས་ཉིད་ཅིར་ཡང་སྣང་བའི་ཕྱིར། །བདེ་སྡུག་མཐའ་ལས་རྣམ་པར་གྲོལ། །ཞེས་དང་། སྒྱུ་འཕྲུལ་དྲྭ་བ་ལས་དྲངས་པ་དེ་བཞིན་འཁོར་བའི་ཕ་རོལ་གྱི། །ཆོས་ཀྱི་ལམ་ནི་བསྐྱེད་པས་ནས། །ཆོས་དང་ཆོས་མིན་རྣམ་སྤངས་ལ། །བྱང་ཆུབ་བདེ་བ་འཐོབ་པ་བཞིན། །དེ་བཞིན་རྣམ་རྟོག་དྲ་སྤངས་ལ། །ཤིན་ཏུ་ཟབ་མོའི་ཆོས་སྤེལ་ཏེ། །དེ་བཞིན་གཤེགས་པས་གསུངས་ལམ་ལ། །སྔགས་རིག་རྣམ་རྟོག་མ་བྱེད་ཅིག །ཅེས་དང་། འདི་ཡི་སྤྱོད་པ་ལ་གནས་པས། །སྤྲོས་བཅས་མེད་ཅིང་མཉམ་བདག་མེད། །བྱ་དང་བྱེད་དང་རྩོལ་ལས་འདས། །དག་དང་མ་དག་དངོས་པོ་རྣམས། །སྒྱུ་མ་བཞིན་དུ་དངོས་མེད་པར། །བརྟག་པས་དབེན་པས་བླང་དོར་མེད། །འདོད་ཆགས་ལ་སོགས་མི་སྤངས་ཏེ། །གཞན་གྱི་སངས་རྒྱས་སྒྲུབ་མི་བྱེད། །ཡོད་མེད་རྟག་ཆད་མཐའ་ལས་འདས། །ཁ་དོག་དབྱིབས་མེད་ལུས་ངག་མེད། །སྲོག་རྩོལ་རིམ་དང་གཅིག་ཅར་སྤངས། །ཡི་གེ་མཚན་མ་ཕྱག་རྒྱ་མེད། །ཕྱོགས་བཅུ་གང་ལའང་གནས་མི་བྱེད། །གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས། །དམ་ཚིག་སྡོམ་པ་དཀྱིལ་འཁོར་མེད། །དེ་ཉིད་བཅུ་ལ་རྣམ་མི་རྟོག །བསྒོམ་བྱ་སྒོམ་བྱེད་བསྒོམས་པ་མེད། །སངས་རྒྱས་སེམས་ཅན་


JKT004_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྩོལ་བྲལ། །རྒྱུ་འབྲས་ལམ་ལ་སོགས་པ་སྤངས། །རྒྱུ་དང་མི་རྒྱུའི་དངོས་རྣམས་ལ། །ནམ་མཁའ་བཞིན་དུ་རྟོག་མི་བྱེད། །མཆོད་རྟེན་གླེགས་བམ་ལ་སོགས་སྤངས། །བདུད་དང་དངོས་གྲུབ་གཉིས་སུ་མེད། །རང་རིག་ཤེས་བརྗོད་ཡུལ་ལས་འདས། །སྦྲ་དང་བརྡ་དང་དབང་པོ་ཡིས། །འདི་ལ་བསྟན་བྱ་རྡུལ་ཡང་མེད། །རྟོག་གེའི་སྤྱོད་ལས་འདས་པ་སྟེ། །དམ་པའི་རྗེས་འབྲང་རང་གིས་རིག །མཐོང་བ་མེད་པའི་དམ་པ་མཐོང་། །རྗེས་སུ་ཤེས་པ་སྒྱུ་མ་བཞིན། །རབ་མཐའི་ཤེས་པ་རྟོགས་གོམས་པས། །རྟོག་མེད་གཞན་དོན་ནོར་བུ་བཞིན། །སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས། །ཐུབ་པའི་ཡོན་ཏན་དཔག་བསམ་ཤིང་། །སྟོན་དུས་སྐད་ཅིག་གིས་རྫོགས་ལྟར། །དེ་ཕྱིར་དེ་ལ་གསང་བ་འདུས། །བཞི་པའི་དབང་གིས་རབ་ཏུ་རྒྱན། །དེ་ཉིད་དཔལ་མཆོག་དང་པོ་སྟེ། །རྡོ་རྗེ་སེམས་དཔའ་མཐར་ཕྱིན་ལམ། ཞེས་བཤད་པའི་ཕྱིར་འདི་ནི་མཐར་ཕྱིན་པའི་སྤྱོད་པ་སྟེ། མཉམ་པར་བཞག་པའི་སྤྱོད་པ་ཆེན་པོའོ། །ཞེས་དང་། ལྷ་དང་དྲང་སྲོང་བདེན་པའི་ངག །གང་ལ་སྦྱོར་བའི་ནུས་པ་ཡང་། །བསླུ་བར་བྱེད་པ་མ་མཐོང་ན། །ཡེ་ཤེས་ཆགས་པ་མི་མངའ་བའི། །སྨོན་ལམ་སྙིང་རྗེས་གཞན་དོན་འཇུག །ཐམས་ཅད་མཁྱེན་པས་སྨོས་ཅི་དགོས། ཞེས་དང་། །རྣམ་ཤེས་འཕོ་བ་ནི་རྣལ་འབྱོར་པ་འཆི་བ་ཤེས་རབ་ཀྱི་ཕ་རོལ་


JKT004_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པའོ། །འཆི་བའི་ཚེ་བདེན་པ་གཉིས་ཀྱི་ཚུལ་གྱིས་སྒྱུ་མའི་བློ་དང་ལྡན་པས་ཆགས་སྡང་ལ་སོགས་པ་མེད་པས་དཀྱིལ་འཁོར་གསལ་བར་བྱས་ལ་དྲི་མ་ལས་ལྡང་བ་སྔོན་དུ་འགྲོ་བས། སྲོག་འཕྲོག་པའི་རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ཏེ། རང་གི་ཡེ་ཤེས་དང་མི་གཉིས་པར་བྱས་ཏེ། འོད་ཟེར་གྱིས་ཁམས་གསུམ་དག་པར་བྱས་ལ་དཀྱིལ་འཁོར་ལ་བལྟས་ཏེ། ཐབས་དང་ཤེས་རབ་ཀྱི་ཟློདབུས་སུ་རང་གི་ཡི་གེར་བསྡུས་ལ། རང་གི་དེ་ཉིད་ཀྱི་ཐུགས་ཀར་འོད་ཟེར་དང་བཅས་པས་འཇུག་པར་བྱའོ། །གཞན་དུ་ན་ཉེས་པ་དང་བཅས་པའོ། །ཞེས་སོ། །གཞན་ཡང་ཚུལ་འདི་ལ་ཟབ་ཅིང་རྒྱ་ཆེ་བའི་ལེགས་བཤད་རྨད་དུ་བྱུང་བ་དུ་མ་ཡོད་ཀྱང་འབྲིར་མ་ལྡང་སྟེ་རྟོགས་པར་འདོད་པ་རྣམས་ཀྱིས་ནན་ཏན་དུ་བལྟ་ཞིང་བཟུང་ནས་སྤེལ་བར་བྱའོ།། ༈ །།ཡང་དེས་མཛད་པའི་གསལ་བ་ཐམས་ཅད་སྤྱིའི་ཆོ་ག་སྙིང་པོ་རྒྱན་ལས། །རྩོད་པའི་དུས་ནི་འདི་ཉིད་ན། །རྣམ་རྒྱས་ཉོན་མོངས་དབང་གིས་ནི། །སློབ་དཔོན་སྐྱོན་ལས་ཡོན་ཏན་དག །ཤས་ཆེར་གྱུར་པ་རྣམ་པར་བཟུང་། །ཞེས་དང་། དེ་ཉིད་བཅུ་ནི་ཤེས་གྱུར་པའི། །བརྟུལ་ཞུགས་འཛིན་པ་ཡོན་གནས་སུ། །དབང་བསྐུར་རབ་གནས་སྦྱིན་སྲེག་དང་། །ཚོགས་ཀྱི་འཁོར་ལོ་སོགས་དཔོན་དུ། །གོས་དཀར་ཅན་ནི་མི་དགའོ། །ཞེས་དང་། ཉིན་མཚན་ཀུན་ཏུ་རབ་བསྒྲིམས་


JKT004_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཉེས་པའི་གནས་ནི་ཤེས་པར་བྱ། །གལ་ཏེ་ལྟུང་སོགས་བྱུང་གྱུར་ན། །ཡི་གེ་བརྒྱས་ནི་བྱིན་གྱིས་བརླབ། །ཇི་སྲིད་དུས་ལས་མ་འདས་པར། །དག་པའི་ལས་ལ་ཉེར་གནས་བྱ། །འགྱོད་བཅས་ཉེས་པ་འཕེལ་མི་འགྱུར། །ཞེས་དང་། །བསྟན་པའི་དོན་ལས་མ་གཏོགས་པར། །རིགས་རྒྱུད་རབ་ཏུ་འཕེལ་འདོད་པས། །ན་ཆུང་བདེ་ལ་བརྐམ་པ་ཡིས། །སྔགས་པ་རྟག་ཏུ་ཉམས་པར་འགྱུར། །ཞེས་དང་། ཉོན་མོངས་པས་ནི་ཟིལ་གནོན་ཞིང་། །གལ་ཏེ་དམ་ཚིག་ལས་འདས་ན། །སྡུག་བསྔལ་མང་པོ་སྐྱེ་འགྱུར་ཏེ། །དེ་བས་དག་པའི་ལས་རྣམས་སྤྱད། །ལྟུང་སོགས་ཉེས་པའི་རིམ་པ་ལས། །དང་པོར་བདག་སེམས་སུན་ཕྱུང་སྟེ། །ཡུལ་མདུན་སྙན་གསན་ཕབ་ནས་ཀྱང་། །གསུམ་བསླངས་གསུམ་གྱི་སྦྱོར་བ་ལས། །སྡོམ་གསུམ་འགལ་བ་ཉམས་པ་བཤགས། །བདེ་གཤེགས་ཀུན་གྱི་སྙིང་པོ་བྱ། །དཔྲལ་བ་སྙིང་ཁར་ཕྱག་རྒྱ་སྔགས། །སྡིག་པ་ཐམས་ཅད་རྣམ་དག་བྱེད། །ཕྱི་ནང་ལྷ་དབང་བདུད་རྩིས་བཀྲུ། །ཧཱུྃ་ཨོཾ་ཡི་གེ་གསུམ་གྱིས་བསྡུ། །ལྟེ་བར་གྲུ་གསུམ་མེ་ཡིས་བསྲེགས། །དམིགས་པས་སྟོང་པ་མི་དམིགས་གསུམ། །རང་གི་ཆོ་ག་བཞི་ཡི་དབང་། །ཚོགས་ནི་འདུ་བའི་དཀྱིལ་འཁོར་ལ། །མཁྱེན་པར་གསོལ་ཏེ་གནང་བ་ནོད། །རྟེན་ལ་སྨེ་བཤགས་བཟླས་པར་ལྡན། །ཞིང་ཁམས་ཁ་དོག་ལྔ་ལྡན་པ། །ཆོ་ག་བཞིན་


JKT004_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དབུལ་བར་བྱ། །ཆེ་དང་ཙིཏའི་སྦྱོར་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །དུས་མིན་འཆི་བའང་བསླུ་བར་འགྱུར། །དེ་བས་མཆོད་རྟེན་ལས་རྣམས་བྱ། །ཏིལ་ལ་སྡིགས་པའི་གཟུགས་དམིགས་ཏེ། །མེ་ཡི་ལས་ཀྱིས་རྣམ་པར་སྦྱང་། །ཉེས་པའི་རིམ་པ་ཤེས་བྱས་ནས། །གཏོར་མས་དག་པ་ཉིད་དུ་བྱ། །ཇི་སྐད་བཤད་པའི་དམ་ཚིག་རྣམས། །གང་དུ་ཉམས་པར་གྱུར་པ་དེས། །རང་གི་ལྷ་ཡི་སྙིང་པོའི་སྔགས། །འབུམ་ཕྲག་གསུམ་དུ་བཟླ་བཟླས་བརྗོད་བྱ། །ཡང་ན་ཁ་དོག་དབྱིབས་མེད་ཅིང་། །རིགས་དང་མཚན་མ་མི་དམིགས་ཤིང་། །རྣམ་ཐར་ཆགས་སོགས་ལས་གྲོལ་བ། །ཟབ་མོའི་བསམ་གཏན་ཉིད་དམིགས་བྱ། །ཡང་ན་བཤེས་སོགས་རྒྱར་ཆུད་ཅིང་། །རང་གི་ལས་ཀྱིས་འཆི་འགྱུར་དང་། །རྐྱེན་ཟད་པ་ཡི་སེམས་ཅན་རྣམས། །དག་པའི་དོན་ཕྱིར་སྲོག་བསྐྱབ་བྱ། །གཞན་ཡང་མདོ་སོགས་གསང་བའི་བཀའ། །མ་ལུས་པ་ནི་བཀླགས་པ་དང་། །མཆོད་ཅིང་རབ་ཏུ་གནས་བྱས་ན། །སྡིག་པ་ཀུན་དང་བྲལ་བར་འགྱུར། །མེ་དང་ཆུ་དང་སྦྲུལ་གདུག་དང་། །སེང་གེ་སྟག་དང་ཆོམ་རྐུན་དང་། །གླང་ཆེན་སྨྱོ་དང་ཤ་ཟ་དང་། །བཀྲེན་དང་རྒྱལ་པོའི་ཆད་པ་དང་། །ནད་དང་སྤ་བཀོང་ཞུམ་པ་དང་། །འདོད་བྲལ་གྲགས་པ་མ་ཡིན་དང་། །སྐལ་ངན་རབ་ཏུ་འཇིག་བྱེད་ཅིང་། །བགེགས་མེད་འཚེ་བ་མེད་པ་དང་། །


JKT004_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་གྱིས་རབ་དགོངས་ཤིང་། །རྡོ་རྗེ་འཛིན་རྣམས་བསྲུང་བ་དང་། །ཞི་སོགས་མི་སྣང་ལ་སོགས་དང་། །རྡོ་རྗེ་ཡེ་ཤེས་ཐོབ་བྱེད་ཅིང་། །སྐྱེ་བོ་ཀུན་གྱིས་བཀུར་འགྱུར་བ། །དེ་ལྟའི་ཡོན་ཏན་འཐོབ་བྱེད་པའི། །བླ་མ་ལ་ནི་བཀུར་སྟི་དང་། །རྙེད་པ་དང་ནི་རིམ་གྲོ་དང་། །གུས་པ་ཆེན་པོས་རབ་བརྟེན་ནས། །སྡིག་ཀུན་རྣམ་དག་བདག་ཉིད་འགྱུར། །དཔའ་བོས་དོན་ཡོད་རྡོ་རྗེ་ཅན། །བསྙེན་སོགས་རིམ་པ་སྔོན་འགྲོ་བས། །ཆོ་ག་རབ་ཏུ་རྫོགས་བྱས་ནས། །དཀྱིལ་འཁོར་བཞེངས་ཏེ་བདག་འཇུག་གོ །ཡང་ན་རྒྱུ་ཡི་ནང་ཞུགས་དང་། །ཡང་ན་མིག་བཙུམ་གྱུར་པའམ། །ཡང་ན་སྐུ་གཟུགས་ལ་བལྟས་ཏེ། །རྒྱལ་བའི་ཚོགས་ལ་རྣམ་གཏད་ནས། །སྟོང་ཕྲག་ལྔར་ནི་སངས་རྒྱས་ཀྱི། །སྙིང་པོ་རབ་ཏུ་བཟླས་པར་བྱ། །དཀར་པོའི་བརྒྱད་དང་བཅོ་ལྔ་ལ། །དག་པའི་བདག་ཉིད་བྱས་ནས་ཀྱང་། །རྒྱ་ཆེན་མཆོད་པ་སྔོན་འགྲོ་བས། །བཟླས་བརྗོད་བརྟན་པ་བྱས་ནས་ནི། །སྡིག་པ་ཐམས་ཅད་རྣམ་དག་པར། །རྒྱལ་བ་དམ་པས་གསུངས་པས་ན། །ཐེ་ཚོམ་དང་ནི་བྲལ་འགྱུར་བས། །སྔགས་པས་རྟག་ཏུ་སྤྱད་པར་བྱ། །མཚན་མོ་མི་ཉལ་རྣལ་འབྱོར་གྱིས། །མཁའ་ལ་རྒྱལ་བའི་ཚོགས་དམིགས་ཏེ། །ཕུང་པོ་གསུམ་པའི་མདོ་སྡེ་དག །གལ་ཏེ་ཆོ་ག་བཞིན་སྤྱད་ན། །ཁ་ན་མ་ཐོ་སྦོམ་པོ་ཡང་། །ཟླ་བ་གསུམ་གྱིས་རྣམ་དག་པར། །


JKT004_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པས་གསུངས་པ་ཤེས་བྱས་ཏེ། །དད་པ་ཡིས་ནི་ཀུན་ཏུ་སྤྱད། །སངས་རྒྱས་ཀུན་གྱི་སྐུ་གཅིག་པོ། །པད་དཀར་ཟླ་བའི་དབུས་གནས་ཤིང་། །རྡོ་རྗེ་དྲིལ་བུས་རྒྱན་སྤྲས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཤིང་། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་པ། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །རང་ཉིད་ལྷ་ཡི་རྣལ་འབྱོར་གྱིས། །དག་པའི་བླ་མ་བསྟེན་བྱས་ཏེ། །སྐུ་དང་གསུང་ཐུགས་རྒྱལ་བ་ཡི། །རྡོ་རྗེ་བཟླས་པ་ཉེར་གནས་ན། །རྣམ་དག་ལམ་གྱི་རང་བཞིན་འགྱུར། །སེམས་ངལ་སོས་ནས་རང་གི་ལུས། །བདག་པོའི་རང་བཞིན་གནས་བྱས་ཏེ། །འཁོར་ལོ་དྲུག་གམ་བཞི་གཅིག་གཉིས། །ཆར་བྱ་རྐྱང་པའི་གནས་ཉིད་ལས། །བདེ་སོགས་རྣམ་པར་ཡང་དག་གནས། །དག་པ་ལ་དམིགས་དག་པར་འགྱུར། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །རལ་གྲི་ཕྲ་བའི་བདག་ཉིད་བསམ། །སེམས་བརྟན་ཚུལ་ལ་གནས་བྱས་ན། །སྡུག་བསྔལ་བསྐྱེད་རྩ་ཀུན་ལས་གྲོལ། །མདོར་ན་ལུས་ངག་སྤྱོད་པ་ཀུན། །རབ་ཏུ་བསྒྲིམས་དང་ལྡན་པ་ཡིས། །གཉེན་པོའི་སྡོམ་པ་ལ་སེམས་ཤིང་། །མཆོད་སོགས་རྣལ་འབྱོར་ཚུལ་ལྡན་ན། །


JKT004_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་ཀུན་དང་རྣམ་བྲལ་ཞིང་། །དཔའ་བོས་ལམ་ནི་རྫོགས་པར་བྱེད། །རྟག་ཏུ་བར་མེད་པར་གནས་ན། །ཉེས་པ་ཆུང་དུ་ཕྲ་མོ་ཡང་། །སྦྲུལ་གྱི་མཆེ་བས་བཏབ་བཞིན་དུ། །ལུས་ངག་སེམས་ནི་ཉམས་པར་བྱེད། །དེ་ཡི་དབང་གིས་སྡུག་བསྔལ་དང་། །འཚོ་བ་དག་ནི་འབྱུང་འགྱུར་ཞིང་། །ལམ་ལས་ཉམས་པ་ཉིད་དུ་འགྱུར། །དེ་བས་རྡོ་རྗེ་སློབ་དཔོན་ནས་བརྩམས་ཏེ་རིམ་གྱིས་ལྕི་བ་རྣམས་ཤེས་པར་བྱ་ཞིང་དྲི་མ་ལས་ལྡང་བར་བྱའོ། །ལས་ཀྱི་དཀྱིལ་འཁོར་གཅིག་ཏུ་ཞུགས་པ་ལ་སོགས་པའི་ཉེས་པ་ཕྲ་བའི་ཕྲ་བ་རྣམས་ཀྱང་རྣལ་འབྱོར་པས་ཡལ་བར་དོར་བར་མི་བྱའོ། །ཞེས་དང་། བར་འདིར། དྲང་སྲོང་བི་ཤྭ་མི་ཏྲ་སོགས་དང་། བྲམ་ཟེ་སྟོང་ཉིད་བློ་སོགས་ཀྱིས་བསྐྱེད་རྫོགས་ཐབས་ཤེས་ཕྱོགས་རེ་ལ་བསྔགས་པ་རྣམ་བཀག་ནས། གཉིས་ཀ་སྒྲུབ་པའི་འཕྲོས་དོན་མང་ཙམ་འདུག་སྟེ། དག་པའི་ཆོ་ག་རྣམ་པར་ཕྱེ་བ་སྟེ་གསུམ་པ་ལས་སོ། །སྡིག་པ་ཐམས་ཅད་རྣམ་དག་ཅིང་། །རྒྱ་ཆེར་འབྲས་ལ་ཉེར་སྦྱོར་བ། །རྣལ་འབྱོར་སྤྱོད་པའི་མཆོག་རིམ་དག །ཉ་སོགས་བརྒྱད་ལ་རབ་ཏུ་སྤྱད། །ཅེས་དང་། དཔའ་བོ་རྣམས་ཀྱིས་ལོངས་སྤྱོད་ཕྱིར། །སྐྱེས་པའི་ཐོད་པ་ཆ་གཅིག་པར། །མ་དཱ་ན་ནི་རབ་ཏུ་བརྟག །དཔའ་བོ་རྣམས་ཀྱིས་ལོངས་སྤྱོད་ཕྱིར། །གཡས་པ་རྩེ་གསུམ་ཕྱག་རྒྱ་ཡིས། །ཤ་ཆེན་པོ་ནི་ལེགས་བཟུང་སྟེ། །


JKT004_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་སྟེང་འོག་ཏུ་བྱས་ནས། །ཚིག་འདིས་དམ་ཚིག་རབ་ཏུ་བརྟག །གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་མི་བྱ་སྟེ། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་ཏུ་རྟོགས་ལ་ཟོ། །སྐུ་གསུང་ཐུགས་ཀྱི་ཡི་གེ་ལས། །སོ་སོ་རུ་ནི་མངོན་བརྗོད་ནས། ཨ་ལ་ལ་ཧོ་མཐར་སྭཱ་ཧཱ། །དཔའ་བོ་བསམ་གཏན་བརྟན་འཛིན་ཅིང་། །པདྨའི་སྐོར་བ་སྔོན་འགྲོ་བས། །གཡས་གཡོན་སྟེང་འོག་བྱས་ནས་ནི། །ཚིག་འདི་ཡིས་ནི་བླང་བར་བྱ། །འདོད་ཆགས་དྲི་མ་བྲལ་བ་ཡི། །རིན་ཐང་མེད་པ་ལེགས་འོངས་ཆོས། །གཟུང་དང་འཛིན་པ་རྣམ་སྤངས་པ། །དེ་ཁོ་ན་ལ་ཕྱག་འཚལ་ལོ། །འབྲུ་གསུམ་པོ་ནི་མངོན་བརྗོད་ཅིང་། །གཙོ་བོས་གནང་བ་བྱིན་ནས་ནི། །དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས། །རང་གི་ལོངས་སྤྱོད་གང་ཡིན་པ། །སོ་སོར་རབ་ཏུ་སྤྱད་བྱས་ནས། །དེ་ནས་ཀུན་ལ་ཐུན་མོང་ངོ་། །ཆང་ནི་དཔའ་མོས་མ་སྤྱད་པར། །དཔའ་བོ་ལ་ནི་སྐལ་མེད་དེ། །ཤ་ལ་དེ་བཞིན་དཔའ་བོས་སོ། །ཞེས་དང་། བླ་མས་རྗེས་སུ་གནང་མིན་པར། །གླུ་དང་གར་སོགས་མི་བྱའོ། །ཇི་ལྟར་མཆོད་དང་ལོངས་སྤྱོད་དག །ཚིམ་པ་རུ་ནི་མ་བྱས་པར། །བྲེ་མོའི་གཏམ་དང་འདུ་འཛིའི་སེམས། །རྣམ་པ་ཀུན་ཏུ་མི་བྱ་སྟེ། །བྱས་ན་དམྱལ་སོགས་འབྲས་ཐོབ་འགྱུར། །འཚོད་ཚེ་གཞུང་དང་ངུ་འབོད་དེ། །སྲེད་པས་


JKT004_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དྭགས་ངེས་པར་འགྱུར། །རང་གི་བསམ་གཏན་བྲལ་གྱུར་ན། །དུད་འགྲོའི་གནས་སུ་ལྟུང་ཕྱིར་དང་། །བསམ་པ་རབ་ཏུ་བརྟན་པ་ཡིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་། །ས་གསུམ་པོ་ནི་རབ་ཏུ་མཆོད། །ཞེས་དང་། རི་དང་ཉི་ཟླ་གླིང་བཞི་པོ། །བཛྲ་རེ་ཁེ་ཧཱུྃ་བརྗོད་ནས། །དག་པའི་སེམས་ཀྱིས་དབུལ་བར་བྱ། །ཞེས་དང་། དཔའ་མོ་མཆོག་གི་སེམས་དམིགས་ནས། །རང་གི་ལྷ་ཡི་བསམ་གཏན་གྱིས། །ས་ནི་སྐྱོན་དང་བྲལ་གྱུར་པ། །བརྐོས་ཏེ་རབ་ཏུ་སྤྱད་པར་བྱ། །རིན་ཆེན་དྲི་ཡི་ཆུར་བཅས་པས། །གོང་བུ་དག་གི་སྔོན་བྱས་ནས། །སྔགས་འདིས་བྱིན་གྱིས་བརླབ་པར་བྱ། ན་མོ་བྷ་ག་ཝ་ཏེ་བེ་རོ་ཙཱ་ན་པྲ་བྷཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ་སམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སུམྦྷེ་སྭཱཀྵ་ས་མེ་ས་མེ། ཤཱནྟི་དནྟེ་ཨ་ས་མཱ་རོ་བེ། ཨ་ནཱ་ལཝེ། ཏ་རསྦེ་ཡ་ཤོ་བ་ཏི་མཧཱ་ཏེ་ཛ་ནི་རྭ་ཀུ་ལེ། ནིརྭ་ཎེ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨདྷིཥྛ་ན། ཨ་དྷི་ཥྛཏེ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་མངོན་བརྗོད་པས། །སྐུ་ཡི་དེ་ཉིད་རབ་དྲན་བྱ། །དེ་ནས་དུམ་བུ་ཅི་རིགས་པར། །ཆོས་གང་རྒྱུས་འབྱུང་སོགས་བརྗོད་ནས། །རྒྱས་ནི་རབ་ཏུ་གདབ་པར་བྱ། །དེ་ནས་མགོན་པོ་རྣམ་སྣང་གསལ། །གངས་ཆེན་མཚོར་ནི་རབ་དམིགས་ནས། །མཆོད་དེ་མེ་ཏོག་རབ་ཏུ་དོར། །འགྲོ་བ་བཟུང་ཕྱིར་གསོལ་བཏབ་ནས། །རྒྱ་ཆེར་ཡོངས་སུ་བསྔོ་བར་བྱ། །ཆོས་གང་རྒྱུས་འབྱུང་


JKT004_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ། །ཐམས་ཅད་དུ་ནི་བསྔགས་པར་བྱ། །དེས་ནི་འགྲོ་བའི་འཚོ་བྱེད་ཅིང་། །སྡིག་ཀུན་རྣམ་དག་བྱེད་པ་དང་། །ལས་དང་ཡང་དག་གྲུབ་སྟེར་བའི། །ལས་ལ་དགའ་དང་ལྡན་པ་ཡིས། །སྔགས་པས་རྟག་ཏུ་འབད་པར་བྱ། །ཞེས་དང་། གཟར་བུ་ལ་སོགས་མི་འབྱོར་ན། །གཡས་པའི་མཐེ་བོས་མཐའ་མནན་ཏེ། །གཡོན་གྱི་སོར་མོ་ལྔ་གཞིབས་ནས། །མཆོད་སྦྱིན་རབ་སྤྱད་དེ་ནས་ནི། །ཅི་བདེ་བར་ཡང་གསུངས་པ་ཉིད། །ཅེས་དང་། འཁོར་བའི་རྒྱ་མཚོ་སྲིད་པའི་རྦ་རླབས་དྲག་པོ་དང་ལྡན་ཞིང་། །ཉོན་མོངས་སྦྲུལ་དང་ཆུ་སྲིན་སོགས་ནི་གདུག་པའི་འཚེ་བར་ལྡན། །ཚེ་འདི་མི་རྟག་དབང་མེད་རྣམ་རྟོག་རླུང་གིས་གཡོས་མཐོང་ནས། །དཔལ་འབྱུང་འཆི་མེད་དམ་པའི་ཆོས་ལ་འབད་པས་ཉེར་གནས་ཀྱིས། །ཞེས་གསུངས་ཤིང་། འདིར་བླ་མ་དང་སློབ་མའི་མཚན་ཉིད་བསྟེན་ཚུལ་སོགས་ཀྱང་རྒྱས་པར་ཡོད་དོ།། ༈ །།སློབ་དཔོན་ཨ་བྷ་ཡཱ་ཀ་རས་མཛད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་གར། །སྔགས་པས་ཁྱད་པར་མཚན་མོའི་དུས། །ཞག་རེའམ་ནི་ཇི་སྙེད་པར། །ཟླ་རེ་དང་ནི་ལོ་རེ་ལ། །འཁོར་ལོ་ལས་འདས་ཉམས་པར་འགྱུར། །ཞེས་དང་། ཉེ་བར་འཚེ་མེད་དུར་ཁྲོད་དགོན། །རྫིང་བུའི་འགྲམ་དང་སྐྱེད་མོའི་ཚལ། །མཚོ་ངོགས་ཆུ་རླུང་རི་སུལ་དང་། །རང་གི་ཁྱིམ་སོགས་འབྲས་བུར་བཅས། །


JKT004_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བརྒྱད་པ་ཐོབ་གྱུར་པ། །དཔལ་ལྡན་ཆོག་ཤེས་སྙིང་རྗེ་ལྡན། །འཇིག་རྟེན་ཆོས་ལ་མི་ཆགས་ཤིང་། །སྲེད་དང་རྒྱུ་སོགས་རྣམ་པར་སྤངས། །སྙན་པར་སྨྲ་ཞིང་འཛུམ་པའི་བཞིན། །བཟོད་ཅན་བརྟན་ལ་བརྩོན་འགྲུས་ལྡན། །ཚོགས་ཀྱི་འཁོར་ལོའི་དབང་ཕྱུག་ཏུ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་གསུངས། །འཁོར་ལོ་པ་ཡང་དེ་ཉིད་ཀྱི། །སློབ་མ་སྲེད་སོགས་རྣམ་པར་སྤངས། །དབང་བསྐུར་ཐོབ་ཅིང་བློ་ལྡན་བཟོད། །བརྩོན་དང་དྲན་པ་ལ་སོགས་ལྡན། །དམ་ཚིག་སྤྱད་བྱ་སྤྱོད་པ་རྣམས། །རྒན་པའི་རིམ་པ་བཞིན་དུ་འདོད། །དབང་མ་ཐོབ་པས་མི་རིག་པར། །སྒྲུབ་པོས་འཁོར་ལོ་དེ་བྱའོ། །ཞེས་དང་། བླ་མའི་ཆོ་ག་, ཤེས་ཤིང་དྲན། །བརྩོན་འགྲུས་བཟོད་དང་ལྡན་པ་དང་། །བླ་མ་ལ་གུས་བློ་མཐུན་པ། །ལས་ཀྱི་རྡོ་རྗེར་དེ་རབ་བསྔགས། །ཞེས་དང་། དེ་ནས་རང་ཁ་ཧོམ་ཁུང་དུ། །རྣམ་རིག་བ་ལའི་མཆོད་ཡོན་བྱ། །ལག་པ་དགང་གཟར་བླུགས་གཟར་གྱིས། །ཡིད་ཀྱི་མེ་ལ་སྟོབ་སོགས་བསྲེག །ནང་གི་བདག་ཉིད་སྦྱིན་སྲེག་གིས། །རང་འདོད་ལྷ་ནི་ཚིམ་པར་བྱ། །གླུ་སོགས་ཀྱིས་ནི་མཉེས་བྱ་ཞིང་། །ཡང་དང་ཡང་དུ་བརྡ་ཚིག་སྨྲ། །ཞེས་དང་། རྒྱུན་དུ་གླུ་ནི་ལེན་པ་དང་། །གང་དུ་རྟག་ཏུ་གར་བྱེད་པ། །ཚོགས་ཀྱི་དབང་ཕྱུག་མདུན་བྱའོ། །ཞེས། ཇི་སྙེད་ལུས་ཀྱི་གཡོ་འགུལ་དང་། །ངག་གི་བརྗོད་པ་ཇི་སྙེད་ལ། །དེ་


JKT004_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་ཕྱག་རྒྱ་སྔགས་ཡིན་ཏེ། །ཧེ་རུ་ཀ་དཔལ་གོ་འཕང་གནས། །ཞེས་དང་། འདི་དང་གཞན་གྱི་རྒྱུད་གསུངས་པའི། །བྱ་བ་རྣམས་ནི་བརྡ་ལ་བྱ། །ཞེས་དང་།། ༈ །།སློབ་དཔོན་ནག་པོ་པས། ཚོགས་རྣམས་བསགས་པར་བྱ་བ་དང་། །བགེགས་རྣམས་ཞི་བར་བྱ་བའི་ཕྱིར། །བསོད་ནམས་མཐར་ཐུག་ཚོགས་འཁོར་ལོ། །ཞེས་དང་། དེ་ནས་རྣལ་འབྱོར་ཕོ་མོ་ཀུན་གྱིས་ལྷའི་དཀྱིལ་འཁོར་དུ་བལྟས་ལ་དང་པོར་དྲིས་མཆོད། དེ་ནས་མེ་ཏོག་དང་། བདུག་པ་དང་། མར་མེས་ཚུལ་བཞིན་དུ་མཆོད། ཅེས་སོ།། ༈ །།པཎྜིཏ་བཟང་པོས་བྱིན་པས། དང་པོར་འབྱུང་པོའི་གཏོར་མ་བཏང་། དེ་ནས་རིམ་བཞིན་བཞུགས་སུ་གསོལ། ཞེས་དང་། རྟག་ཏུ་བྱའམ་ཟླ་བར་རམ། །ཡང་ན་ལོ་རེ་ན་ནི་བྱ། །ལོངས་སྤྱོད་མཆོག་དང་ལྡན་པ་ལ། །ཚོགས་ཀྱི་འཁོར་ལོ་མཆོད་པར་བྱ། །ཞེས་དང་། དེ་ལྟར་ཕྱི་ཡིས་མཆོད་བྱས་ནས། །ནང་གི་མཆོད་པ་དག་ནི་བྱ། །པདྨ་ལྟ་བུར་རང་གི་ཁ། །ཧོམ་ཁུང་ཉིད་དུ་བསམས་བྱས་ལ། །དགང་གཟར་བཀང་བ་བླུགས་པར་བྱ། །ལག་པ་བླུགས་གཟར་དག་གིས་ཀྱང་། །མཆོད་རྫས་ཡང་དག་དབུལ་བར་བྱ། །ཞེས་དང་། གར་ལ་སོགས་པའི་རོལ་མོ་རྣམས། །གནང་བ་མེད་པར་མི་བྱའོ། །ཞེས་དང་། འཐབ་མོ་ལ་སོགས་སེམས་ཀྱིས་ཀྱང་། །ངེས་པ་རུ་ནི་བསམ་མི་བྱ། །ཞེས་དང་། ལྷག་མ་ཐམས་ཅད་


JKT004_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས་ནི། །ཕྱི་རོལ་ཏུ་ནི་གཏོར་མ་བཏང་། །ཞེས་སོགས་གསུངས་སོ།། ༈ །།སློབ་དཔོན་རཏྣ་རཀྵི་ཏས་མཛད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡིད་བཞིན་ནོར་བུ་ལས། དམ་ཚིག་ཉམས་པའི་སྐྱོན་སེལ་བའི། །མི་མཐུན་ཕྱོགས་རྣམས་འཇོམས་བྱེད་པ། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཅིང་། །དགེ་བའི་ཚོགས་ལ་འདུད་པ་གང་། །ཟོས་པས་དངོས་གྲུབ་འགྱུར་བ་ཉིད། །ལྷག་པའི་ལྷ་ཡང་ཚིམས་པར་འགྱུར། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །མྱུར་དུ་ལུང་བསྟན་ཐོབ་པར་བྱེད། །ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡིས། །རིམ་གྱིས་འདོད་པའི་འབྲས་བུ་འབྱིན། །ཞེས་དང་། དེ་ལ་མང་དུ་འདུས་པའི་ཚོགས། །འཁོར་ལོ་ལྷ་ཡི་རིམ་པ་ཉིད། །ཐུན་མོང་དུས་སུ་བཤད་པ་ཉིད། །ཁྱད་པར་འདི་ཡིས་ཤེས་པར་བྱ། །ཐམས་ཅད་དུ་ནི་དམ་ཚིག་གཅིག །རྟོག་པ་ཐམས་ཅད་ཡོངས་སུ་སྤངས། །བླ་མ་ལ་གུས་ཏིང་འཛིན་གནས། །སྦྱིན་སོགས་ཡོན་ཏན་རྒྱན་སྤྲས་པའི། །ཐབས་འདིས་ཚོགས་ཀྱི་འཁོར་ལོ་ལ། །གེགས་མེད་པར་ནི་རབ་ཏུ་འཇུག །ཅེས་དང་། གསང་སྔགས་ཐེག་པའི་ཆོ་ག་འདིར། །སློབ་དཔོན་རྣམ་པ་གསུམ་ཡིན་ཏེ། །ཁྱིམ་པ་དགེ་ཚུལ་དགེ་སློང་རྣམས། །ཐ་མ་འབྲིང་དང་མཆོག་ཅེས་བྱ། །ཞེས་དང་། དཀྱིལ་འཁོར་འཁོར་ལོ་འདི་ཉིད་དུ། །དམ་ཚིག་སྡོམ་པ་མ་གཅིག་ན། །འཁོར་ལོའི་དབང་ཕྱུག་དེ་ཡིས་ནི། །


JKT004_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བསྡུ་བར་མི་བྱའོ། །ཞེས་དང་། རྣལ་འབྱོར་ཀུན་སྤྱོད་ལ་སོགས་པའི། །འཁོར་ལོ་སྡོམ་པའི་རྒྱུད་ཀྱིས་ནི། །ནག་པོའི་ཕྱོགས་དང་དཀར་ཕྱོགས་ཀྱི། བཅུ་པ་ལ་ནི་དེ་རབ་མཆོད། །ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང་། །དེ་བཞིན་དུ་ནི་བརྒྱད་པ་ལ། །དཔལ་ལྡན་དགྱེས་མཛད་རྡོ་རྗེ་མཆོད། །དུས་ཀྱི་འཁོར་ལོ་ཉ་གཉིས་ལ། །གསང་བ་འདུས་པ་ཟླ་རེ་བཞིན། །ལྔ་བརྒྱད་བཅུ་དང་བཅུ་བཞི་དང་། །དེ་བཞིན་བཅོ་ལྔ་ནག་ཕྱོགས་ལའང་། །ལྔ་སྟེ་དུས་ནི་བཅུ་རུ་འགྱུར། །དེ་དག་དུས་ཀྱི་ཁྱད་པར་རོ། །འདིར་ནི་རྟག་ཏུ་ཕུན་ཚོགས་སམ། །ཇི་ལྟར་འདོད་ཅིང་ཇི་ལྟར་ནུས། །གྲུབ་པར་ནུས་ན་ཉིན་རེའམ། ལོ་ཟླ་ཀུན་ཏུ་བྱ་བའོ། །གནས་ནི་དབེན་པར་གསང་བ་ཡི། །འཁོར་ལོ་ཀུན་ཏུ་བྱ་བའོ། །ཞེས་དང་། དེ་ནས་རང་གི་ལྟེ་བར་ནི། །གང་ཞིག་དགོས་པའི་དབྱེ་བ་ཡིས། །ལྷ་ཡི་འཁོར་ལོ་གནས་པར་བསམ། །རང་གི་ལག་པ་གཡས་དང་གཡོན། །བླུགས་གཟར་དགང་གཟར་རང་གཟུགས་ཉིད། །ལྟེ་བའི་ལྷ་ལ་མཆོད་པའི་ཚུལ། །ལོངས་སྤྱོད་ཚོགས་ཀྱིས་མཆོད་པར་བྱ། །ཞེས་དང་། ཡང་བརྟག་གཉིས་ལས་དྲངས་པ། གླུ་ནི་རྣམ་དག་སྔགས་སུ་བཤད། །གར་ནི་སྡོམ་པར་བྱེད་པ་ཉིད། །དེ་ཡི་ཕྱིར་ན་གླུ་དང་གར། །རྣལ་འབྱོར་པ་ཡིས་རྒྱུན་དུ་བྱ། །ཞེས་དང་། གྲུབ་ཐོབ་བླ་མས་གསུངས་པའི་དབྱངས། །སྟོང་། །


JKT004_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྙིང་རྗེ་དབྱེར་མེད་པར། །དོན་སྟོན་རྡོ་རྗེའི་གླུ་ཉིད་དོ། །ཞེས་དང་། དེ་ནས་དཀྱིལ་འཁོར་སྡུད་པ་ན། །ལྷག་པའི་གཏོར་མ་སྦྱིན་པར་བྱ། །ཞེས་དང་། གང་ཞིག་འདི་རྣམས་ཐམས་ཅད་ལ། །དཔའ་བོ་རྐྱང་པའི་བྱ་བ་ནི། །དཔའ་བོའི་སྟོན་མོ་ཞེས་སུ་བརྗོད། །ཚོགས་ཀྱི་དབང་ཕྱུག་དེ་ལྟ་མིན། །དེ་བཞིན་དཔའ་མོ་རྐྱང་པ་ལ། །དཔའ་མོའི་དབང་ཕྱུག་སྟོན་མོ་ཉིད། །དེ་ལྟར་འཁོར་ལོའི་དབང་ཕྱུག་ལ། །ཤེས་རབ་ཐབས་དང་བཅས་པ་ཉིད། །ཅེས་སོགས་གསུངས་ཏེ་དགེ་སློང་གྲུབ་དབང་དཔལ་བཟང་པོས་བསྒྱུར་བར་སྣང་སྟེ་དོན་ཅུང་ཟད་རྒྱས་པར་ཡོད་དོ།། ༈ །།སྐུ་གསུང་ཐུགས་རབ་ཏུ་གནས་པའི་ཆོ་ག་དཔལ་དཱི་པཾ་ཀཱ་རས་མཛད་པ་ལས། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པ་སྟེ། །དམ་སྡོམ་བྱང་ཆུབ་སེམས་འབྱོངས་པས། །བསྙེན་པ་རྣམ་གསུམ་རྫོགས་བྱས་ལ། །དེ་དང་འདྲ་བའི་གྲོགས་བཅས་ཀྱིས། །དུས་ཟླ་གཟའ་སྐར་ཚེས་གྲངས་ནི། །ཉི་མའི་ཁྱིམ་ནི་བཅུ་གཉིས་ཏེ། །དགུན་དཔྱིད་ར་འབྲིང་རོ་ཧི་ཏའི། །དབུས་སུ་ཉི་མ་ལོག་ནས་ནི། །བྱང་འགྲོ་ཟླ་དྲུག་ཉིན་མོ་འཕེལ། །དེ་དྲུག་ཞི་བར་རབ་གནས་ཤིས། །དབྱར་སྟོན་ར་འབྲིང་ཟླ་དྲུག་ལྷོར། །ནག་འཕེལ་དྲག་ཉི་དེར་མི་བརྩམས། །ཞེས་དང་། ཕུར་བུ་ལག་


JKT004_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

པ་པ་ཝ་སངས། །ཟླ་བ་བཟང་ལྡན་གཟའ་དེ་ཤིས། །ཉི་སྤེན་དམག་དཔོན་ནོར་འཛོམས་ངན། །ཆུ་སྨད་སྣར་མ་གྲོ་བཞིན་དང་། །ལག་དང་སྣོན་སྣུབས་རྒྱལ་ཆུ་སྟོད། །ཁྲུམས་སྨད་སྐྱེ་དགུ་འཕེལ་བ་དང་། །རབ་ཏུ་གནས་པའི་མཆོག་ཏུ་བྱེད། །ཡིད་འདོད་དངོས་གྲུབ་མེ་བཞིན་སྟེ། །སྣུབས་དང་གྲོ་བཞིན་དེ་བཞིན་ཏེ། །ལག་གིས་སྐལ་བཟང་སྣར་མས་རྒྱལ། །མགོ་ཡིས་ཉེ་བར་ཞི་བར་བྱེད། །ཆུ་སྟོད་ཀྱིས་ནི་བུ་དག་གསོན། །ཁྲུམས་སྨད་རྟག་པར་དངོས་གྲུབ་སྟེར། །རྒྱལ་གྱིས་ཚེ་རིང་བརྟན་པར་འགྱུར། །སྔོན་གྱིས་མཆོག་ཏུ་བདེ་བར་བྱེད། །ལྷ་མཚམས་ཀྱིས་ནི་མཆོག་སྟེར་འགྱུར། །གཟའ་དང་སྐར་མ་དེ་དག་ཀྱང་། །དར་གུད་མི་རིགས་ལས་དང་སྦྱར། །ཚེས་གཅིག་གསུམ་ལྔ་དྲུག་བདུན་བཅུ། །དྲུག་མོ་ནོར་འཇོམས་སྤང་གཞན་ཤིས། །གཟའ་སྐར་ཚེས་གྲངས་མཐུན་འཛོམས་ན། །མར་གྱི་ངོ་ལའང་བྱ་བར་ཤིས། །གནམ་སྟོང་བཅུ་བཞི་ཀུན་ཏུ་སྤང་། །ཟླ་བ་གཟའ་དང་སྐར་མ་དང་། །ཉི་མ་དུས་འཛོམས་སྐད་ཅིག་ལ། །ཇི་སྐད་གསུངས་པ་བཞིན་བྱས་ན། །བསམ་པ་ཐམས་ཅད་ཡོངས་རྫོགས་ཤིང་། །རབ་ཏུ་གནས་པ་མཆོག་འགྱུར་ཏེ། །འཁོར་ལོས་བསྒྱུར་བའི་དབང་ཕྱུག་ནི། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང་། དང་པོའི་ལས་ཅན་མ་འབྱོངས་པ། །འཇིག་རྟེན་ཀུན་རྫོབ་ཐ་སྙད་དུ། །འགྲོ་བས་དེ་ཉིད་མི་ཤིས་ལ། །


JKT004_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པས་རབ་ཏུ་གནས་པར་བཤད། །དབྱེ་བ་སྒྲ་དོན་སྐྱོན་ཡོན་ལས། །བྱ་བའི་ཐབས་དང་རྣམ་པ་དྲུག །དོན་དམ་སྤྲོས་མེད་རབ་གནས་དང་། །ཀུན་རྫོབ་སྐུ་གསུང་ཐུགས་གསུམ་སྟེ། །ཡོན་ཏན་ཕྲིན་ལས་ཞོར་ལ་འབྱུང་། །དམ་ཚིག་སེམས་དཔའ་སྤྱོད་བསྐྱེད་ལ། །ཡེ་ཤེས་སེམས་དཔའ་ཡུན་རིང་དུ། །གནས་པའི་ཕྱིར་ན་རབ་ཏུ་གནས། །བྱིན་མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འབྱུང་ཞིང་། །དེ་སྲིད་མཆོད་པར་དེ་མི་འོས། ཤིས་ཞེས་དང་། རྟེན་འདི་མཐོང་བའི་སྐྱེ་བོ་ཡིས། །བསོད་ནམས་ཐོབ་པ་དོན་ཡོད་པ། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །བརྗོད་པར་ཡང་ནི་མི་ནུས་སོ། །ལས་ནི་ཡོན་བདག་བསོད་ནམས་སྤེལ། །སྔགས་པས་དགེ་བ་རྙེད་པར་བྱེད། །དེ་བཞིན་སློབ་དཔོན་སྔགས་གནས་པས། །ཆོས་ལྡན་མཆོད་པ་བྱེད་པ་གང་། །དེ་ཡིས་སྐྱེ་བར་མཆོད་པར་འགྱུར། །བྱ་ཐབས་ཆོ་ག་དག་ལས་བྱ། །ཆོ་ག་དམན་གནས་བཀྲ་མི་ཤིས། །འདིར་སྡུག་ཕ་རོལ་འཇིགས་པ་ཆེ། །དངོས་གྲུབ་འདོད་པས་ཆོ་གར་འབད། །ཆོ་གའི་ཚུལ་ལེགས་བསོད་ནམས་ནི། །མཐོང་དང་མི་མཐོང་རྣམས་སུ་སྐྱེ། །སྐུ་གཟུགས་སྔགས་ཀྱི་མཚན་ཉིད་ཀྱིས། །རྟེན་ལ་བྱིན་རླབས་འཇུག་པར་འགྱུར། །གང་ཟག་བློ་རིགས་ཐ་དད་པས། །ཡོན་མཆོད་འབྱོར་ཚོགས་ཚོགས་པ་ཡིས། །རབ་གནས་རྒྱས་པ་སྤྲོས་བཅས་བྱ། །འབྲིང་པོ་ཆོ་ག་


JKT004_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ཙམ་དང་། །བསྡུས་པ་ཏིང་འཛིན་ཐུན་གཅིག་ལ། །རྡུལ་ཚོན་ལ་སོགས་དགོས་མི་བྱ། །ཞེས་དང་། སྙིགས་མ་ལྔ་ཡི་དུས་འདི་རུ། །མཆོག་གི་སྐུ་དང་མཉམ་པ་ཡི། །སྤྲུལ་པའི་སྐུ་ནི་འདི་ཡིན་གྱིས། །ཁྱོད་ཀྱིས་མ་ཉམས་སྲུང་མཆོད་གྱིས། །ཞེས་དང་། སྤྲོས་པ་མི་དགའ་བསྡུས་པ་ནི། །བསྙེན་པ་ཆོ་ག་སྟ་གོན་དང་། །དཀྱིལ་འཁོར་བྲི་སྒྲུབ་རྟེན་གསར་ལ། །བགེགས་བསྐྲད་ཡི་གེ་བརྒྱས་བརྟན་པར། །གོང་བཞིན་སྤྱན་དབྱེ་ལ་སོགས་པ། །ནུབ་གཅིག་ལ་ནི་ཀུན་རྫོགས་བྱ། །མངའ་གསོལ་རྒྱས་པར་མ་གྲུབ་ཀྱང་། །འདིར་ནི་ཉེས་པ་མི་འབྱུང་ངོ་། །ཞེས་དང་། ཤིན་ཏུ་བསྡུས་པའི་རབ་གནས་ནི། །གཟའ་སྐར་ཚེས་གྲངས་མི་བརྩི་སྟེ། །རྡུལ་ཚོན་མི་བརྟེན་ཐུན་གཅིག་ལ། །དཀྱིལ་འཁོར་བསྒོམས་ཏེ་བརྒྱ་རྩ་བསྙེན། །བགེགས་བསྐྲད་བཀྲུ་སོགས་གོང་ལྟར་བྱ། །བསྐྱེད་དེ་སྤྱན་དྲངས་སྐུ་གསུང་ཐུགས། །བྱིན་གྱིས་རླབས་དང་དབང་བསྐུར་བ། །སྙིང་གའི་ས་བོན་འོད་ཀྱིས་ནི། །འོག་མིན་རིགས་ལྔའི་ཐུགས་ཀ་ནས། །བཀྲ་ཤིས་ལྷ་མོ་བུམ་རོལ་བཅས། །དབང་བསྐུར་རིགས་བདག་རྒྱས་གདབ་བསམ། །རྟེན་འབྲེལ་སྙིང་པོ་བརྒྱ་རྩ་རེས། །དྲི་དང་མེ་ཏོག་གཏོར་བྱུགས་ཏེ། །རང་རང་ལྷ་ལ་ཆོས་སྐུར་ཐིམ། །བསམས་ལ་རྡོ་རྗེས་མཆོད་བསྟོད་བྱ། །རྗེས་སོགས་སྤྱི་དང་མཐུན་པར་སྤྱད། །ཅེས་སོགས་ཆོ་གའི་འགྲོས་


JKT004_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འབྲིང་བསྡུས་པའི་ཚུལ་ཞིབ་ཏུ་གསལ་བར་སྣང་ངོ་། །སརྦ་ཤུབྷཾ།། ༈ །།སློབ་དཔོན་རཏྭཱ་ཀ་རའི་དབང་བསྐུར་བསྟན་པ་ལས། དེ་ལྟར་༢འདིར་ཡང་སྐུ་གསུམ་པོའི་ངོ་བོ་ཉིད་བསྒྲུབ་པར་བྱ་བ་ཡིན་པས། བསྒྲུབ་བྱ་ཇི་ལྟ་བ་དེ་ལྟ་བུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྡར་བྱས་པའི་ཕྱག་རྒྱས་བརྡ་ཇི་ལྟ་བ་བཞིན་དུ་མཚོན་པར་བྱ་བ་ཡིན་ནོ། །ཇི་ལྟར་མཚོན་ཞེ་ན། དེ་ལྟ་བས་ན་ཤེས་རབ་ཀྱི་དབང་བསྐུར་གྱི་དུས་སུ་རྡོ་རྗེ་ནོར་བུའི་རྩེ་མོར་ཕྱིན་པའི་བྱང་ཆུབ་སེམས་ཡུལ་དེ་ཉིད་དུ་མན་ངག་ཇི་ལྟ་བ་ཉིད་དང་། ཕྱོགས་གཉིས་པ་ནས་བསྟན་པའི་རིགས་པས་བསྟན་པར་བྱས་པའི་བྱང་ཆུབ་ཀྱི་སེམས་དེ་དང་ལྷན་ཅིག་སྐྱེས་པར་གྱུར་པ་གང་ཡིན་པ་རང་དང་གཞན་གྱི་སྣང་བའི་བྱེ་བྲག་དང་བྲལ་བ། མཆོག་ཏུ་བདེ་བ་ཆེན་པོ་ཙམ་དུ་རབ་ཏུ་སྣང་བ་དང་། གཉིས་སུ་མེད་པར་ཤེས་བྱ་ཐམས་ཅད་ནུབ་པར་གྱུར་པ་དག་གི་རྣམ་པར་རྟོག་པ་ལས་ཤིན་ཏུ་འདས་པའི་ངོ་བོ་རང་རིག་པ་དེར་བཏད་པ་མཐར་ཕྱིན་པ། ནམ་མཁའ་དྲི་མ་མེད་པ་ལྟ་བུའི་ཡིད་མཆོག་ཏུ་གྱུར་པའི་བདེ་བ་ཉམས་སུ་མྱོང་བར་གྱུར་པ་དེ་ནི་ཆོས་སྐུའི་མཚན་ཉིད་དོ། །དེ་ཡང་། ཇི་སྲིད་རྣལ་འབྱོར་བྱང་ཆུབ་སེམས། །གཏོང་བར་བྱེད་པ་མ་ཡིན་པ། །དེ་སྲིད་ཀུན་དགའ་ལས་བྱུང་བདེ། །ཅི་ཡང་རྒྱུན་མི་འཆད་པ་ཐོབ། །ཅེས་གསུངས་སོ། །གང་རྡོ་རྗེའི་ནང་གཡོ་བར་གྱུར་པའི་


JKT004_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་རེག་པ་ལས་བྱུང་བའི་ཡུལ་ངེས་པ་མེད་ན་ཡང་དམིགས་པའི་དབང་གིས་ཡུལ་སོ་སོར་ངེས་པ་ལྟ་བུར་ཁ་ཕྱིར་བལྟས་པའི་བདེ་བའི་རྣམ་པ་བྱང་ཆུབ་ཀྱི་སེམས་ལ་ལོངས་སྤྱོད་པའི་ཡེ་ཤེས་ནི་ཉམས་སུ་མྱོང་བ་དང་ལྡན་པས་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་དོ། །གང་ཡང་ཤེས་རབ་ཀྱི་པདྨའི་ནང་དུ་སྤྲོས་པའི་བྱང་ཆུབ་ཀྱི་སེམས་དེ་ལོངས་སྤྱོད་དུ་བྱས་པས་དེ་ཡོངས་སུ་མཉེས་པར་བྷཱུ གྱུར་པས་ན་རྡོ་རྗེ་ནོར་བུས་ཉམས་སུ་མྱོང་བ་དང་ལྡན་པས་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་དོ། །གང་ཡང་ཤེས་རབ་ཀྱི་པདྨའི་ནང་དུ་སྤྲོས་པའི་བྱང་ཆུབ་ཀྱི་སེམས་དེ་ལོངས་སྤྱོད་དུ་བྱས་པས་དེ་ཡོངས་སུ་མཉེས་པར་གྱུར་པས་ན་རྡོ་རྗེ་ནོར་བུས་ཉམས་སུ་མྱོང་བ་དེ་ནི་སྤྲུལ་པའི་སྐུའི་མཚན་ཉིད་དོ། །ཞེས་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་ཀྱང་གཉིས་སུ་མེད་པ་ཉིད་བསྒྲུབ་བྱ་ཉིད་དུ་གསུངས་པའི་ཕྱིར། ཐེག་པའི་ཁྱད་པར་ལ་ཡང་དེ་ཁོ་ན་ཉིད་ཀྱི་ཁྱད་པར་ནི་ཡོད་པ་མ་ཡིན་ཏེ། དེ་ཁོ་ན་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་དང་། དེའི་དོན་ནི་འདི་ཡིན་ཏེ། ཤེས་རབ་ཡེ་ཤེས་གང་ཡིན་པ་དེ་ཉིད་བཞི་པ་དང་སྒྲུབ་པ་ཆེན་པོ་ཞེས་བྱ་བའི་དོན་ཏེ། དེ་ཉིད་ཀྱིས། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་ཕྱིར་རོ། །ད་ལྟ་ནི་དེ་ཡི་གོ་འཕང་མཚོན་པར་བྱེད་པ་


JKT004_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཤེས་རབ་ཡེ་ཤེས་ལ་བཞི་པར་བྱ་ཞིང་། །བཞི་པ་ཞེས་བྱའི་སྒྲས་བརྗོད་པར་བྱ་སྟེ། སྒྲུབ་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས། ཡང་། རྡོ་རྗེ་རིགས་ཀྱི་ལེའུ་ལས་འདོད་པའི་དབང་བསྐུར་བ་རྣམ་པ་བཞི་ཡང་ཤེས་རབ་ཡེ་ཤེས་ཀྱི་དགོངས་པ་ཉིད་ལ་སྦྱོར་བར་བྱེད་དེ། གང་ཤེས་རབ་དང་ལྷན་ཅིག་ཆགས་པ་དང་། དགོད་པ་ལ་སོགས་པས་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ལ་མཆོད་པའི་ངོ་བོ་སློབ་དཔོན་གྱི་ལས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་སློབ་དཔོན་གྱི་དབང་བསྐུར་བའོ། །ཤེས་རབ་གང་ལ་ཆགས་པ་དང་བཅས་པས་པདྨ་འབྱེད་ཅིང་མཐོང་བ་དེ་ནི་གསང་བ་ལ་བརྟེན་པ་ཡིན་པའི་ཕྱིར་གསང་བའི་དབང་བསྐུར་བའོ། །ཤེས་རབ་གང་གི་ཡན་ལག་ཀུན་མཐོང་བ་དེ་ནི་ཤེས་རབ་ལ་བརྟེན་པ་ཡིན་པའི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །གང་གཉིས་ཀའི་བྱ་བ་ལས་བྱུང་བ་དེ་ཁོ་ནའི་མཆོག་ཚེ་ཡང་དག་པར་མཚོན་པ་གཉིས་སུ་མེད་པའི་ཡེ་ཤེས་ནི་བཞི་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ཡང་། དགོད་པ་དག་པ་སློབ་དཔོན་ཏེ། དེ་བཞིན་གསང་བ་མཐོང་བ་ཉིད། །ཡང་དག་ཀུན་ཐོབ་ཤེས་རབ་སྟེ། །དེ་བཞིན་གཉིས་ཀྱིས་བཙལ་བའོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་སོགས་སྣང་སྟེ། འདིའི་དགོངས་པ་ནི། གསུམ་པས་དྲངས་པའི་བདེ་བ་ལས་ལོགས་སུ་བཞི་པ་མི་ཕྱེ་བ་སྟེ། དགོས་པ་ནི། ཚིག་ཙམ་


JKT004_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ངོ་སྤྲོད་པའི་བཞི་པ་དོན་གྱིས་ཡེ་ཤེས་སུ་འདོད་པ་བཀག་སྟེ། ལམ་དུས་སུ་དཔེ་ཡི་ཡེ་ཤེས་ཕྱག་རྒྱ་ལས་བྱུང་བ་ཉིད་བཞི་པ་བཏགས་པ་བ་དང་། དངོས་ནི་མི་སློབ་པའི་བྲལ་འབྲས་སུ་སྐྱེ་བར་དགོངས་པར་མངོན་ནོ། །གཞུང་འདིར་སྐུ་གསུམ་དུ་ཡེ་ཤེས་ལྔ་བསྡུ་བའི་ཚུལ་ཡང་། སྒྲུབ་པ་དང་བཅས་ཀྱང་རུང་། སྒྲུབ་པ་དང་བཅས་པ་མ་ཡིན་ཀྱང་རུང་། ཆོས་སྐུ་ཙམ་ལ་མཚོན་པར་བྱེད་པ་ནི་མ་ཡིན་ནོ། །དེ་ཙམ་ཞིག་ནི་ཐེག་པ་ཆེན་པོའི་བསྒྲུབ་བྱ་མ་ཡིན་པ་ཉིད་དེ། དེ་ཙམ་ཞིག་ལ་ནི་གཞན་གྱི་དོན་ལ་སྦྱོར་བ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟ་བུ་ཞེ་ན། གཞན་ཡང་སྐུ་གཉིས་པོ་ཡེ་ཤེས་བཞིས་བསྡུས་པ་ཉིད་ཀྱང་བསྒྲུབ་བྱ་ཡིན་ནོ། །དེ་ལྟར་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། དེའི་ཡོངས་སུ་གཏོགས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བྱ་བ་ནི་གཙོ་བོར་བསྒྲུབ་པར་བྱ་བ་ཡིན་ལ། དེ་ལ་བརྟེན་ནས་རྣམ་པ་ཐམས་ཅད་དང་དོན་ཐམས་ཅད་ཀྱིས་གཟུགས་བརྙན་གྱི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་དུ་རྟོགས་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། རྣམ་པ་ཐམས་ཅད་དུ་དོན་རྟོགས་པའི་དོན་ཐམས་ཅད་དེ་བཞིན་ཡོངས་སུ་གཅོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། ཡེ་ཤེས་གསུམ་པོ་འདི་དག་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བའི་འབྲས་བུ་


JKT004_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡིན་ནོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་དུ་འགྲོ་བའི་དོན་གྱི་བྱ་བ་མཛད་པའི་མཚན་ཉིད་ཅན་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་སྤྲུལ་པའི་སྐུ་ཞེས་བྱ་བ་ཡང་འབྲས་བུ་ཡིན་ནོ། །དེ་བཞིན་དུ་གསང་སྔགས་ཀྱི་ཐེག་པར་ཡང་བརྡ་ཇི་ལྟ་བ་དང་། རྒྱུ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་རྡོ་རྗེ་འཆང་གི་རང་བཞིན་དང་། ཤིན་ཏུ་རྣམ་པར་དག་པ་དེ་ཡི་ཡེ་ཤེས་ཀྱི་ངོ་བོ་མི་བསྐྱོད་པའི་ངོ་བོ་ཆོས་ཀྱི་སྐུ་ཞེས་བྱ་བ་ནི་གཙོ་བོར་བསྒྲུབ་བྱ་ཡིན་ནོ། །དེ་བཞིན་དུ་སྣ་ཚོགས་ཀྱི་རྣམ་པར་ཐམས་ཅད་སྣང་བས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་དང་། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་དུ་རྟོགས་པ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དང་། ཉམས་སུ་མྱོང་བའི་དོན་གྱིས་རྣམ་པ་ཐམས་ཅད་ཡོངས་སུ་གཅོད་པའི་བདག་ཉིད་ཅན་སོ་སོར་རྟོག་པའི་ངོ་བོ་ཉིད་ནི་སྣང་བ་མཐའ་ཡས་ཀྱི་བདག་ཉིད་དེ། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བ། འབྲས་བུ་གཉིས་ལས་ཆོས་ཀྱི་སྐུ་ལ་བརྟེན་པ་ཡིན་ནོ། །དེ་བཞིན་དུ་སྣ་ཚོགས་ལ་ཁྱབ་པའི་འགྲོ་བའི་དོན་གྱི་བྱ་བ་མཛད་པའི་མཚན་ཉིད་ཅན། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་དོན་ཡོད་གྲུབ་པའི་རང་བཞིན་ཏེ་སྤྲུལ་པའི་སྐུ་ཞེས་བྱ་བ་འབྲས་བུ་དང་བསྒྲུབ་པར་བྱ་བ་གཞན་ཡིན་ནོ། །དེ་ལྟར་འདིར་ཡང་སྐུ་གསུམ་པོའི་ངོ་བོ་ཉིད་བསྒྲུབ་པར་བྱ་བ་ཡིན་


JKT004_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཞེས་སོགས་སྔར་དྲངས་པ་ལྟར་རོ། །འདི་ཉིད་རིན་ཆེན་འབྱུང་གནས་ཀྱིས་མཛད་པ་སྟེ། ད་དུང་ཚིག་དོན་གཉིས་ཀ་འདི་དང་འདྲ་ལ་ཁད་པ་ཞིག་སྣང་སྟེ། དེ་ནི་སློབ་དཔོན་རྒྱལ་བ་བཟང་པོ་དཔལ་སྲས་ཀྱིས་མཛད་༡༠པའོ། སྔ་མ་ནི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དང་། ཕྱི་མ་ཤཱཀྱ་བརྩོན་འགྲུས་ཀྱིས་བསྒྱུར་བར་སྣང་ངོ་། ༈ །མཁན་ཆེན་སངས་རྒྱས་ཕུན་ཚོགས་པའི་རྣམ་ཐར་ལས། ཚུལ་གནས་ཀྱི་དོན། རྩ་བཞི་ཆང་དང་ལྔ་སམ་སྦགས་ཙམ་དང་། བཤགས་སྡོམ་གང་ཆེ། ཐོས་པ་ལ། སོ་ཐར་མདོ་དབུ་ལུགས་སེམས་བསྐྱེད། ཞེན་པ་བཞི་བྲལ། དོན་བདུན་མ། སྐྱིད་སྡུག་ལམ་ཁྱེར། རྟེན་འབྲེལ་སྙིང་པོ། དབུ་མའི་ལྟར་ཁྲིད། བརྒྱད་སྟོང་། དེའི་ལྟ་བསྒོམ་སྤྱོད་པ་ཐང་སྟོང་པའི་ལུགས། རྡོ་རྗེ་གཅོད་པ། སྡུད་པ་སོགས། བྱམས་ཆོས་ལྔ། རྩ་ཤེ། སྤྱོད་འཇུག་སོགས། གཅོད་སྐོར། ས་སྐྱ། ཐོགས་མེད། བཀའ་གདམས་གླེགས་བམ། ངོར་ཆེན། མུས་ཆེན། དཀོན་མཆོག་ལྷུན་གྲུབ། ཐར་པཎ་རྣམས་ཀྱི་བཀའ་འབུམ། དབང་ལས། རིགས་གསུམ་སྤྱི། མི་འཁྲུགས་པ་སྟ་གོན་ཡོད་མེད་གཉིས། ཚེ་དཔག་ལྷ་དགུ། འཆི་མེད་རྔ་སྒྲ། ཨ་ར་པ་ཙ་ན། སྦྱོངས་དཀྱིལ། ཀུན་རིག །འཆི་འཇོམས། གསང་འདུས་ལུགས་གསུམ། གཤེད་དམར་ལྷ་ལྔ། འཇིགས་བྱེད་ར་ལུགས། ས་ལུགས། རྩྭ་ནག་


JKT004_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་གསུམ། མཁའ་འགྲོ་རྒྱ་མཚོ། ཀྱེ་རྡོར་བཀའ་བབས་བཞི། བདག་མེད་ལྷ་མོ་བཅོ་ལྔ། མགོན་པོའི་དབང་ཀ་ལྔ། གུར་སཾ་ཊ། ཕུར་པ། དྲག་དམར་རྣམས་ཀྱི་དབང་། མཁའ་སྤྱོད་རྣམ་གསུམ། །ཕག་མོ་སྐོར་གསུམ། དམར་པོ་སྐོར་གསུམ། དམར་ཆུང་སྐོར་གསུམ། ལམ་འབྲས། ཆག་མེད་བཞི། ཚར་སྒྲུབ། རྣམ་བིར། བརྡ་དོན། བདག་མེད་མ། ག་ཡ་དྷ་རའི་མགོན་རྐྱང་། བརྡ་ཚིག །པོད་མེར་དམར་སོགས། བརྒྱ་རྩ། རྒྱ་མཚོ་རྣམས་ཀྱི་རྒྱ་གཞུང་བོད་གཞུང་། སྒྲོལ་མ་ཉེར་གཅིག །དེའི་ཡིག་རྙིང་། རྣམ་རྒྱལ་འཇོམས། ནོར་རྒྱུན་མ། སེང་གདོང་སྔོ་དམར། མི་གཡོ་བ་དཀར་སྔོན། དབྱངས་ཅན་དཀར་མོ། །རྨེ་བརྩེགས་ལྗང་ནག །སྨེ་དུད། ཁྲོ་མོ་སྨེ་བརྩེགས། འཇམ་དཀར། སྨྲ་སེང་། གང་བློ་མ། ཨ་ར་པ་ཙ་ན། ཁྱུ་གཟིགས་གཙོ་བོར་གསུམ་པ། སེང་གེ་སྒྲ། བཅུ་གཅིག་ཞལ། སྒྲོལ་དཀར་འཁྲིད་བཅས། གཉན་སྒྲོལ། གཤེད་དམར། སོར་འབྲང་། ཚེ་དཔག་མེད་དཀར་པོ། རས་ཆུང་དང་། གྲུབ་ཐོབ་ལུགས། ལྕགས་སྡོང་མ། རི་ཁྲོད་མ། སྨན་བླ། གནས་བཅུ། ཀླུ་དབང་རྒྱལ་པོ། རྟ་མགྲིན། སྐྱེར་སྒང་ལུགས། ཟླ་རྒྱལ་ལུགས། ཛཾ་སེར་ནག་གུར་ལྷ་བརྒྱད། ལྷ་དགུ། ལྷ་བཅུ་གཉིས་མ། ལྕམ་དྲལ་ལྷ་གསུམ།


JKT004_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

དུད་སོལ་མ། པུ་ཏྲ། ཞོལ་བསྙེན་དུས། བྲམ་ནག །ལས་བཞི། སྒྲུབ་དུས་གཉིས། གསང་ཁྲིད། མངགས་གཏད། ཁྱུང་ཞལ། གདོང་བསྙེན་ཅན། ཕྱག་བཞི་དྲུག །དམ་ཅན་ཆོས་རྒྱལ། རིགས་བཞི། མགོན་དཀར། སྟག་ཞོན། ཏཱཀྐད། དམག་ཟོར་མ། བེཀ་ཙེ། ཚེ་རིང་མ། རྣམ་སྲས། དུར་བདག །ཞང་བློན་ཕྱི་ནང་གསང་གསུམ། ཡང་དེའི་གསང་སྒྲུབ་ལྷ་ལྔ། དཔལ་ལྷ། ཁྲིད་བརྒྱ། ནག་པོ་རིམ་བཞི། རྩ་དབུ་མ་ཡུམ་དང་སྦྱར་བ། རྭ་རྩེ་སེམས་འཛིན། རྭ་ཁྲིད། རྣལ་འབྱོར་བཞི། སྤྲོས་མེད། ཚོམ་བུ་ལུགས། བྲག་རྫོང་མ་ཕྱི་ནང་གསང་གསུམ། ཞལ་གྱི་སྐོར་མང་པོ། རྒྱུད་འབུམ་བླ་མེད་སྐོར་ཡོངས་རྫོགས། འཇིགས་བྱེད་སྐོར་ཚང་མ། གུར་ཞལ་གཉིས་ཀའི་གསེར་པོད། མེ་འབར་མ། གློ་བོ་མཁན་ཆེན་གྱི་བཀའ་འབུམ་ཐོར་བུ། དཔལ་ལྡན་དོན་གྲུབ་བཀའ་འབུམ། རྒྱུད་བཞི་* སོགས་སོ།། ༈ །།ན་མོ་གུ་ར་བེ། འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་ཤིང་ཚེ་དེ་ཉིད་དུ་མཆོག་གི་དངོས་གྲུབ་བརྙེས་པ་ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་ཡོ་གའི་སྲོལ་གཉིས་མངའ་བའི་སྐུ་ཚེའི་སྟོད་ལ་པཎྜི་ཏ་སངས་རྒྱས་ཞི་བ་ལ་གསན་པའི་སྲོལ་ནི། ཕྱག་ལེན་དང་དབང་བཀའ་ཀུན་སྙིང་ནས་བརྒྱུད་ཀྱང་བཤད་པ་ཤཱཀྱ་བཤེས་གཉེན་གྱི་ཀོ་ས་ལའི་རྒྱན་གྱི་སྟེང་ནས་མཛད་པས་ཕྱག་ལེན་དང་བཤད་པ་ཡང་


JKT004_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་མ་མཐུན་ཅིང་། སྦྱོང་རྒྱུད་ལའང་རྡོར་དབྱིངས་སོགས་ཀྱི་ཆོ་གས་རྒྱས་བཀབ། དབྱངས་ལ་སོགས་པའི་སྤྲོས་པའང་ཆེ་བར་གྲགས་སོ། །སྐུ་ཚེའི་སྨད་ལ་པཎྜིཏ་དྷརྨ་ཕ་ལར་གསན་པའི་སྲོལ་ནི། པཎྜིཏ་དེ་ཉིད་ཀུན་སྙིང་ནས་བརྒྱུད་པ་བཞི་པ་ཡིན་པས་ཐག་ཉེ་ཞིང་། ཕྱག་ལེན་དང་བཤད་པ་གཉིས་ཀ་ཀུན་སྙིང་གི་ལུགས་འབའ་ཞིག་མཛད། སྦྱོང་རྒྱུད་ལའང་ཆོ་ག་གཞན་དུ་ཁ་འཕངས་ནས་གསལ་བར་མ་བཤད་པ་རྣམས། གཙུག་དགུ་དང་དེ་ཉིད་འདུས་པ་སོགས་ནས་ཁ་བསྐངས་པ་མ་གཏོགས་རྒྱུད་ཀྱི་སྟེང་ནས་ཆོ་ག་ཐོན་པ་གཞན་དང་མི་བསྲེ་བར་རྒྱུད་ཀྱི་གོང་འོག་འཁྲུགས་བསྡེབས་ནས་སྤོས་པ་ཆུང་ཞིང་དག་པར་མཛད་དོ། །ལུགས་དེ་ཉིད་བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས་ནས་རིམ་པར་བརྒྱུད། རྗེ་བཙུན་གྲགས་པར་བཀའ་བབས། དེ་ཉིད་ཀྱིས་རྒྱུད་བཤད་ཐབས་ཀྱི་མན་ངག་གཞན་ཕན་སྤྱི་ཆིངས། རྒྱུད་ཀྱི་ས་བཅད། རྒྱུད་ཀྱི་མཆན། ལག་ཏུ་བླང་བའི་རིམ་པ་གཞན་ཕན་འོད་ཟེར། གཞན་ཕན་ཉེར་མཁོ་རྣམས་མཛད་དོ། །དེ་ལ་ཕྱིས་ཀྱི་བོ་དོང་པ་ཕྱོགས་ལས་རྣམ་པར་རྒྱལ་བ་དཔལ་འཇིགས་མེད་གྲགས་པས་རྒྱུད་ཀྱི་དོན་ལ་མ་ཞུགས་སོ། །ཞེས་བཀག་ནས། ཆོ་ག་རྒྱུད་དོན་གསལ་བ། དེ་ཉིད་ལུང་དང་སྦྱར་བ་ལུང་གི་རྣམ་ངེས། རིགས་པའི་རྣམ་ངེས་ཏེ་གསུམ་དུ་མཛད་པ་ལས། གཞན་ཕན་འོད་ཟེར་ལ་ཕྱོགས་སྔར་བྱས་པ་


JKT004_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རྩོད་ལན་ནི་ཀུན་མཁྱེན་པརུ་སི་ཧས་གཞན་ཕན་གནོད་འཇོམས་ཞེས་བྱ་བ་མཛད་ཡོད་དོ། །ཤུ་བྷཾ། །ཡང་ཀུན་རིག་ལ་ལོ་ཆེན་ནས་བརྒྱུད་པ་༢མ་གཏོགས་པ། པཎྜིཏ་དྷརྨ་ཕ་ལས་ཇོ་བོ་རྗེ་ལ་བརྒྱུད་དེ་རྩ་སྐྱ་པ་སོགས་ཀྱིས་མཛད་པའི་སྲོལ་ཏེ་འཕགས་ཡུལ་ནས་བརྒྱུད་པ་གསུམ་དང་། བོད་འདིར་གསར་དུ་བཟོས་པའི་སྔར་གྱི་སྲོལ་གཉིས། འདུལ་འཛིན་གྲགས་རྒྱལ་དུ་བོད་པས་སྐབས་དོན་དང་པོ་སྦྱོར་བ་ཆོས་སྐུའི་ཉམས་ལེན་ཆད་པ་སྟེ་ལུགས་སྲོལ་གསུམ་སྟེ་དྲུག་ཏུ་ཡོད་དོ།། ཤུ་བྷཾ། །།དཔལ་ཀྱེ་རྡོ་རྗེའི་ལུས་དཀྱིལ་གྱི་བཤད་པའི་སྐབས། ཀྱེ་རྡོར་རྩ་རྒྱུད་དང་། བཤད་རྒྱུད་ཀུན་ཏུ་ཁ་སྦྱོར་ལས་གསུངས་པའི་ལུས་དཀྱིལ་རྣལ་འབྱོར་དབང་ཕྱུག་གི་མན་ངག་སྟེ། དེ་ལའང་། སྤྱིར་དཀྱིལ་འཁོར་གྱི་སྒྲ་དོན། དཀྱིལ་འཁོར་དེའི་རབ་ཏུ་དབྱེ་བ། ལུས་དཀྱིལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། མཎྜལ་ཞེས་པའི་སྒྲ་ལས་དྲངས་ན་མ་ནུ་སཱ་ར་ནི་སྙིང་པོ་སྟེ། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའོ། །ལ་ནི་ལེན་པའམ་འཛིན་པ་སྟེ། སྙིང་པོ་བདེ་བ་ཆེན་པོ་ལེན་ཅིང་འཛིན་པས་ན་དཀྱིལ་འཁོར་ཏེ། རྩ་རྒྱུད་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། ཅེས་སོ། །གཉིས་པ་ལ་དྲུག་སྟེ། སློབ་དཔོན་ཀླུ་བྱང་


JKT004_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །རིན་ཆེན་དེ་བཞིན་ས་བོན་དང་། །མེ་ཏོག་ཚོན་དང་དེ་བཞིན་དུ། །ཕྱེ་མ་གཡོ་དང་ཕྱེ་མ་སྟེ། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་བདེན། །ཞེས་དང་། དེ་བཞིན་དུ་མངོན་བརྗོད་བླ་མར་དཀྱིལ་འཁོར་དྲུག་དང་། མན་ངག་ཐུན་མོང་མ་ཡིན་པར་ལྔ་དང་། ཐུན་མོང་དུ་བཅོས་མའི་དང་། ཁྱད་པར་དུ་དཀྱིལ་འཁོར་བཞིར་དབྱེ་བ་དང་། སློབ་དཔོན་དྲིལ་བུ་པས་དཀྱིལ་འཁོར་གསུམ་དུ་དབྱེ་བ་དང་། ཁ་སྦྱོར་ལས་དཀྱིལ་འཁོར་གཉིས་སུ་གསུངས་པ་སོགས་སོ།། །།གསུམ་པ་ལུས་དཀྱིལ་བྱེ་བྲག་ཏུ་བཤད་པ་ལ། ཕྱི་དཀྱིལ་ལས་ཁྱད་པར་འཕགས་ཚུལ། ཁྱད་པར་དུ་འཕགས་པའི་ལུས་དཀྱིལ་གྱི་སྒྲ་དོན། སྒྲ་དེ་ལྡན་ལུས་དཀྱིལ་གྱི་དབྱེ་བ། དབྱེ་གཞི་ལུས་དཀྱིལ་གྱི་མཚན་གྱི་རྣམ་གྲངས། མཚན་དེ་དང་ལྡན་པའི་ལུས་དཀྱིལ་ཉིད་གཏན་ལ་དབབ་པའོ། ༈ །རས་བྲིས་ཀྱི་དཀྱིལ་འཁོར་ལ་ཞལ་ཕྱག་རྫོགས་པར་བྲི་དགོས་ཏེ། དེ་ཡང་ཛ་ཡ་སེ་ནས། རྡུལ་ཚོན་བྲི་བར་མ་ནུས་ན། །དཀྱིལ་འཁོར་དང་མཉམ་རས་ལ་ནི། །ངེས་པར་བཅོམ་ལྡན་ཧེ་རུ་ཀ །ཕྱག་རྒྱའི་གཟུགས་དང་བཅས་པ་འབྲི། །ཞེས་སོ། ༈ །དབང་གི་ཆུ་བོའི་རྣམ་བཤད་དུ། དབང་བསྐུར་བ་རྡོ་རྗེ་ཐེག་པའི་ལམ་གྱི་དངོས་གཞིར་བསྟན་པ་དང་། དབང་མ་བསྐུར་བའི་ཉེས་དམིགས། དབང་བསྐུར་བའི་ཕན་ཡོན། བསྐུར་བྱ་དབང་སྤྱིའི་རྣམ་བཞག །ཆོ་གའི་ངོ་བོ་སྟེ་ལྔའོ། །འདིའི་


JKT004_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ལ། དབང་བསྐུར་གྱི་སྒྲ་དོན། སྤྱིའི་གྲངས་ངེས། ནང་གསེས་ཀྱི་དབྱེ་བ། དབང་གི་གོ་རིམ་མོ། །དང་པོ་ནི། ཆོ་ག་ཁྱད་པར་ཅན་ལ་བརྟེན་ནས་ཕུང་ཁམས་སྐྱེ་མཆེད་ལ་སངས་རྒྱས་ཀྱི་ས་བོན་བཏབ་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པའི་ངོ་བོ་སྟེ། སྨིན་པའི་ཚད་ནི་རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གིས། །གཟགས་དང་སྤྱད་དུ་རུང་བས་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་། །ཡོངས་སུ་སྤྱད་པ་ཉིད་དུ་སྨིན་པར་བསྟན། །ཅེས་ཕར་ཕྱིན་གྱི་ཐེག་པར་བསྟན་པ་དེ་ཉིད་ལ་སྤང་བྱ་མཐོང་སྤང་སྤོང་རུང་དང་། གཉེན་པོ་མཐོང་ལམ་སྐྱེ་རུང་ལ་སྨིན་པར་འཇོག་པ་ལྟར། རྡོ་རྗེ་ཐེག་པའི་སྐབས་འདིར་རྟེན་དེ་ཉིད་ལ་སྤང་བྱ་སྒྲིབ་གཉིས་སྤོང་རུང་དང་། ཐོབ་བྱ་མཆོག་གི་དངོས་གྲུབ་ཐོབ་རུང་དུ་འགྱུར་བ་ནི་སྨིན་པའི་ངོ་བོའོ། །དེས་ན་དབང་བསྐུར་ཐོབ་པ་དང་། སྔགས་ཀྱི་དམ་ཚིག་ཐོབ་པ་དང་། སྡོམ་པ་ཐོབ་པ་དང་། རྒྱུད་སྨིན་པར་བྱས་པ་རྣམས་དོན་གཅིག་ཡིན་ཅིང་། དབང་བསྐུར་དང་། སྔགས་ཀྱི་དམ་ཚིག་དང་། རྒྱུད་སྨིན་པའི་ངོ་བོ་རྣམས་དོན་གཅིག་གོ །ཞེས་སོ། །གཉིས་པ་ནི། གཏོར་བ་དང་། དབང་བ་སོགས་དོན་ཚན་བཞིའི་སྒོ་ནས་དག་ལྡན་ལས་འཆད་པ་ལྟར་རོ། །གསུམ་པ་ནི་རྒྱུད་སྡེ་བཞིར་དབང་མི་འདྲ་བ་བཞི་དང་། བླ་མེད་ལ་བུམ་དབང་སོགས་བཞིའོ། །ལྔ་པ་ནི།


JKT004_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཀླུས་མཛད་པའི་གསང་བ་འདུས་པའི་དཀྱིལ་ཆོག་དང་། ཀླུ་བྱང་གི་ཆོ་ག་ཉི་ཤུར་མཛད། བདེ་མཆོག་ནག་པོ་པར་སྔོན་དུ་བསྙེན་པ་དང་། དཀྱིལ་འཁོར་གྱི་སྤྱོད་པ་བདུན་དང་། བརྟུལ་ཞུགས་ཀྱི་རིམ་པ་བཅུ་བཞི་སྟེ་ཉི་ཤུ་རྩ་གཉིས་སུ་མཛད། དྲིལ་བུ་པས་རྩ་བའི་དབྱེ་བ་བཞི། ཡན་ལག་གི་དབྱེ་བ་བཅུ་བཞིར་གསུངས། ཀྱེ་རྡོར་མན་ངག་ལུགས་ལ། ཞལ་དང་འདྲ་བའི་ཆོ་གའི་གཞི་བརྒྱད། ཞབས་དང་འདྲ་བའི་ཆོ་གའི་ཆིངས་བཞི། ཕྱག་དང་འདྲ་བའི་ཆོ་གའི་ཡན་ལག་བཅུ་དྲུག །མིག་དང་འདྲ་བའི་ཆོ་གའི་གཙོ་བོ་ཉེར་བཞི་སོགས་གསུངས་པ་མ་འདྲེས་པར་རྟོགས་པར་བྱའོ། །ལྔ་པ་ཆོ་གའི་ངོ་བོ་ལ། ཞལ་དང་འདྲ་བའི་ཆོས་བརྒྱད་དེ། གཞན་དོན་དུ་སློབ་མ་རྗེས་སུ་བཟུང་བའི་ཆོ་ག །སྔོན་དུ་བསྙེན་པའི་ཆོ་ག །སའི་ཆོ་ག །སྟ་གོན་ཆོ་ག །དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པའི་ཆོ་ག །སྒྲུབ་ཅིང་མཆོད་པའི་ཆོ་ག །འཇུག་ཅིང་དབང་བསྐུར་བའི་ཆོ་ག །དཀྱིལ་འཁོར་ཆེན་པོའི་འཇུག་གི་ཆོ་གའོ། །དང་པོ་ལ། གང་ལས་གསུངས་པའི་ལུང་ཁུངས། གང་ལ་བྱ་བའི་སློབ་མ། ཇི་ལྟར་བྱ་བའི་ཆོ་ག །དེ་ལྟར་བྱས་པའི་དགོས་པའོ།། ༈ །།དཔལ་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་བྱུང་ཚུལ་ལ་དྲུག་སྟེ། སྤྱིར་རྒྱུད་སྡེ་སྒོ་དྲུག་ཏུ་དབྱེ་བ། སྒོ་དྲུག་པ་དེའི་རྩ་བཤད་ཀྱི་བཞུགས་ཚུལ། སྒོ་དྲུག་པར་འཇོག་པའི་འཐད་པ། །


JKT004_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རྒྱ་བོད་དུ་སྲོལ་ཇི་ལྟར་བྱུང་ཚུལ། དེ་ལས་ཁྱད་དུ་འཕགས་པའི་ལུགས་ངོས་བཟུང་བ། དེ་ཉིད་ཀྱི་བླ་མ་བརྒྱུད་པའི་རྣམ་པར་བཤད་པའོ། །དང་པོ་ནི། བིརླས་གུར་ལ་བརྟེན་ནས་བཞི་དང་། འགོས་ཀྱིས་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལ་བརྟེན་ནས་ལྔར་དབྱེ་བ་ནི་རང་རང་གི་སྐབས་སུ་ལེགས་པ་ཡིན་ལ། དེ་བཞིན་འདིར་ཡང་། ཇི་སྲིད་མདོ་བྱ་སྤྱོད་པ་དང་། །རྣལ་འབྱོར་གསང་མཐའི་དབྱེ་བ་ཡིས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་ཡིན། །ཞེས་དྲུག་ཏུ་མཛད་པའི་དང་པོ་ནི། བྱ་རྒྱུད་ཀྱི་ནང་ཚན་རྗེ་བཙུན་སློབ་དཔོན་རིན་པོ་ཆེས་འདི་ལྟར་དུ་གསུངས་ལ། གཉན་ཕུལ་བྱུང་བ་དང་། རྗེ་བཙུན་རིན་པོ་ཆེས་མདོ་ཞེས་པ་ཕ་རོལ་ཏུ་ཕྱིན་པ་དང་། རིག་པ་འཛིན་པའི་རྒྱུད་ལ། བྱ། སྤྱོད། རྣལ་འབྱོར། རྣལ་འབྱོར་ཆེན་པོ། །གསང་བ། གསང་བའི་མཐའ་སྟེ་དྲུག་ཏུ་མཛད་ཀྱང་། ཙོང་ཁ་པ་སོགས་ཀྱིས་གསང་མཐའ་ཞེས་པ་མི་འཐད་པའི་དགག་པ་རྒྱ་ཆེར་མཛད་ཅིང་། གསང་མཐའ་ཞེས་པ་བླ་མེད་ཀྱི་རྒྱུད་ཐམས་ཅད་ལ་བཞེད་དེ། གསང་སྔགས་ཐམས་ཅད་ཀྱི་མཐར་ཐུག་པས་སོ། །ཞེས་འདོད་དོ། །ལས་ཚོགས་གཙོ་བོར་སྟོན་པའོ། །བྱ་རྒྱུད་ནི། བདག་ཐ་མལ་དུ་གནས་པའི་མདུན་དུ་རས་བྲིས་ལ་ཡེ་ཤེས་པ་སྤྱན་དྲངས། དཀའ་ཐུབ་དང་གཙང་སྦྲ་ལ་སོགས་པའི་སྒོ་ནས་དངོས་གྲུབ་དོན་དུ་གཉེར་བ་སྟེ། ལེགས་གྲུབ་དང་དཔུང་བཟང་སོགས་སོ། །སྤྱོད་རྒྱུད་ནི། བདག་ཉིད་ཀྱང་ལྷར་བསྐྱེད་ལ། མདུན་དུ་ཡེ་ཤེས་སེམས་


JKT004_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སྤྱན་དྲངས་ཏེ། བདག་ལ་མི་བསྟིམ་པར་གོགས་པོ་ལྟ་བུའི་སྒོ་ནས་དངོས་གྲུབ་དོན་དུ་གཉེར་བ་སྟེ། མངོན་བྱང་ལ་སོགས་པའོ། །རྣལ་འབྱོར་གྱི་རྒྱུད་ནི། བདག་ཉིད་ཀྱང་ལྷར་བསྐྱེད། དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས། ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ་ཆོ་ག་ཚར་ནས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རྐྱང་པའི་སྒོ་ང་རྒྱལ། ནས་དངོས་གྲུབ་བསྒྲུབ་པ་སྟེ། དེ་ཉིད་འདུས་པ་ལ་སོགས་པའོ། །རྣལ་འབྱོར་གསང་བའི་རྒྱུད་ལ། རྣལ་འབྱོར་ཆེན་པོ་ཕ་དང་། མའི་རྒྱུད་གཉིས་ལས། ཁྱད་པར་ནི་བསྐྱེད་རིམ་དང་། རྫོགས་རིམ་བརྗོད་བྱའི་གཙོ་བོར་སྟོན་པས་དབྱེའོ། །དེ་ལ་ཕ་རྒྱུད་ལ། འདོད་ཆགས་ཞེ་སྡང་གཏི་མུག་གིས། །རྒྱུད་ཀྱང་རྣམ་པ་གསུམ་དུ་འགྱུར། །ཞེས་གསང་འཇིགས་སྒྱུ་གསུམ་མོ། །མ་རྒྱུད་ལ། རྒྱུད་སྡེ་སྒོ་དྲུག་ལས། ཧེ་རུ་ཀའི་རིགས་ཀྱེ་རྡོར། ཐོད་པ། མཱ་ཡཱ་སོགས་ཏེ། རྒྱུད་སྡེ་བཞིར་འབྱེད་པའི་ཚེ་གསང་མཐའི་སྐོར་ཀྱང་འདིར་གཏོགས་སོ། །རྣམ་སྣང་རིགས་མི་གཡོ་བླ་མེད་དང་། རྩ་རྒྱུད་གདན་བཞི། དེའི་བཤད་རྒྱུད་མན་ཨོཾ་པ་སྟེ་ཐམས་ཅད་གསང་བའོ། །རིན་འབྱུང་གི་རིགས་ནི་རྡོ་རྗེ་བདུད་རྩིའོ། །འོད་དཔག་མེད་ཀྱི་རིགས་ནི་ཀུ་རུ་ཀུལླེའི་རྟོག་པ་དང་། རིགས་ཀྱི་འཇིག་རྟེན་གྱི་མགོན་པོ་ལྔ་བཅུ་པའི་རྟོགས་པ་རྣམས་སོ། །དོན་གྲུབ་ཀྱི་རིགས་ནི། མགོན་པོ་མངོན་འབྱུང་། སྒྲོལ་མ་བླ་མེད། ཕུར་པ་རྩ་


JKT004_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་རྣམས་སོ། །རྡོ་རྗེ་སེམས་དཔའི་རིགས་ནི་ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པའོ། །གསང་མཐའི་རྒྱུད་ནི། རྩ་རྒྱུད་ལེའུ་༥༡པ་བཤད་རྒྱུད་རྣམ་པ་ལྔས་འཆད་པའི་ལུགས་སོ། །གཉིས་པ་དེའི་རྩ་བཤད་ཀྱི་བཞུགས་ཚུལ་ནི། སྤྱིར་བདེ་མཆོག་ལ་མ་རྒྱུད་སྤྱི་མཐུན་དུ་བཤད་པ། འདུས་པ་འཕགས་ལུགས་དང་མཐུན་པར་བཤད་པ། དུས་འཁོར་དང་མཐུན་པར་བཤད་པ། གསང་མཐར་བཤད་པ་དང་བཞི་ལས། དང་པོ་ནི། བདེ་མཆོག་སངས་རྒྱས་མཉམ་སྦྱོར་དང་། ཇོ་བོ་རྗེ་ལ་སོགས་པའི་སློབ་དཔོན་གཞན་གྱི་བཤད་སྲོལ་རྣམས་སོ། །གཉིས་པ་ནི། བདེ་མཆོག་སྡོམ་འབྱུང་སྟེ། གཙོ་བོ་ཞལ་གསུམ་ཕྱག་དྲུག་པ་དང་། བསྐྱེད་རིམ་ཏིང་འཛིན་གསུམ་གྱིས་འཆིང་བ་དང་། རྫོགས་རིམ་རིམ་ལྔ་སོགས་འཕགས་ལུགས་དང་ཆ་འདྲའོ། །གསུམ་པ་ནི། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་སྟེ། ས་དུམ་བུ་བཅུ་གཉིས་དང་བསྟུན་ནས་འཁོར་ལོ་བཅུ་གཉིས་སུ་བྱེད་པ་དང་། རྫོགས་རིམ་སྦྱོར་དྲུག་སོགས་དུས་འཁོར་དང་ཆ་འདྲ་བར་བཤད་དོ། །བཞི་པ་ནི་རྩ་རྒྱུད་རྒྱས་པ་ནམ་མཁའ་དང་མཉམ་པ་དང་། འབུམ་ཕྲག་བདུན་པ་དང་། དེ་ལས་བསྡུས་པའི་ལེའུ་༥༡འདི་ཡིན། བཤད་རྒྱུད་ནི། ཧེ་རུ་ཀ་མངོན་འབྱུང་། རྡོ་རྗེ་མཁའ་འགྲོ། ཀུན་སྤྱོད། སམྱ། ངེས་བརྗོད་བླ་མ་སྟེ་ལྔར་ངེས་སོ། །རྒྱུ་མཚན་ཀྱང་།


JKT004_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ལུགས་ཀྱི་ཉམས་ལེན་གྱི་གཙོ་བོ་སྨིན་གྲོལ་གཉིས་ལ། དང་པོ་ནི་རྩ་རྒྱུད་ལས་ཅུང་ཟད་བཤད་ཅིང་། གསང་མཐའ་བའི་ལུགས་ཐུན་མིན་མངོན་འབྱུང་གིས་སྟོན། བསྐྱེད་རིམ་རྩ་རྒྱུད་ལས། །བ་གླང་ཀླུལྟས་ཀྱི་སྟོང་ལྡིང་དང་། །ལྷག་མ་སྙེམས་བྱེད་རྩ་གནས་སོ། །ཞེས་འབྱུང་བ་ལུགས་ལྡོག་གི་མངོན་རྟོགས་བསྟན། ཡང་ན་རུས་སྦལ་དག་གིས་སོ། །ཞེས་འབྱུང་བ་ལུགས་འབྱུང་གི་མངོན་རྟོགས་བསྟན། འདི་གཉིས་ཀྱི་མིང་གི་རྣམ་གྲངས་ཀྱང་། ཨ་བྷི་དྷ་ནར། མངལ་སྐྱེས་དང་། སྒོང་སྐྱེས་ཀྱི་མངོན་རྟོགས་ཞེས་གསུངས་ལ། ཁྱད་པར་ཀྱང་། མངལ་སྐྱེས་གླུ་ཡི་སྦྱོར་བ་དང་། །སྒྲ་དང་སྒྲ་མིན་རྣམ་པར་བརྟགས། །ཟློསྒོང་སྐྱེས་གླུ་ནི་མེད་པ་དང་། །སྒྲ་དང་སྒྲ་མིན་སྤངས་པའོ། །ཞེས་སོ། །དེ་ལ་རྩ་རྒྱུད་དང་རྡོ་རྗེ་མཁའ་འགྲོ་རྩ་བཤད་དུ་སྦྲེལ་བས་མངལ་སྐྱེས་དང་། ཀུན་སྤྱོད་དང་སྦྲེལ་བས་སྒོང་སྐྱེས་ཀྱི་མངོན་རྟོགས་བསྟན། རྩ་རྒྱུད་དུ་བཅོམ་ལྡན་འདས་ཀྱི་མཚན་ཙམ་དང་། འཁོར་གྱི་ལྷ་རྣམས་ཀྱི་མིང་ཙམ་ལས་ཞལ་ཕྱག་སོགས་མི་གསལ། དེ་ཉིད་མངོན་བརྗོད་ལས་གསལ། བསྐྱེད་རིམ་གྱི་ལམ་གྱི་ཡན་ལག་སྔགས་བཟླས། གྲོགས་སྡོམ། རིགས་ལྡན་མཆོད་པ། སྦྱིན་སྲེག་གི་ཆོ་ག །ལས་ཚོགས་རབ་འབྱམས་རྣམས་ནི་རྩ་རྒྱུད་ཉིད་དུ་བསྟན། བསྐྱེད་རིམ་མངལ་སྒོང་གཉིས་ཆར་གྱི་ལུས་དཀྱིལ་རྣམས་དང་རྫོགས་རིམ་ཕྱག་རྒྱ་


JKT004_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ནང་ནས་ཆོས་རྒྱ་གཏུམ་མོ་འཁོར་ལོ་བཞིའི་རྣལ་འབྱོར་ཏེ་ཁ་སྦྱོར་གྱིས་བསྟན། ལས་རྒྱ་རྡོ་རྗེ་རིགས་ཀྱི་གཟུང་མ་སོགས་རྩ་རྒྱུད་ལས་དངོས་སུ་བསྟན། དམ་རྒྱ་དང་དང་པོར་ལས་རྒྱ་ལས་སྐྱེས་པའི་བདེ་བ་དང་། ཕྱིས་རང་འོད་ཀྱི་རིག་མ་ལ་བརྟེན་ནས་སྐྱོང་བར་བྱེད་པ་ནི་ཅུང་ཟད་ཙམ་བཤད། ཆོས་རྒྱ་རྩ་རྒྱུད་ལས་དངོས་སུ་མ་བསྟན་ཀྱང་། དྲག་པོའི་སྦྱིན་སྲེག་དང་། ཆོས་འབྱུང་གི་ནང་དུ་ཨཱ་ལི་ཀཱ་ལི་བཀོད་པ་ལས་སྔགས་བཏུ་བ་དེ་ཉིད་སཾ་ཊར་ངེས་དོན་དུ་བཤད་པས་བསྟན། ཕྱག་ཆེན་ནི་དེ་ལ་བརྟེན་ནས་མཚོན་བྱ་དོན་གྱི་ཡེ་ཤེས་སྐྱེས་པའོ། །གསུམ་པ་དེ་ཉིད་སྒོ་དྲུག་ཏུ་འཇོག་པའི་འཐད་པ་ནི། ས་བཅུ་ལ་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཉམས་ལེན་ནི་འདི་ཁོ་ན་ཡིན་པ་དང་། རྩོད་དུས་ཀྱི་ཀུན་མཁྱེན་གཉིས་པ་ཤཱནྟི་པས་ཀྱང་འགྲེལ་པ་མཛད་མ་ནུས་པ་དང་། ཆོས་གཞན་རྣམས་ཀྱིས་སྤྲུལ་པའི་སྐུ་མྱ་ངན་ལས་འདས་པས་མི་བཞུགས་པར་བཤད་ལ། འདིའི་དབང་དུ་ན་རྒྱུད་འདི་སྟོན་པའི་སྤྲུལ་སྐུ་ཡེ་ཤེས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཛམ་གླིང་གི་ཡུལ་ཉེར་བཞིར་དངོས་སུ་བཞུགས་ཤིང་། དེ་དག་གིས་སྒྲུབ་པ་པོའི་རྒྱུད་བྱིན་གྱིས་བརླབས་པས་དངོས་གྲུབ་མྱུར་བ་སོགས་ཀྱི་ཕྱིར་སྒོ་དྲུག་པར་འཇོག་གོ །བཞི་པ་དེ་རྒྱ་བོད་དུ་སྲོལ་ཇི་ལྟར་བྱུང་ཚུལ་ལ། སྤྱིར་བདེ་མཆོག་དང་། ཁྱད་པར་


JKT004_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

གསང་མཐའི་སྲོལ་བྱུང་ཚུལ་ལོ། །དང་པོ་རྒྱ་གར་དུ། རྩ་རྒྱུད་ཕྱག་ན་རྡོ་རྗེས་སྟོད་ཀྱི་འགྲེལ་པ་དུས་འཁོར་དང་མཐུན་པར་བཀྲལ་བ། ཨིནྡྲ་བྷཱུ་ཏིས་མ་རྒྱུད་སྤྱི་དང་མཐུན་པའི་དཀའ་འགྲེལ། སློབ་དཔོན་སྐར་རྒྱལ་ཟླ་བས་ཨ་བྷི་དྷ་ནའི་བསྐྱེད་རིམ་གྱི་བཤད་པ་དང་བསྟུན་ནས་མཛད་པ། སློབ་དཔོན་ཀོང་ན་རྒྱལ་བ་བཟང་པོའི་དཀའ་འགྲེལ། དེའི་འགྲེལ་བཤད་སྐལ་ལྡན་གྲགས་པས་མཛད་པ། དེ་གཉིས་ཀྱི་བཤད་སྦྱར་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་སྟེ། དེ་དག་ཀྱང་མ་རྒྱུད་དང་མཐུན་པར་བཤད་པ་སྟེ། ལོ་ཆེན་ནས་བརྒྱུད་དེ་རྗེ་བཙུན་གོང་མ་རྣམས་ལའང་བཞུགས་སོ། །ཡང་གྲུབ་ཆེན་ལྭ་བ་པས་མཛད་པ་ནག་ཚོའི་འགྱུར། སློབ་དཔོན་ལྷ་སྦས་ཀྱིས་མཛད་པའི་འགྲེལ་པ་འགོས་འགྱུར། པཎྜི་ཏ་སུ་མ་ཀརྟིས་མཛད་པའི་འགྲེལ་པ་ཉུང་ངུའི་མཚམས་སྦྱོར་ཏེ། གསུམ་ནི་རྣལ་འབྱོར་གསང་མཐར་བཤད་པ་ཡིན་ཅིང་། འགྲེལ་པ་རྣམ་པར་དག་པ་ནི་དགུ་པོ་དེ་ཙམ་དུ་ཟད་དོ། །དཔའ་བོ་རྡོ་རྗེས་མཛད་པའི་འགྲེལ་པ་ནི་ཟངས་དཀར་ལོ་ཙཱ་བས་བྱས་པ་ཡིན་ཏེ་དེའི་མཚན་གཞིའང་ཁོང་ཉིད་དོ། །བཤད་རྒྱུད་ཧེ་རུ་ཀམངོན་འབྱུང་ལ། ཀུ་མཱ་ར་ཙནྡྲས་མཛད་པའི་འགྲེལ་པ་དང་། རྡོ་རྗེ་མཁའ་འགྲོ་ལ་ནོར་བཟང་གིས་མཚན་པའི་འགྲེལ་པ་དང་། བྷ་བ་བྷ་དྲས་མཛད་པའི་འགྲེལ་པ་གཉིས་ཡོད་ཅིང་། མངོན་བརྗོད་བླ་མ་ལ་ཛྙཱ་ན་བཛྲས་དང་། ཤུ་རངྒ་


JKT004_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཝརྨས་མཛད་པ་གཉིས། མཁའ་འགྲོ་རྒྱ་མཚོ་ལ་སློབ་དཔོན་པདྨ་བཛྲས་མཛད་པའི་འགྲེལ་པ་གྲུ་གཟིངས་ཞེས་པ་དང་། དེའི་སློབ་མ་རྒྱལ་བའི་སྡེས་རིན་ཆེན་སྣ་བདུན་ཞེས་པའི་གཞུང་བདུན་མཛད། འདིའི་དབང་བཀའ་ཡང་ཡོད་དོ། །གཉིས་པ་སྔར་བོད་དུ་མཉམ་སྦྱོར་ཙམ་མ་གཏོགས་མ་དར་ལ། ཕྱི་དར་རིན་བཟང་གིས་ཤདྨ་ལས་རྩ་རྒྱུད་འགྲེལ་པ་ཀོང་ནས་མཛད་པའི་སྐོར་རྣམས་གསན་ཅིང་འགྱུར་ཡང་། །མཛད། བཤད་སྲོལ་དར་བར་བྱས་ཏེ་རྗེ་བཙུན་གོང་མ་རྣམས་ཀྱང་གསང་མཐའི་བཤད་སྲོལ་མ་གསན་གོང་དུ་འདི་ལ་རྩིས་སུ་མཛད། ཇོ་བོ་བོད་དུ་བྱོན་དུས་དེ་ལ་གསན་ཅིང་། ཇོ་བོ་ལུགས་ཀྱི་ལོ་ཧི་པའི་འགྲེལ་པ་ཡང་མཛད་དོ། །འབྲོག་མི་ལོ་ཙཱ་བདེ་མཆོག་ལ་ཤིན་ཏུ་མཁས་ཀྱང་། དོན་གཉེར་མེད་པས་བཤད་སྲོལ་ཆད། རྗེ་འགོས་ལ་ལྷས་སྦས་ཀྱི་འགྲེལ་བའི་བཤད་སྲོལ་སོགས་བདེ་མཆོག་གི་སྐོར་བྱུང་ཡང་དེང་སང་ཆད། ཇོ་བོ་རྗེས་རོང་པ་འགར་དགེ་ལ་ལྷས་སྦས་ཀྱི་འགྲེལ་པའི་སྟེང་ནས་བཤད་སྲོལ་གནང་ཡང་། ལྷ་རྩེ་གྲགས་པ་དཔལ་ཡན་ལ་ཡོད་ཅིང་དེ་ནས་ཆད། ཡང་པཎྜི་ཏ་སུ་མ་ཏི་ཀཱིརྟི་བོད་དུ་བྱོན་དུས་མར་པ་དོ་པ་དང་། པུ་ཧྲང་ལོ་ཆུང་གཉིས་ཀྱིས་བདེ་མཆོག་གི་སྐོར་རྣམས་ལེགས་པར་གསན་ཅིང་། མར་དོས་རྩ་རྒྱུད་དང་། ཀུན་སྤྱོད་དང་། ནག་པོ་གཞུང་དྲུག་སོགས་ཕལ་ཆེར་འགྱུར། རྩ་རྒྱུད་དང་ལོ་ཧི་པའི་


JKT004_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཊི་ཀ་ཡང་མཛད། དེའི་སློབ་མ་ཟེ་བ་ཇོ་བ་དེ། ཟེ་བ་ཇོ་འབུམ་སོགས་ཟེ་བ་མང་དུ་བྱུང་། ཟེ་བའི་སློབ་མ་ལ་ཡག་པ་བྱང་ཆུབ་དངོས་གྲུབ་སོགས་ལ་ཡག་པ་མང་དུ་བྱུང་། པུ་ཧྲང་ལོ་ཆུང་གི་སློབ་མ་དམར་ཆོས་ཀྱི་རྒྱལ་མཚན། གྲོགས་རབ་དངོས་གྲུབ་ཤེས་རབ། འབྲིང་བྱ་རུ་བ། ཡར་ལུང་པ་ལྷ་རྗེ་དཔལ་གྱི་རྒྱལ་མཚན་སོགས་བདེ་མཆོག་ལ་མཁས་པ་མང་དུ་བྱུང་ངོ་། །གཉིས་པ་གསང་མཐའི་བཤད་སྲོལ་ནི། རྒྱ་གར་དུ་གྲུབ་ཐོབ་ལོ་ཧི་པས་ཀུན་སྤྱོད་དང་། མངོན་བརྗོད་ལ་བརྟེན་ནས་རིམ་གཉིས་སྤྱོད་པ་དང་བཅས་པའི་སྒྲུབ་ཐབས་དཔལ་མངོན་པར་རྟོགས་པ་ཞེས་བྱ་བ་མཛད། དེ་ལ་པྲ་ཛྷཱ་རཀྵི་ཏས་འགྲེལ་པ་དང་། །མཆོད་ཆོག །ལག་མཆོད། གཏོར་ཆོག་རྣམས་མཛད་པས་ལཱ་ཧི་སྨད་ལྔར་གྲགས། བར་དུ་རྡོ་རྗེ་དྲིལ་བུ་པས་རྩ་བཤད་ཀྱི་གཞུང་དྲུག་ཆར་ལ་བརྟེན་ནས་ལུས་དཀྱིལ་ལ་བརྟེན་པའི་གཞུང་གསུམ་མཛད་དེ། འདི་ལ་སྨིན་གྲོལ་གཉིས་ཀྱི། དང་པོ་ནི། གདུལ་བྱ་རྡུལ་འབྲིང་ལ་ཕྱིའི་དཀྱིལ་འཁོར་དུ་རྒྱུད་སྨིན་པ་ལུས་དཀྱིལ་བསྒོམ་རུང་དང་། དབང་རྣོན་དང་པོ་ཉིད་ནས་སྨིན་བྱེད་དུ་རུང་བའི་དབང་དུ་བྱས་ནས་དཀྱིལ་ཆོག་མཛད། གཉིས་པ། ཕྱི་རོལ་གྱི་རྣམ་རྟོག་སྤངས་ནས་ལུས་དཀྱིལ་འབའ་ཞིག་བསྒོམས་པའི་བསྐྱེད་པའི་རིམ་པའི་གཞུང་དང་། རྫོགས་རིམ་རིམ་ལྔ་གཉིས་མཛད། གསུམ་པ་ནི། ནག་པོ་སྤྱོད་པས་ཧེ་


JKT004_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཀའི་བཀའ་ལ་བརྟེན་ནས་གཞུང་དྲུག་མཛད་དོ། །དང་པོ་རྩ་རྒྱུད་དང་། རྡོ་རྗེ་མཁའ་འགྲོ། ཧེ་རུ་ཀམངོན་འབྱུང་རྣམས་ལ་བརྟེན་ནས་དཀྱིལ་འཁོར་གྱི་ཆོ་ག་མཛད། གཉིས་པ་བསྐྱེད་རིམ་ལ། ལྷ་མ་གྲུབ་པ་གྲུབ་པར་བྱེད་པ་དང་། སྔགས་མ་གྲུབ་པར་གྲུབ་པར་བྱེད་པ་གཉིས། ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དང་གསུམ་ལས། དང་པོ་ནི་བསྐྱེད་པའི་རིམ་པའི་སྒྲུབ་ཐབས་ཏེ། ཏིང་ངེ་འཛིན་གསུམ་མམ་བསྙེན་སྒྲུབ་བཞིས་འཆིང་ཞིང་། རྩ་རྒྱུད་དང་། རྡོ་རྗེ་མཁའ་འགྲོ། ཨ་བྷི་དྷ་ན་ལ་བརྟེན་པའོ། །གཉིས་པ་ནི། མཆོག་སྒྲུབ་པ་རིན་ཆེན་བཞི་དང་། དེའི་བར་ཆད་ཞི་བར་བྱེད་པ་སུམྦྷ་ནི་སྟེ་འདི་ལ་གཞུང་ལོགས་སུ་མེད་དོ། །གསུམ་པ་ནི་རྩ་རྒྱུད། སཾ་ཊ། མངོན་བརྗོད་རྣམས་ལ་བརྟེན་ནས་སྦྱིན་སྲེག་གི་གཞུང་མཛད་དོ། །གཉིས་པ་རྫོགས་རིམ་ལ། ཐབས་རྒྱུད་གསང་འདུས་དང་། ཤེས་རབ་རྒྱུད་སྡོམ་པ་གཉིས་རྗོད་བྱེད་གླེང་གཞིའི་ཡི་གེ་ཐ་དད་དུ་ཡོད་ཀྱང་། བརྗོད་བྱ་རིམ་བཞི་ལས་མ་འདས་པར་སྟོན་པའི་ཕྱིར་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ། ཀྱེ་རྡོར་དང་བདེ་མཆོག་གཉིས་རྗོད་བྱེད་གླེང་གཞིའི་ཡི་གེ་ཐ་དད་ཀྱང་། བརྗོད་བྱ་རིམ་བཞི་ལས་མ་འདས་པར་སྟོན་པའི་ཕྱིར་འཁོར་ལོ་སྡོམ་པ་རྩ་བཤད་དང་། ཀྱེ་རྡོར་རྒྱུད་གསུམ་དང་། གདན་བཞི་སོགས་ལ་བརྟེན་ནས་ཨོ་ལ་པ་ཏི་མཛད། འཁོར་ལོ་སྡོམ་པ་ཉིད་


JKT004_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་བརྗོད་བྱ་རིམ་བཞི་ལས་མེད་དོ་ཞེས་བསྟན་པའི་ཕྱིར་རྩ་རྒྱུད་དང་། སཾ་ཊིའི་བརྟག་པ་དྲུག་པ་སོགས་ལ་བརྟེན་ནས་དཔྱིད་ཐིག་མཛད། གྲོགས་སྤྱོད་པ་གསུམ་མམ་བཞི་དང་། འབྲས་བུ་རྣམ་པ་གཉིས་ནི་གཞུང་དྲུག་པོ་དེ་དག་གི་གསེབས་ཚགས་ནས་སྟོན་པ་ཡིན་གསུངས་སོ། །གཉིས་པ་བོད་དུ་རྗེ་བཙུན་ནཱ་རོ་པའི་སློབ་མ་ཕམ་མཐིང་པ་སྐུ་མཆེད་བཞི་ལས། བར་པ་གཉིས་ལ་ཀློག་སྐྱ་ཤེས་རབ་བརྩེགས་དང་། མལ་ལོ་བློ་གྲོས་གྲགས་པ་གཉིས་ཀྱིས་ཐུག བླ་ཆེན་མལ་ལ་རྗེ་བཙུན་ས་སྐྱ་པ་དང་། གཉན་ཕུལ་བྱུང་བ་གཙུག་ཏོར་རྒྱལ་པོ་གཉིས་ཀྱིས་གཏུགས། གཉན་གྱིས་སུ་མ་ཏི་ཀཱིརྟི་ལ་ཡང་རྩ་རྒྱུད་གསན། མལ་གྱིས་རྩ་རྒྱུད་ལ་མཆན་དང་། ས་ཆེན་དེའི་མཆན་སྣ་བསྲིངས་པ། བསོད་རྩེས་མཆན་ཞིབ་མོར་མཛད། ལོ་ཧི་པའི་ཕྱི་རོལ་མཆོད་པའི་ཆོ་ག་དང་། དྲིལ་བུ་པའི་དཀྱིལ་ཆོག་གི་ཊི་ཀ་ཡང་མཛད་དོ། །ས་ཆེན་གྱིས་བདེ་མཆོག་ལོ་འགྲེས། རྒྱུད་ཀྱི་ས་བཅད། ནག་འབུམ་དུ་གྲགས་པ་དང་། གཉན་ཕུལ་བྱུང་བས་སུ་མ་ཏི་ཀཱིརྟི་དང་། མལ། ས་ཆེན་གསུམ་གྱི་གསུང་སྒྲོས་བྲིས་བའི་ཊི་ཀ་མུ་ཏིག་ཕྲེང་བ་མཛད། རྗེ་བཙུན་རིན་པོ་ཆེས་ཀུན་སྤྱོད་ཊཱི་ཀ་དང་། ལོ་ཧི་པའི་སྒྲུབ་ཐབས། དྲིལ་བུའི་བསྐྱེད་རྫོགས། ནག་པོའི་དཀྱིལ་ཆོག་དང་། དེའི་དངོས་སློབ་ནུབ་པ་རིག་འཛིན་གྲགས་ཀྱིས་གཉན་ཊིཀ་བདེ་རུ་བཏང་བའི་རྩ་རྒྱུད་ཀྱི་ཊཱི་


JKT004_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དང་། ལོ་ཧི་པའི་མངོན་རྟོགས་ཀྱི་འགྲེལ་པ་མང་དུ་མཛད་དོ། །སླར་དེ་ལས་ཁྱད་པར་འཕགས་པའི་ལུགས་ངོས་བཟུང་བ་ནི། བཤད་རྒྱུད་ཀྱི་བཤད་ཚུལ་རྣམ་བཞིའི་ནང་ནས་གསང་མཐའི་ལུགས་ཁྱད་པར་དུ་འཕགས་ཤིང་། དེ་ཡང་ནཱ་རོ་པ་ནས་ཕམ་མཐིང་བར་བརྒྱུད་པ་འདི་ཁྱད་པར་འཕགས་སོ། །དེའི་རྒྱུ་མཚན་ཟླ་གྲགས་པར་ཚོགས་སློབ་ཀྱི་བཤད་པ་གཉིས་སུ་དབྱེ་བ་ལྟར་གསང་སྔགས་གཞན་རྣམས་ལ་ཡང་ཡོད་པས། ནཱ་རོ་པའི་སློབ་མ་གཞན་རྣམས་ཚོགས་བཤད་ལས་མེད། སློབ་དཔོན་པྲ་ཛྷཱ་རཀྵི་ཏས་ནཱ་རོ་པ་ལོ་བཅུ་གཉིས་ཀྱི་བར་དུ་བསྟེན་ཀྱང་ཚོགས་བཤད་ལས་མ་ཐོབ་པར་གྲགས་པ་ལྟ་བུའོ། །འོ་ན་ཕམ་མཐིང་པ་མཆེད་ཀྱི་སློབ་བཤད་དེ་ལ་ཁྱད་པར་ཇི་ལྟ་བུ་ཡོད་སྙམ་ན། སྨིན་བྱེད་སྐབས་སུ་དཔའ་བོ་བསྐུལ་བ། བསྐྱེད་རིམ་གྱི་སྐབས་སུ་ལུས་དཀྱིལ་དང་། ཕོ་ཉ་གསུམ་བསྲེ་བ་དང་། སྒྲ་ཚུལ་ཇི་ལྟར་བསྐྱེད་པ་སོགས་ལུགས་གཞན་ལ་མ་གྲགས་པའི་ཁྱད་ཆོས་མང་པོ་བཞུགས་པས་སོ། །དྲུག་པ་དེ་ཉིད་ཀྱི་བླ་བརྒྱུད་ཀྱི་རྣམ་ཐར་ནི། དང་པོ་ཧེ་རུ་ཀའི་བྱུང་ཚུལ་ལ། སྔགས་ལུགས་ལ་སངས་རྒྱས་ཀྱི་གཟུགས་སྐུ་དེ་ལ། ལོངས་སྤྱོད་རྫོགས་སྐུ་དང་། སྤྲུལ་པའི་སྐུ་མཆོག་ཕལ་གཉིས་སུ་ཡོད་པ་ལས། མཆོག་གི་སྤྲུལ་པའི་སྐུའི་གདུལ་བྱ་ལྷ་ཆེན་དབང་ཕྱུག་ཆེན་པོར། འདུལ་བྱེད་རྒྱུ་རྡོ་རྗེ་འཆང་ལོངས་


JKT004_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས་པ་ལས་ཧེ་རུ་ཀའི་དཀྱིལ་འཁོར་འབྲས་བུའི་རྡོ་རྗེ་འཆང་སྤྲུལ་སྐུ་གཙོ་འཁོར་དྲུག་ཅུ་རྩ་གཉིས་སུ་སྤྲུལ་ནས་ལོངས་སྤྱོད་པ་དང་། ཐིམ་པ་དང་། དབང་དུ་བྱས་པ་གསུམ་གྱིས་བཏུལ་ལོ། །ཀླུ དཔལ་ཧེ་རུ་ཀ་དེས་བྱིན་གྱིས་བརླབས་པ་ནི། ཕྱག་ན་རྡོ་རྗེ་དང་། དེས་བྲམ་ཟེ་ཆེན་པོ་ས་ར་ཧ་སྟེ་དགའ་བ་དང་བཅས་པའམ་མདའ་བསྣུན་ཞབས། དེས་འཕགས་པ་ཀླུ་སྒྲུབ། དེས་སློབ་དཔོན་ཤ་བ་རི་པ་སྟེ་རི་ཁྲོད་པའམ་རྔོན་པའི་ཞབས། དེས་བྷ་རེནྡྲ་ཡི་རྒྱལ་པོ་དྷརྨ་པ་ལའི་ཡི་གེ་པ་ལཱུ་ཧི་པ་སྟེ། ཉ་ལྟོ་པ། དེས་སྔར་གྱི་རྒྱལ་པོ་ཌ་གི་པ་སྟེ་འབྲས་བརྡུངས་ཞབས་དང་། སློབ་དཔོན་དྷ་རི་ཀ་སྟེ་སྨད་འཚོང་མའི་ཁྱོ་བོ་གཉིས། ཕྱི་མས་སློབ་དཔོན་རྡོ་རྗེ་དྲིལ་བུ་པ་ཞེས་ཤར་ཕྱོགས་བྷ་རེནྡར་འཁྲུངས་པ་དེ་རྗེས་སུ་བཟུང་སྟེ་འདིས་རྣལ་འབྱོར་མའི་ཞབས་པད་མངོན་སུམ་དུ་བསྙེན། དེས་རུ་སྦལ་ལྟར་ཞབས་མཐོ་བའམ། སྤྱོད་པ་མཛད་པའི་དུས་རུ་སྦལ་ལ་ཞོན་པས་རུ་སྦལ་ཞབས། དེས་ཛ་ལནྡྷ་རར་འཁྲུངས་པའི་དཔལ་ཛ་ལན་ར་བ། དེས་ཆེན་པོས་རྗེས་སུ་བཟུང་། དེས་རྒྱལ་པོ་ཟླ་བའི་རོལ་པ། བློན་པོ་དགེ་བའི་མགོན་པོ། སློབ་དཔོན་གུ་རྒྱ་པ་གསུམ་རྗེས་སུ་བཟུང་། ཕྱི་མས་སློབ་མ་བི་ཛ་ཡ་སྟེ་རྣམ་པར་རྒྱལ་བ། བར་མའི་སློབ་དཔོན་ནི་ལོ་


JKT004_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཧི་པའི་ཐུན་མོང་མ་ཡིན་པའི་བརྒྱུད་པ་སྟེ། དེ་ཡང་དྷ་རིག་པའི་སློབ་མ་བར་མའི་སློབ་དཔོན། དེས་ཏེ་ལོ་པའོ། །དྲིལ་བུ་པ་དང་ནག་པོ་པའི་ལུགས་ལྟར་ན་རྣམ་རྒྱལ་ཞབས་ཀྱི་སློབ་མ་ཏེ་ལོ་པ་སྟེ་མཚན་ཤེས་རབ་བཟང་པོར་གྲགས། དེས་མ་ག་དྷུ་ར་བྲམ་ཟེ་ནཱ་རོ་ཏཱའི་རིགས་ལས་འཁྲུངས་པ་དཔལ་ནཱ་རོ་ཏཱ་པ། དེ་ལ་སློབ་མ་བསམ་གྱིས་མི་ཁྱབ་པ་ལས་གཙོ་བོར་གྱུར་པ་གཉིས་སྐྱེས་མཆོག་གསུམ་སྟེ་བཞིར་གྲགས་སོ། །གཉིས་སྐྱེས་ནི་རིགས་བྲམ་ཟེ་རྟེན་དགེ་སློང་། མཆོག་གསུམ་ནི། མཱ་ན་ཀ་ཤཱི་ཛ་ན་དང་། པྲ་ཛཱ་རཀྵི་ཏ་དང་། བལ་པོ་ཕམ་མཐིང་པ་སྟེ་གསུམ་མོ། །དང་པོ་གཉིས་ཀྱི་སློབ་མ་ནི་ཀ་ཀ་ན་ཤྲཱི་ཛྙཱ་ན། དེ་དང་ཕམ་མཐིང་པ་གཉིས་ཀའི་སློབ་མ་བལ་པོ་བྷ་དནྟ་སུ་མ་ཏི་ཀཱིརྟི། དེས་རྔོག །ཟངས་དཀར། ཀློག་སྐྱ། མལ་གྱོ། མར་དོ། པུ་ཧྲང་ལོ་ཆུང་རྣམས་རྗེས་སུ་བཟུང་། ཕྱི་མ་གཉིས་ཀྱི་སློབ་མ་དངོས་གྲུབ་ཤེས་རབ། དེ་ནས་འབོག་རབ་ཤེར་རྒྱས། ཞིང་རིང་པ། བླ་མ་ལྷ་རྗེ། གློ་བོ་ལོ་ཙཱ། འདི་ལ་ཡང་མར་གྱིས་གསན་ནོ། །ཡང་པུ་ཧྲང་པ་ལོ་ཆུང་གྲགས་མཆོག་ཤེས་རབ་ལ། རྗེ་ས་ཆེན་དང་། དམར་བརྩོན་འགྲུས་ལ་སྟོད་ཤྲཱི་མཁན་དམར་བ། རྒྱལ་མཚན་གྱིས་གསན། ཕྱི་མས་རང་གི་དབོན་པོ་དམར་བརྩོན་འགྲུས་རྡོ་རྗེ། དེས་དབོན་པོ་དམར་ཆོས་ཀྱི་རྒྱལ་པོ་སྟེ། འདིས་རང་གི་ཁུ་བོ་གྲགས་པ། ནུབ་པ་ས་


JKT004_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

པཎ་རྣམས་ལས་བདེ་དགྱེས་གསང་གསུམ་གྱི་མན་ངག་མཐའ་ཡས་པར་གསན་ནོ། །ན་རོའི་རིམ་པ་ཕམ་མཐིང་པ་མཆེད་བཞི་ལས། དང་པོ་གཅེན་ཆོས་ཀྱི་བློ་གྲོས་ཀྱིས་ནཱ་རོ་པ་ལོ་བཅུ་གཉིས་སུ་བསྟེན། ཕྱིས་གར་སོང་ཆ་མེད། དེ་འོག་བལ་པོ་ཨ་དེ་ས་པའམ་འཇིགས་མེད་གྲགས་པ། བོད་དུ་ཕམ་མཐིང་པ་ཆེན་པོར་གྲགས་པས་ལོ་དགུ་བསྟེན། དེ་འོག་གཅུང་སྤོར་བས་ལོ་ལྔ་བསྟེན། འདི་ལ་བལ་པོ་མི་ཏྲི་ཡང་ཟེར། དེ་འོག་བལ་པོ་ཐང་ཆུང་བ་ངག་གི་དབང་ཕྱུག་གིས་ཀྱང་དབང་བསྐུར་ཙམ་ཐོབ་བོ། །ཕམ་མཐིང་པ་སྐུ་མཆེད་ཀྱི་དྲུང་དུ་ཀློག་སྐྱ་ཤེས་རབ་བརྩེགས་ལོ་བཅོ་བརྒྱད་བཞུགས་ནས་བདེ་མཆོག་གི་ཆོས་སྐོར་ཡོངས་སུ་རྫོགས་པ་སྦྱངས། དེ་ལ་བླ་མ་མལ་གྱིས་གསན་ཅིང་། ཕྱིས་མལ་གྱོ་ཉིད་ཀྱིས་ཕམ་མཐིང་པར་དབང་དང་གདམས་ངག་ཅུང་ཟད་ཐོབ། དུས་འཁོར་བ་དང་། ཐང་ཆུང་བ་དང་། སུ་མ་ཏི་ཀཱིརྟི་རྣམས་བསྟེན་ནས་རྫོགས་པར་སྦྱངས། དེའི་དྲུང་དུ་བླ་མ་ས་སྐྱ་པ་ཆེན་པོ་ལན་གཉིས་སུ་བྱོན་ནས་རྫོགས་པར་གསན་པ་ནས། རྗེ་བཙུན་སྐུ་མཆེད་དང་། གཉན་ཕུལ་བྱུང་བ། རྒྱ་སྒོམ་ཚུལ་ཁྲིམས་གྲགས་པ་རྣམས་རྗེས་སུ་བཟུང་། དེ་ནས་ཆོས་རྗེ་ཁུ་དབོན། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དམ་པ་དང་། བློ་གྲོས་བརྟན་པ། དེ་གཉིས་ཀས་དཔལ་ལྡན་ཚུལ་ཁྲིམས། དེ་ལ་མཁས་ཤིང་གྲུབ་པའི་དབང་


JKT004_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ཤར་བ་ཡེ་ཤེས་རྒྱལ་མཚན། དེས་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། །དེས་འཁོར་ལོ་སྡོམ་པ་མུས་པ་ཆེན་པོ། དེས་ཀུན་མཁྱེན་རིན་པོ་ཆེ་སོགས་ནས་བརྒྱུད་དེང་སང་གི་བར་དུ་ལོ་ནག་དྲིལ་གསུམ་གྱི་དབང་བཀའ་སོགས་དར་རྒྱས་སུ་བཞུགས་སོ། །དེར་མ་ཟད་རི་ཁྲོད་པའི་ཞལ་སྔ་ནས་བརྒྱུད་དོ། །ཨ་ཛུ་གུ་ལྟས་ཞལ་གཉིས་མ་མཛད། རི་ཁྲོད་པའི་སློབ་མ་མེ་ཏྲི་པས་དབང་སོ་སྦྱར་ནས་ལྷ༢ ༣། ལྷ༧། ལྷ།། ཕྲིན་ལས་ཀྱི་སྒྲུབ་ཐབས། ཚོགས་འཁོར་ཏེ་གཞུང་དྲུག་མཛད། ཡང་ཀོང་རྒྱལ་བ་བཟང་པོའི་སྐོར་ལ་རྩ་རྒྱུད་ཀྱི་འགྲེལ་པ། དེའི་འགྲེལ་བཤད། དེ་གཉིས་ཀྱི་བཤད་སྦྱར་སོགས་ཏེ། དེ་གཉིས་གང་རུང་སྔར་གྱི་ལོ་ནག་དྲིལ་གསུམ་གྱི་སྟེང་དུ་བསྣན་པས་མངོན་པར་རྟོགས་པ་སྐོར་བཞི་ཞེས་གྲགས་སོ། །དེ་དག་གི་བརྗོད་བྱའི་འཁོར་ལོ་བདེ་མཆོག་གི་ལམ་གྱི་རིམ་པ་ལ་གསུམ་སྟེ། རྩ་རྒྱུད་གྱི་གླེང་གཞིའི་གསང་བ་ཅེས་པའི་ཚིག་གིས་བསྟན་པའི་ལམ་གྱི་རིམ་པ་དང་། ལེའུ་ལྔ་བཅུ་རྩ་གཅིག་པའི་དེ་ཁོ་ན་ཉིད་བཅུ་གཉིས་བསྟན་པའི་ལམ་རིམ་དང་། བཤད་རྒྱུད་ཀུན་སྤྱོད་ནས་གསུངས་པའི་ལམ་རིམ་མོ། །དང་པོ་ནི། རྩ་རྒྱུད་ལས། དེ་ནས་གསང་བ་བཤད་པར་བྱ། །ཞེས་པའི་དོན་བསྐྱེད་རིམ་དང་། རྫོགས་རིམ་དང་། འབྲས་བུ་གསུམ་དུ་བསྟན་པ་ལས། དང་པོ་ནི། གསང་བ་མཆོག་གི་དགྱེས་པ་ན། །


JKT004_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པས་རྣལ་འབྱོར་པའི་རྟེན་རི་བོ་ཚང་ཚིང་རི་སུལ་ལ་སོགས་པ་སྟོན་ཅིང་། ལྷའི་རྟེན་མངལ་སྒོང་གང་བསྒོམས་ཀྱང་། རླུང་དཀྱིལ་ནས་རི་རབ་ཀྱི་བར་སྟོན། །བརྟེན་པ་ལྷ་བསྐྱེད་པར་སྦྱར་ན། མཁའ་འགྲོ་ཀུན་དངོས་སེམས་པ་ནི། །ཞེས་པ་ནས། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །ཞེས་པའི་བར་ཚིག་རྐང་དྲུག་མངལ་སྒོང་ལ་སྦྱར་བ་གཉིས་ཀྱིས་བསྐྱེད་རིམ་ཡོངས་རྫོགས་སྟོན། གཉིས་པ་རྫོགས་རིམ་རིམ་བཞི་ལ་སྦྱར་ན། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་རྫོགས་རིམ་བཞིའི་དང་པོ་ཤེས་བྱ་རྒྱུད་ཀྱི། སྒྲ་ཡི་ཚུལ་ལས་ངེས་འབྱུང་ཞིང་། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །ཞེས་པས་སྔགས། མཁའ་འགྲོ་ཀུན་དངོས་སེམས་དབང་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་པས་ཡེ་ཤེས། འདི་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་དྲྭ་བ་སྡོམ་པ་ཡིན། །ཞེས་པས་གསང་བའི་རིམ་པ་བསྟན་ཏེ། དེ་ལྟར་ན། གསང་བ་ཞེས་པ་དང་། དེའི་དོན་ཚིགས་སུ་བཅད་པ་གཉིས་ཀྱིས་ལམ་གྱི་གསང་བ་བསྐྱེད་རྫོགས་འཁོར་བཅས་བསྟན་ཏོ། །གསུམ་པ་དེས་སྒྲུབ་པའི་འབྲས་བུའི་གསང་བ་ནི། ཐུན་མོང་དང་མཆོག་གཉིས་ཏེ། སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །ཆོ་གའི་སྦྱོར་ཉིད་ཡེ་ཤེས་ཀྱང་། །ཞེས་པས་བསྟན། །


JKT004_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཞེས་པས། ལྷ་མངལ་སྐྱེས་ལ་སྦྱར་ན་བསྐྱེད་རིམ་ཁོ་ནའི་མཉམ་རྗེས་དང་། སྒོང་སྐྱེས་ལ་སྦྱར་ན་བསྐྱེད་རྫོགས་མ་ལུས་པ་སྟོན་ཏེ། འདིར་ཕྱི་མ་ལྟར་ན། རིམ་པར། གོས་སོགས་ཀྱི་བརྡས། ཚངས་གནས་བཞི་བསྒོམ་པ་དང་། ཕྱག་རྒྱ་ལྔའི་རྒྱན་དང་། དག་དྲན་དང་། རྗེས་སྤྱོད་དུས། ཚམས་རྔམས་སྔགས་ཀྱིས་བསྲུང་བ་དང་། ངག་སོགས་དག་པ་གསུམ་དང་། ཚོགས་གཉིས་བསགས་པ་དང་།སེམས་ཅན་གྱི་དོན་ལ་འཇུག་པ་དང་། སྒྲ་ནི་ནཱ་ད་སྟེ། དེ་ལས་རྟེན་དང་བརྟེན་པར་བཅས་པ་བསྐྱེད་པ་སྤྲུལ་པ་དང་། ལུས་དཀྱིལ་ལོངས་སྤྱོད་དང་། །དག་དྲན་ཆོས་སྐུ་ལ་དམིགས་པ་སོགས་དང་། ཆོ་ག་བཞིན་བདུད་རྩི་མྱོང་བ་དང་། ཕྱག་རྒྱ་བཞི་དང་རྡོ་རྗེ་སེམས་དཔའ་བསྡུ་བ་སོགས་རྫོགས་རིམ་བསྒོམ་སྟེ། དེ་ལྟར་དེ་ཁོ་ན་ཉིད་བཅུ་པོ་དེས་ནི་མཉམ་བཞག་དང་། ལག་པའི་མཆོད་པ་དང་། དབང་བསྐུར་བ་ཁྲུས་ཀྱི་རྣལ་འབྱོར་དང་། གོ་ཆ་ཆེན་པོས་བདག་ཉིད་སྲུང་བ་དང་། རྩ་སྔགས་བརྗོད་པ་སྔགས་ཀྱི་མཆོད་པ་ཀུན་གྱིས་ནི་རྗེས་སྤྱོད་བཞི་སྟེ་བཅུ་བཞིའོ། །གསུམ་པ་ནི་གཉིས་ཏེ། རྒྱུད་ཀྱི་བརྗོད་བྱ་མ་ལུས་པ་འཁྲུགས་སྡེབ་པའི་ལམ་རིམ་དང་། ལམ་གྱི་དངོས་གཞི་ཉིན་ཞག་ཕྲུགས་གཅིག་ལ་ཇི་ལྟར་བྱ་ཚུལ་མདོར་བསྡུ་བའོ། །དང་པོ་ནི། ཀུན་སྤྱོད་ཀྱི་བརྗོད་བྱ་


JKT004_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བསྡུ་ན། གཉིས་དང་། གསུམ་དང་། བཞིར་བསྡུ་བ་གསུམ་ལས། དང་པོ་ནི། དེ་བཞིན་གཤེགས་པའི། རྡོ་རྗེ་འཛིན་པའི་དབུགས་དབྱུང་བ་གཉིས་ཏེ། དེ་ཉིད་རྒྱུ་ཡི་དབང་དུ་བྱས་ན་ཀུན་རྫོབ་དང་། དོན་དམ་གྱི་བདེན་པ་གཉིས། ལམ་ལྟར་ན་བསྐྱེད་རྫོགས་གཉིས། འབྲས་བུ་ལྟར་ན་སྐུ་གཉིས་སོ། །གཉིས་པ་ནི། ལམ་གྱི་ཀུན་སྤྱོད་དང་། དེ་རྫོགས་པར་བྱེད་པ་ཡན་ལག་གི་ཀུན་སྤྱོད་དང་། འབྲས་བུའི་ཀུན་སྤྱོད་གསུམ་མོ། །གསུམ་པ་ནི། དེའི་སྔོན་དུ་རྒྱུའི་ཀུན་སྤྱོད་སྔོན་དུ་སོང་བ་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་བགྲངས་ན་བཞིར་འགྱུར་རོ། །དེ་ཡང་རྟེན་གྱི་གང་ཟག་ལ་ལམ་ལ་འཇུག་པ་དང་། ཞུགས་པ་གཉིས་སམ། སྤང་བར་བྱ་བ་དང་། བསྒྲུབ་པར་བྱ་བ་གཉིས་སོ། །ལམ་གྱི་ཀུན་སྤྱོད་ལ། རྟེན་དང་བརྟེན་པར་བཅས་པ་བསྐྱེད་པ་ཕྱིའི་ཀུན་སྤྱོད་སྤྲུལ་སྐུ་ལམ་བྱེད། ལུས་ལ་ལྷ་རྣམས་རྫོགས་པར་བསྒོམས་པ་ནང་གི་ཀུན་སྤྱོད་ལོངས་སྐུ་ལམ་བྱེད། རྫོགས་པའི་རིམ་པ་ཉམས་མྱོང་དང་བཅས་པ་ནི་རྫོགས་པའི་ཀུན་སྤྱོད་ཆོས་སྐུ་ལམ་བྱེད་དོ། །གསུམ་པ་དེ་རྫོགས་པར་བྱེད་པ་ཡན་ལག་གི་ཀུན་སྤྱོད་ལ། དང་པོ་གཉིས་རྫོགས་པར་བྱེད་པའི་ཡན་ལག་དང་། གསུམ་ཀ་རྫོགས་པར་བྱེད་པའི་ཡན་ལག །དེ་བརྟེན་པར་བྱེད་པའི་སྤྱོད་པའོ། །གསུམ་པ་འབྲས་བུའི་ཀུན་སྤྱོད་ནི་ཐུན་མོང་དང་། མཆོག་དང་།


JKT004_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གསུམ་སྟེ། དེ་ལྟར་ན་ཀུན་སྤྱོད་ཅེས་པ་ཁོ་ནས་བདེ་མཆོག་གི་ལམ་འབྲས་མ་ལུས་པ་བསྟན་པའོ། །གཉིས་པ་ནི། ཀུན་སྤྱོད་༡༢ལས། འདུག་དང་ལྡང་བ་ཉིད་དང་ནི། །འཇུག་དང་རྫོགས་པ་ཉིད་དག་དང་། །བྱིན་གྱིས་བརླབས་དང་དབང་བསྐུར་དང་། །ཏིང་འཛིན་མཆོད་པ་བསྡུས་པ་ཡིན། །ཞེས་དེ་ཁོ་ན་ཉིད་བཅུ་སྟེ། འདུག་ཅེས་པས། ཚངས་གནས་བཞི་དང་། གཞི་སྦྱངས་བསྒྱུར་དང་། སྲུང་བའི་འཁོར་ལོ་དང་། ཚོགས་གཉིས་བསགས་ནས་བདག་མེད་ལ་བློ་ཅུང་ཟད་འདུག་པ་ཡིན་ནོ། །ལྡང་ཞེས་པས། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་སེམས་ཅན་གྱི་དོན་བྱའོ་སྙམ་པའི་བསམ་པས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་བསྒོམ་པའོ། །འཇུག་ཅེས་པས། རི་རབ་ཀྱི་སྟེང་དུ་མངོན་བྱང་ལྔ་ལས་རྟེན་དང་བརྟེན་པར་དུས་གཅིག་ཏུ་གསལ་བར་ཕྱི་དཀྱིལ་བསྒོམ་པའོ། །རྫོགས་པ་ཞེས་པས། ལུས་ཀྱི་དཀྱིལ་འཁོར་རྫོགས་པར་བསྒོམས་པ་སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །བྱིན་གྱིས་བརླབས་པ་ཞེས་པས། ཕོ་ཉ་བསྲེ་བ་དང་། གོ་ཆ་བཅིངས་པ་དང་། ཡེ་ཤེས་པ་དགུག་པའོ། །དབང་བསྐུར་ཞེས་པས། རིགས་ཀྱི་བདག་པོས་རྒྱས་གདབ་པ་དང་བཅས་པའོ། །ཏིང་ངེ་འཛིན་ཞེས་པས། བྱང་ཕྱོགས་ཀྱི་དག་པ་དྲན་པར་བྱས་ལ་ལྷའི་སྐུ་མདོག་དང་ཕྱག་མཚན་ལ་སེམས་ཅུང་ཟད་འཛིན་པའོ། །


JKT004_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ཞེས་པས། སྔགས་ཀྱི། ཕྱིའི། བདུད་རྩིའི། མཉེས་པའི། ཡིད་བྱུང་གི །བསྟོད་པའི། གསང་བའི་མཆོད་པ་སྟེ། དེ་ལ་བཟླས་པ་སྔགས་མཆོད་ཀྱི་ཁོངས་སུ་འབུལ། གསང་མཆོད་ནི་རྫོགས་རིམ་དུ་འགྲོ་བའི་སྐབས་ཀྱང་ཡོད་དོ། །གཏོར་མའང་མཆོད་པའི་སྐབས་སུ་འདུ་སྟེ། ཐུན་གོང་མ་རྣམས་ལ་གཏོར་མ་ནི་ཐུན་འཇུག་བསྡུ་བའི་རྗེས་སུ་བཏང་ལ། ཐུན་ཐ་མ་ལ་ནི་གཏོར་མ་དང་དག་པའི་རྗེས་ལ་བསྡུ་བ་བསྒོམ་པའོ། །ཐུན་མཚམས་ཀྱི་བྱ་བ། ཁ་ཟས་དང་། སྤྱོད་ལམ་དང་། ཕྱི་མཆོད་དང་། ལག་མཆོད་ཀྱང་མཆོད་པའི་ཁོངས་སུ་བསྡུ་ལ། གནས་སྐབས་ཀྱི་མཆོད་པའི་ཚེས་བཅུའི་མཆོད་པའང་མཆོད་པའི་ཕྱིར་འདུའོ། །དགུ་པ་བསྡུ་བ་རྫོགས་རིམ་སྟེ། རྡོ་རྗེ་སེམས་དཔའ་བསྡུ་བ་ལྟ་བུས་དལ་རིམ་པས་བསྡུས་ལ། ཐུན་གོང་མ་རྣམས་ནི་དེ་ལས་ལངས་ནས་དག་པ་རྗེས་སུ་དྲན་པར་བྱེད་པ་ཡིན་ལ། ཐུན་ཐ་མ་ལ་དག་པ་རྗེས་དྲན་གྱི་རྗེས་ལ་རྡོ་རྗེ་སེམས་དཔའ་བསྡུས་ལ་དེའི་ངང་ཉལ་བའི་རྣལ་འབྱོར་བྱེད་པ་ཡིན་ནོ། །བཅུ་པ་ཡིན་ཞེས་པ་ངེས་པ་སྟེ། དག་པ་ནི་ཁམས་ཀྱི་དག་པ་དང་། རྒྱན་ཆའི་དག་པ་བྱས་ལ། དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ཏེ་ཚམས་རྔམ་སྔགས་ཀྱིས་བསྲུངས་ལ། སྤྱོད་ལམ་གྱི་རྣལ་འབྱོར་བྱེད་པ་ཡིན་ནོ། །ཞེས་རྗེ་བཙུན་གསུངས་སོ། །དེ་དག་གིས་ནི་འཁོར་ལོ་བདེ་མཆོག་གི་འཕྲོས་དོན་ཅུང་


JKT004_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་བཤད་ཟིན་ཏོ།། ༈ །།བདེ་མཆོག་ལཱུ་ཧི་པའི་བསྐྱེད་རིམ་གྱི་རྣམ་གཞག་ལ་བཞི་སྟེ། གོང་དུ་བསྒོམ་པའི་གནས། གང་གི་བསྒོམ་པའི་གང་ཟག །གང་བསྒོམ་པའི་རྣལ་འབྱོར། དེ་ལྟར་བསྒོམ་པའི་འབྲས་བུའོ། །དང་པོ་ནི། མངོན་བརྗོད་ལས། རི་སུལ་དང་ནི་རི་རྩེ་དང་། །སོགས་དང་། མདོར་བསྡུ་ན། ཡིད་ནི་གང་དུ་དགའ་བ་དེར། །ཞེས་སོ། །གཉིས་པ་ནི། དང་པོར་རེ་ཞིག་རྣལ་འབྱོར་པའི་དབང་ཕྱུག་གིས། ཞེས་གསུངས་ཏེ། འདི་ལ་གསུམ་ལས། དང་པོ་ལ། མཉམ་བཞག་སོགས་རྣལ་འབྱོར་བཞི་དང་ལྡན་པ། དེ་ཡང་ཐུན་བཞི་ཡི་གོ་རིམ་གྱིས་གོམས་པས་དབང་དུ་གྱུར་པ་སྟེ་སློབ་པའི་དང་། ཐབས་ཤེས་གཉིས་སུ་མེད་པའི་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་དང་ལྡན་པ། དཔེ་ཙམ་ལ་མ་ལྟོས་པར་དབང་ཐོབ་པ་མི་སློབ་པའི་རྣལ་འབྱོར་གྱི་དབང་ཕྱུག་སྟེ་གཉིས་སོ། །ཡང་ན་རྣལ་འབྱོར་ནི་བྱ་རྒྱུད་ལ་སོགས་པའི་ཆོ་ག་ཉམས་སུ་ལེན་པ་སྟེ། དབང་ཕྱུག་ནི་ཐམས་ཅད་ཀྱི་བླ་མར་གྱུར་བ་གསང་བའི་མཐའ་འདི་ཉིད་ཉམས་སུ་ལེན་པའོ། །གསུམ་པ་ལ་གཉིས་ཏེ། དང་པོ་ཇོ་བོ་བྷ་དནྟ་ནས་པུ་ཧྲང་པ་སོགས་བརྒྱུད་དེ་དམར་ཆོས་ཀྱི་རྒྱལ་པོའི་མན་ངག་ལས། རྟེན་བསྐྱེད་པའི་རིམ་པ་མཉམ་པར་བཞག་པའི་རྣལ་འབྱོར་ནི། ཆོས་བཅུ་གཉིས་བསྡུས་པའོ། །དེ་ཡང་བསྡུ་ན་རྒྱུའི་ལྷག་མོས་དང་། འབྲས་བུའི་


JKT004_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མོས་གཉིས། དང་པོ་ལའང་སྔོན་འགྲོ་དང་དངོས་གཞི་གཉིས། དང་པོ་ལའང་། རྣལ་འབྱོར་དང་། བདག་དང་། གནས་སྲུང་བའི་སླད་ཚངས་གནས་བཞི་དང་། ཕུང་ཁམས་སྐྱེ་མཆེད་བརླབས་པ་དང་། སྲུང་འཁོར་བསྒོམ་པའོ། །གཉིས་པ་ནི་བདེན་གཉིས་རྨོངས་པ་སྤང་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །གཉིས་པ་ལའང་། རྟེན་དང་བརྟེན་པར་བཅས་པའི་སངས་རྒྱས་ཀྱི་ཞིང་སྦྱོང་བའི་ཕྱིར་བདེ་བ་ཆེན་པོའི་འབྲས་བུ་སྤྱིའི་ལྷག་མོས་དང་། སྐུ་གསུམ་ལམ་དུ་བྱ་བའི་ཕྱིར་འབྲས་བུ་བྱེ་བྲག་གི་ལྷག་མོས་སོ། །ཕྱི་མ་ལ་ཆོས་ལོངས་སྤྲུལ་གསུམ་ལམ་དུ་བྱ་བའི་ཕྱིར། དག་དྲན། ལུས་དཀྱིལ། སྤྲོ་བསྡུའི་རྣལ་འབྱོར་རོ། །འདི་ལ་དྲུག །གོ་ཆ་བགོ་བ། ཡེ་ཤེས་གཞུག་པ། དབང་བསྐུར་བ། མཆོད་པ། བཟླས་པ། བདུད་རྩི་མྱོང་བའོ། །ཞེས་བཞེད་དོ། །གཉིས་པ་རྗེ་བཙུན་ཕམ་མཐིང་པའི་མན་ངག་མལ་གྱོ་ནས་བརྒྱུད་པ་རྗེ་བཙུན་རིན་པོ་ཆེ་འདི་ལྟར་བཞེད་དེ་ལམ་མངོན་པར་རྟོགས་པ་བཞིས་བཅིངས་པ་སྟེ། མཉམ་བཞག་གི་སྤྱོད་ལམ་གྱི། གཏོར་མའི།. ཁ་ཟས་ཀྱི་རྣལ་འབྱོར་རོ། །ཉལ་བའི་རྣལ་འབྱོར་ནི་རྫོགས་རིམ་གྱི་ཁོངས་སུ་འདུ་ལ། ལྡང་བ་དང་། ཁྲུས་ཀྱི་རྣལ་འབྱོར་ནི་བསྐྱེད་རིམ་གྱི་སྔོན་འགྲོ་ཡིན་ཅིང་། དག་པ་རྗེས་སུ་དྲན་པ་ནི་ཁ་ཅིག་སྤྱོད་ལམ་གྱི་ཁོངས་སུ་ཡང་བསྡུ་མོད་ཀྱི། འདིར་བསྐྱེད་


JKT004_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བརྟེན་པར་བྱེད་པ་ཡིན་པས་མཉམ་བཞག་གི་ཁོངས་སུ་བསྡུའོ། །དང་པོ་མཉམ་བཞག་གི་རྣལ་འབྱོར་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་པ་དང་། བཟླས་པའི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། རྒྱས་པ་ལ་དགའ་བས་ཇི་སྙེད་ཡོད་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་བསྒོམས་པ། འབྲིང་ལ་དགའ་བས་ཇི་ལྟ་བ་བཞིན་དུ་བསྒོམ་པ་དང་། བསྡུས་པ་ལ་དགའ་བས་རང་གི་ལུས་ལ་ཇི་ལྟར་གྲུབ་པ་ཙམ་ཞིག་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། བདག་ཉིད་སངས་རྒྱས་སུབསྐྱེད་པ། དེ་ལ་མཆོད་པའོ། །དང་པོ་ལ་གཉིས། རྒྱུ་ཚོགས་གཉིས་བསགས་པ། འབྲས་བུ་ལྷ་བསྐྱེད་པའོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་ཚོགས་འཁོར་དང་བཅས་པ་དང་། དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་བསྒོམ་པའོ། །དང་པོ་ལ་བཞི་སྟེ། སོག་པར་འགྱུར་བའི་དགེ་བའི་རྩ་བ་གཞན་དོན་དུ་འགྱུར་བར་བྱ་བའི་ཕྱིར་ཚངས་པའི་གནས་བཞི་བསྒོམ་པ་དང་། ཚོགས་གསོག་པའི་རྟེན་ཁྱད་པར་ཅན་ཞིག་དགོས་པས་ཕུང་ཁམས་སྐྱེ་མཆེད་གཞི་སྦྱང་བསྒྱུར་དང་། ཚོགས་བསགས་དངོས་དང་འབྲེལ་བས་ཚོགས་བསགས་བཅུ་གསུམ་གྱིས་ཚོགས་བསགས་པ་དང་། དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་ལ་འཇུག་པ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་སྲུང་འཁོར་


JKT004_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའོ། །དང་པོ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ནི། ཐོ་རངས་ཀྱི་དུས་སུ་ཚངས་གནས་བཞི་བསྒོམས་པའི་སྔོན་དུ་ལྡང་བའི་རྣལ་འབྱོར་འཇུག་ལ། དེའི་སྔོན་དུ་ཉལ་བའི་རྣལ་འབྱོར་འཇུག་པས་རིམ་པ་བཞིན་དུ་བརྗོད་ན་མདངས་ནུབ་མོ་ཉལ་བའི་རྣལ་འབྱོར་གྱིས་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་རྡོ་རྗེ་སེམས་དཔའ་བསྡུ་བའི་རྫོགས་རིམ་སྟོང་པ་ཉིད་ཀྱི་ངང་ལ་ཉལ་བར་བྱ་སྟེ་ཉལ་བའི་རྣལ་འབྱོར་རོ། །དེ་ནས་ལྡང་བའི་རྣལ་འབྱོར་ནས་ཚངས་གནས་བཞི་བསྒོམ་པ་ལ་ཐུག་གི་བར་བྱ་བའི་རིམ་པ་ལ། མན་ངག་ནས་འབྱུང་བའི་ལུགས་དང་། འགྲེལ་པ་ནས་འབྱུང་བ་དང་། དེས་ལུགས་སྔ་མ་འགོག་པར་མི་འཐད་པར་བསྟན་པའོ། །དང་པོ་ནི། ནམ་མཁའ་ནས་ཌ་མ་རུ་དང་སྔགས་ཀྱི་སྒྲས་གཉིད་བསྐུལ་ནས་སད་པ་དང་མཉམ་དུ་ལུས་ལྷར་བྱིན་གྱིས་བརླབས་པ་སྐུའི་དགའ་བ། ངག་ཏུ་ཤྲཱི་ཧེ་རུ་ཀ་ཨ་ཧཱུྃ་བརྗོད་ཅིང་དོན་དྲན་པར་བྱ་བ་ངག་སྔགས་སུ་བྱིན་གྱིས་བརླབས་པ་གསུང་གི་དགའ་བ། སྙིང་གར་ཨ་ལས་ཟླ་དཀྱིལ་གྱི་སྟེང་དུ་ཧཱུཾ་ཡེ་ཤེས་ལྔའི་བདག་ཉིད་དུ་མོས་པ་སེམས་ཡེ་ཤེས་སུ་བྱིན་གྱིས་བརླབས་པ་ཐུགས་ཀྱི་དགའ་བའོ། །འདི་ཐ་མལ་གྱི་སྒོ་གསུམ་དག་པའི་ཆ་ནས་དག་པ་གསུམ་གྱི་ཐ་སྙད་དུ་རུང་ངོ་། །རྡོར་སེམས་བསྒོམ་བཟླས་ནི་ཉལ་བའི་རྣལ་འབྱོར་དང་ལྡན་པས་ཚུལ་བཞིན་ཉལ་


JKT004_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བར་དུ་ཉེས་ལྟུང་གིས་མ་གོས་པའི་དབང་དུ་བྱས་ནས་ཐོར་ཐུན་ལ་མི་མཛད་ཅིང་། ཐུན་ཕྱི་མ་གསུམ་ལ་ནི་དགའ་བ་གསུམ་གྱི་སྔོན་རྗེས་གང་རུང་དུ་ངེས་པར་དགོས་སོ། །ཕྱི་མ་གཉིས་ནི་འདིར་མ་བཤད་དོ། །གཉིས་པ་རྣལ་འབྱོར་སྒོམ་པ་དངོས་ནི། ཐུན་མོང་དུ་ཚངས་རིས་ཀྱི་ལྷའམ། མཐར་ཐུག་ཚངས་པ་སྒྲིབ་བྲལ་བཅོམ་ལྡན་འདས་ཀྱི་གོ་འཕང་འཐོབ་པའི་ཕྱིར་བྱམས་སོགས་བཞི་བསྒོམ་པ་སྟེ། འདི་ལ་ཐུན་མོང་དང་། ཐུན་མིན་གྱི་སྒོམ་ཚུལ་གཉིས་སོ། །དང་པོ་ནི། ཕར་ཕྱིན་དང་མཐུན་པར་རིམ་བཞིན་དུ་རྒྱས་པར་བསྒོམ་པའོ། །འགྲོ་ཀུན་བྱང་ཆུབ་ལ་འགོད་པའི་སླད་དུ་ལམ་ཟབ་མོ་བསྒོམ་པར་བགྱིའོ་ཟླ་སྙམ་དུ་འཕེན་པ་གཏོང་སྟེ་བསྡུས་པར་བསྒོམ་པ་གང་རུང་ངོ་། །གཉིས་པ་ནི། བཅོམ་ལྡན་འདས་ཀྱི་རྩ་ཞལ་བཞི་ལས་འོད་ཟེར་སྤྲོ་བསྡུ་དང་བཅས་པ་སོགས་སྐུ་གསུང་ཐུགས་བྱིན་རླབས་གསུམ་དང་ལྡན་པའི་བྱམས་སོགས་ཚད་མེད་བཞི་བསྒོམ་པའོ། །གཉིས་པ་ཚོགས་བསགས་པ་ལ་རྟེན་ཁྱད་པར་ཅན་དགོས་པས་ཕུང་ཁམས་སྐྱེ་མཆེད་བཞི་སྦྱོང་ཞིང་བསྒྱུར་བ་ནི། གང་ལ་བསྒོམ་པའི་གཞི། གང་བསྒོམ་པའི་ལྷ། ཇི་ལྟར་སྒོམ་པའི་ཚུལ། དགོས་ཆེད་དང་བཞིའོ། །དང་པོ་ནི་ཕུང་པོ།། ཁམས༦། སྐྱེ་མཆེད་༧དེ་ཆོས་བཅུ་བདུན་ནོ། །གཉིས་པ་ནི། རྣམ་སྣང་སོགས་ལྷ་བཅུ་བདུན་ནོ། །གསུམ་པ་ནི། མངོན་བརྗོད་


JKT004_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགོངས་པ་ལྷ་ཞལ་ཕྱག་ཅན་ནམ། ཀུན་སྤྱོད་ལྟར་ལྷའི་ངོ་བོ་ཙམ་དུ་སྒོམ་པ་གཉིས་ཏེ། རྗེ་བཙུན་རིན་པོ་ཆེས་ཕྱི་མ་ལྟར་བཞེད་དོ། །དེ་ཡང་བདག་༢དང་གཞན་༢གྱི་སྦྱོང་བ་དང་། བསྒྱུར་བ་བཞིའོ། །འདིར་གང་བཟུང་ན་རྣལ་འབྱོར་པ་སྤྲོས་དང་བཅས་པ་དང་། སྤྲོས་མེད་ཀྱི་དབང་དུ་བྱས་པའོ། །ཞེས་འདོད། བཞི་པ་ནི། རིགས་ངན་གྱི་ཁང་པ་མེས་བསྲེགས་པ་བཞིན་ཚོགས་བསགས་པའི་རྟེན་ཁྱད་པར་ཅན་དུ་བྱས་པའོ། །གསུམ་པ་ཚོགས་བསགས་པ་དངོས་ནི། ཕམ་མཐིང་པའི་བཞེད་པ་བསོད་ནམས་ཀྱི་ཚོགས་བསགས་ཏེ། སྲུང་འཁོར་བསྒོམ་པར་གསུངས་ལ། འདི་ལ་ཚོགས་ཞིང་སྤྱན་དྲངས་པ་སྔོན་དུ་འགྲོ་བས། ཕྱག །མཆོད་པ། བཤགས་པ། སྐྱབས་སུ་འགྲོ་བ། དམ་སྡོམ་བཟུང་བ། ཡི་རངས། སེམས་བསྐྱེད། བསྐུལ་བ། གསོལ་བ་གདབ་པ། ལམ་ལ་གནས་པ། བསྔོ་བ། གནང་བ་ནོད་པ། གཤེགས་གསོལ་ཏེ་བཅུ་གསུམ་མོ། །བཞི་པ་ཡེ་ཤེས་ཀྱི་ཚོགས་བསགས་པའི་སྔོན་དུ་བར་ཆད་མི་འབྱུང་བའི་ཕྱིར་སྲུང་འཁོར་བསྒོམ་པ་ལ་བཞི། རྒྱུད་ལས་གསུངས་ཚུལ། འགྲེལ་བྱེད་གཞན་གྱིས་བཀྲལ་ཚུལ། མན་ངག་ཐུན་མོང་མ་ཡིན་པའི་ལུགས་བཤད་པ་དེ་ལྟར་བསྒོམས་པའི་དགོས་པའོ། །དང་པོ་རྩ་རྒྱུད་ལེའུ་བཅུ་གསུམ་པ་ལས། རྡོ་རྗེའི་ར་བ། ས་གཞི། མདའ་དྲ། གུར་ཏེ་བཞིར་གསུངས། སློབ་དཔོན་གྱིས།


JKT004_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ར་བ་དང་། མདའི་དྲྭ་བ། རྡོ་རྗེའི་ས་གཞི། ར་བ། བླ་རེ། ཕུར་བུ་གདབ་པ་སྟེ་དྲུག་བཤད་དོ། །གཉིས་པ་ནི། པྲ་ཛྙཱ་རཀཱི་ཏ་སོགས་ཀྱི་འགྲེལ་ཚུལ་ཏེ་འདིར་མ་སྨོས་སོ། །གསུམ་པ་ནི། །རྗེ་བཙུན་གྱིས། རང་གི་སྙིང་ག་ནས་སྤྲོས་པའི་ཕོ་ཉས་བགེགས་བྲལ་བར་བྱ་བ་དང་། རྡོ་རྗེའི་ས་གཞི་སོགས་སྲུང་འཁོར་བརྟན་པར་བསྒོམ་པ་དང་། བགེགས་ཚར་བཅད་དེ་ཕུར་བུས་གདབ་པ་གསུམ་དུ་བཤད་དོ། །བཞི་པ་ནི། དམར་གྱིས་བགེགས་ལས་སྲུང་བའི་ཕྱིར་གནས་སྲུང་བ་དང་། རྗེ་བཙུན་གྱིས་དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་བར་ཆད་མི་འབྱུང་བའི་ཆེད་དུ་ཡིན་པར་གསུངས་སོ། །གཉིས་པ་དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་བསྒོམ་པ་ལ་བཞི། གཞུང་ལས་བཤད་ཚུལ། འགྲེལ་པས་བཀྲལ་ཚུལ། མན་ངག་གིས་ཇི་ལྟར་སྒོམ་ཚུལ། དགོས་པའོ། །དང་པོ་མངོན་རྟོགས་ལས་བཤད་ཚུལ་དང་། གཉིས་པ་འགྲེལ་པ་གསུམ་གྱིས་བཀྲལ་ཚུལ་ཏེ་མ་སྨོས་ལ། གསུམ་པ་ནི། རྗེ་བཙུན་གྱིས། སྲུང་བའི་རྣམ་པ་སེམས་སུ་ཤེས་པའི་སླད་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཙམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། མིག་ཡོར་ལྟ་བུར་བསྒོམས་ལ། སྭ་བྷཱ་བ་སོགས་ཀྱིས་བརྟན་པར་བྱ། སྒྱུ་མ་དེ་ཡང་རང་བཞིན་མེད་པར་བསྒོམས་ལ། ཤུ་ནྱ་ཏས་བརྟན་པར་བྱའོ། །ཞེས་གསུངས་པ་འདི་ཙམ་ཞིག་


JKT004_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་གྱི་གྲུབ་ཆེན་རྣམས་ཀྱི་དགོངས་པར་ཡང་མངོན་ནོ། །དེ་ཡང་དོན་དམ་བྱང་སེམས་སྟོང་པ་ཉིད་བགོམ་པའི་ཕྱིར། །སྔོན་དུ་ཆོས་ཐམས་ཅད་སེམས་ཀྱི་སྣང་ཆ་སྒྱུ་མ་ཙམ་དུ་བརྟགས་ཏེ། སླར་ལ་དེ་ཡང་མི་དམིགས་པ་སྟོང་པ་ཉིད་དུ་སྦྱོང་བའོ། །རྒྱས་པར་ཕྱི་ནང་ཐམས་ཅད་ཧཱུྃ་ལ་བསྡུ་ཞིང་། དེ་ཡང་མི་དམིགས་པར་སྒྱུ་མ་དང་། དེ་སྟོང་པར་བསྒོམ་པ་སྟེ་ལོ་ཆེན་གྱི་འགྲེལ་ཆུང་ལས་འབྱུང་ངོ་། །བཞི་པ་ནི། ཨཱ དངོས་ཀྱི་དགོས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བསྒོམ་པ་ཡིན་པས་དོན་ཆེན་པོ་དང་། ཆེད་དུ་བྱ་བའི་དགོས་པ་བསྲུང་བའི་རྣམ་པ་སེམས་ཙམ་དུ་ཤེས་པར་བྱ་བའི་ཕྱིར་རོ། །ཞེས་རྗེ་བཙུན་གྱིས་སྐབས་འདིར་བཞེད་ལ། སྤྱིར་རྩེ་མོས་དགོས་པ་བཞི་གསུངས་པ་ཐམས་ཅད་ལ་སྦྱར་རོ། །གཉིས་པ་འབྲས་བུ་ལྷར་བསྐྱེད་པ་ལ་བཞི། དམ་ཚིག་སེམས་དཔའ་བསྐྱེད་པ། ཡེ་ཤེས་པ་དགུག་པ། གོ་ཆ་བཅིངས་པ། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པའོ། །དང་པོ་ལ་གཉིས་ཏེ། ཕྱིའི་དལ་དག་པ་དང་བཅས་བསྒོམ་པ་དང་། ལུས་ཀྱི་དལ་སྔགས་ཀྱིས་བྱིན་གྱིས་བརླབས་པ་དང་བཅས་པ་བསྒོམ་པའོ། །དང་པོ་ལ་གསུམ། ཕྱིའི་དལ་བསྒོམ་པ་དངོས། ཕོ་ཉ་གསུམ་བསྲེ་བ། བྱང་ཆུབ་ཕྱོགས་ཀྱི་དག་པ་དྲན་པར་བྱའོ། །དང་པོ་ལ་གཉིས་ཏེ། རྟེན་བསྐྱེད་པ་དང་། བརྟེན་པ་བསྐྱེད་པའོ། །དང་པོ་ནི། ཡེ་ཤེས་ཚོགས་


JKT004_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་རྗེས་སུ་ནམ་མཁར་ནཱ་ད་འཇོག་པར་པྲ་ཛྷཱ་རཀཱི་ཏ་སོགས་བཤད་ལ། རྗེ་བཙུན་གྱིས་སྟོང་པའི་ངང་ལས་ཡཾ་ཡིག་ལས་ལངས་པ་ལས་ནཱ་ད་མི་འཇོག་པར་འཆད་དེ། དོན་ལ་རྟེན་དང་། །བརྟེན་པར་བཅས་པ་ཐམས་ཅད་རང་གི་སེམས་ཙམ་དུ་བསྒྲུབ་པའི་ཆེད་དུ་ཡིན་པའི་ཕྱིར་འགལ་བ་མེད་དེ། །དེ་ཡང་ཡཾ་པཾ་རཾ་ལཾ་སུཾ་ལྔ་ལས་འབྱུང་བཞི་རི་རབ་དང་བཅས་པའི་དཀྱིལ་འཁོར་ཆགས་རིམ་དང་། མཐུན་པར་གསལ་བཏབ་སྟེ། དེའི་སྟེང་དུ་མར་དོ་སོགས་པདྨ་དང་། དེ་སྟེང་སྣ་ཚོགས་རྡོ་རྗེ། དེ་སྟེང་པད་ཆུང་དུ་འདོད་ཀྱང་། ལོ་ཆེན་དང་། དམར་དང་། རྗེ་བཙུན་རྣམས་ཀྱི་གཞུང་ལྟར་རི་རབ་སྟེང་དུ་སྣ་ཚོགས་རྡོ་རྗེ་ལས་པདྨ་མི་འདོད་དོ། །ཕྱི་མ་ལྟར་ལེགས་པ་ཡིན་ནོ། །གཉིས་པ་རྟེན་བསྐྱེད་པ་ལ་གཉིས། བསྐྱེད་ཆོག་གི་སྒོ་ནས་སྤྱིར་བསྟན། རྟེན་དང་བརྟེན་པའི་གནས་ཚུལ་སོ་སོར་བཤད་པའོ། །༧ དང་པོ་ལ། བསྐྱེད་རིམ་མངལ་སྒོང་གི་ཁྱད་པར་སྒོང་སྐྱེས་ཀྱི་མངོན་བྱང་བྱེ་བྲག་ཏུ་བཤད་པ། ཤིན་ཏུ་ཟབ་པའི་མན་ངག་གིས་གཉིས་ཀ་ལ་སྦྱར་ཚུལ། དེ་ཉིད་སྦྱང་གཞི་སྦྱོང་བའི་ཚུལ་དང་བཞི་ལས། དང་པོ་ནི། མངལ་སྐྱེས་ཀྱི་སྐབས་སུ་སྒྲ་སཾ་སྐྲྀ་ཏའི་སྐད་དང་། སྒྲ་མིན་པྲ་ཀྲྀ་ཏའི་སྐད་ཀྱི་གླུས་བསྐུལ་བ་ཡོད་པ་དང་། སྒོང་སྐྱེས་ཀྱི་བསྐྱེད་ཆོག་ལ་དེ་མེད་པར་གསུངས་སོ། །དེས་ན་འདིར་ཡང་གཞུང་གི་དངོས་


JKT004_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དང་། འགྲེལ་པ་རྣམས་ཀྱི་བཤད་ཚུལ་གླུས་བསྐུལ་མེད་པར་རོ་གཅིག་ཏུ་འདྲེས་པའི་ཐིག་ལེའི་གོང་བུ་ཙམ་ལས་རྟེན་བརྟེན་པ་གཅིག་ཆར་དུ་བསྐྱེད་པས་སྒོང་སྐྱེས་ཀྱི་བསྐྱེད་ཆོག་ཡིན་ཞེས་སྔོན་གྱི་མཁས་པ་དག་འདོད་ལ། འོན་ཀྱང་སྒོང་སྐྱེས་སྦྱོང་བ་གཙོ་བོར་བྱས་ཀྱི། སྐྱེ་གནས་བཞི་ཆར་སྦྱོང་ཚུལ་ནི་འོག་ཏུ་འཆད་དོ། །གཉིས་པ་ནི། སློབ་དཔོན་གྱི་གཞུང་ལས། ཨཱ་ལི་ཀཱ་ལི་སྦྱོར་ཞེས་པ་ཙམ་ལས་ཟླ་བ་ཉི་མ་གང་ཡང་མི་གསལ་བས། དེའི་དོན་པྲཛྙཱ་རཀྵི་ཏ་སོགས་ཟླ་བ་གཅིག་ཏུ་འཆད་ལ། མཁས་པ་བུས་ཟླ་བའི་དཀྱིལ་འཁོར་དཀར་དམར་གཉིས་སྒོམ་པ་སོགས་འདོད་ཀྱང་། རྒྱ་གར་ཀུ་མཱ་ར་བྷོ་དྷིའི་འགྲེལ་པ་དང་། དེ་བཞིན་གཤེགས་པའི་རྡོ་རྗེ་དང་། རྗེ་བཙུན་དང་། དམར་རྣམས་ཀྱིས་ཟླ་ཉི་གཉིས་སུ་བཞེད་ལ། འོན་ཀྱང་དགོངས་པའི་ཚུལ་ཅུང་ཟད་མི་འདྲ་བས། རྗེ་བཙུན་གྱིས་བཞེད་པ་ནི་འོག་ཏུ་འཆད་དོ། །གསུམ་པ་ནི། ནཱ་རོ་པའི་མན་ངག་ཕམ་མཐིང་པ་ནས་བརྒྱུད་པ་རྗེ་བཙུན་གྱིས་འདི་ལྟར་བཞེད་དེ། །སྒྲ་ནཱ་ད་ལས་ཚུལ་ཨཱ་ལི་བཅུ་དྲུག་དཀོར་ཕྲག་མཚན་གཉིས་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་མེ་ལོང་དང་། དེ་སྟེང་ནཱ་ད་ལས་ཀཱ་ལི་བཞི་བཅུ་ཕྲག་གཉིས། དཔེ་བྱད། ཞུ་བ་ལས་བྱུང་བའི་ཉི་མ་མཉམ་ཉིད། དེ་གཉིས་ཀྱི་བར་དུ་སྒོང་སྐྱེས་ཀྱི་དབང་དུ་བྱས་ནས་རིགས་དྲུག་པ་རྡོ་རྗེ་འཆང་གི་ངོ་བོ་ཡིན་པས་ཡི་གེ་ཧཱུྃ་དཀར་


JKT004_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསྒོམས་ཏེ་སོར་རྟོག །དེ་ནས་སྒྲ་ཚུལ་གྱི་རྟེན་འབྲེལ་གྱིས་གཅིག་ཏུ་འདྲེས་པ་ནི་བྱ་བ་ནན་ཏན། རྟེན་དང་བརྟེན་པ་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་དབྱིངས་ཡེ་ཤེས་སོ། །དེ་ཡང་ཉི་ཟླ་ཁ་སྦྱོར་གྱི་སྟེང་དུ་ཐ་མལ་གྱི་སྒོ་གསུམ་འབྲུ་གསུམ། ཡུམ་གྱི་མཁའ་དག་པའི་རྟགས་པདྨ་བྱང་ཆུབ་སེམས་མཚོན་པ་ཟླ་བ། དེ་སྟེང་འོད་གསལ་མཚོན་པའི་ཧཱུཾ། དེ་ནས་མས་རིམ་གྱིས་ཐིམ་ནས་ནཱ་ད་ཁ་དོག་དམར་སྐྱ་ཀ་ར་ཀ་ར་སོགས་ཡབ་ཀྱི་ཕྲེང་སྔགས་ཟློས་བཞིན་ཡས་མར་བྱོན་པ་ནི་སྒྲ་དང་། ཉི་ཟླའི་བར་གྱི་ཧཱུྃ་ནི་མཐོ། གང་ཙམ་གྱི་ཚུལ་ཏེ། དེ་ལྷའི་སྒྲ་དེ་ས་སྟེང་གི་ཉི་མ་ཕུག་ནས་ཚུལ་ལ་ཐིམ་པའི་རྐྱེན་གྱིས་ཉི་ཟླ་དང་བཅས་ཐམས་ཅད་གཅིག་ཏུ་འདྲེས་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་མེ་ལོང་ལ་བཞིན་བརྒྱས་བལྟས་པ་བཞིན་དུ་དུས་གཅིག་ཏུ་བསྐྱེད་ལ། དབུས་གྱི་གཙོ་བོ་ནས་བཟུང་སྟེ། སྲུང་བའི་འཁོར་ལོའི་བར་དུ་རིམ་གྱིས་གསལ་གདབ་པར་བྱའོ། །ཞེས་བཤད་དོ། །མངལ་སྐྱེས་ལ། སྒྲ་ཚུལ་གྱིས་འདྲེས་པ་ལས་གཞལ་ཡས་ཁང་དང་གཙོ་བོ་ཡབ་ཡུམ་དུས་གཅིག་ཏུ་བསྐྱེད་ལ། དེའི་རྗེས་སུ་འཁོར་མངལ་འབྱིན་དང་། ཞུ་བ་གླུས་བསྐུལ་སོགས་མེད་པར་གསུངས་སོ། །བཞི་པ་ནི། མངོན་བྱང་གི་གཙོ་བོ་སྒོང་སྐྱེས་དང་སྦྱར་བ། ཡན་ལག་ལྔ་སྐྱེས་དང་སྦྱར་བ། སྐྱེ་གནས་བཞི་ཆར་སྦྱོང་བའི་དུས་སོ། །དང་པོ་


JKT004_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

འོག་གི་ཟླ་བ་ནི་ཕའི་ཁུ་བ། ཉི་མ་ནི་མའི་རཀྟ། ཧཱུྃ་ནི་ཞུ་བ་གླུས་བསྐུལ་མེད་པས་རྒྱུ་རྡོ་རྗེ་འཆང་གི་ངོ་བོ་ཡིན་པར་གསུངས་པ་ནི་འབྲས་བུའི་རྣམ་པ་ཡིན་ལ། སྦྱང་གཞི་ལ་ནི་ཕ་མ་གཉིས་ཡིན་པར་དེ་ཉིད་ཀྱིས་། གྲུབ་བོ། །གཉིས་པ་ནི། དེའི་སྟེང་དུ་འབྲུ་གསུམ་སྒོམ་པ་བར་དོའི་ལུས་ངག་ཡིད་གསུམ་ནས། དེ་ཐམས་ཅད་རོ་གཅིག་ཏུ་གྱུར་པ་མངལ་དུ་སེམས་ཅན་སྒོ་ངར་གྱུར་པ་དང་། དེ་ལས་སྐད་ཅིག་གི་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ལམ་གྱིས་གྲུབ་པ་ནི་སྒོ་ང་ཕྱིར་བཙས་ཤིང་བཅག་ནས་སེམས་ཅན་དུ་གྱུར་པ་མཚོན་པའོ། །གསུམ་པ་ནི། དམར་གྱིས་ཟླ་བ་གཤེར་ཡིན་པས་དྲོད་གཤེར་སྐྱེས་དང་། འདྲེས་པ་ལས་སྐད་ཅིག་གིས་གཅིག་ཆར་དུ་གྲུབ་པ་ནི་རྫུས་སྐྱེས་ཀྱི་སྦྱོང་བྱེད་དོ། །ཞེས་བཞེད། གཞན་དུ་མངོན་བྱང་གཅིག་པོ་དེ་ཉིད་སྐྱེ་གནས་བཞི་ཆར་སྦྱོང་ཚུལ་མན་ངག་ལས་འབྱུང་བ་ལྟར་རྟོགས་པར་བྱའོ། །གཉིས་པ་སོ་སོར་བཤད་པ་ལ་གཉིས་ལས། དང་པོ་རྟེན་བཤད་པ་ནི། རྗེ་བཙུན་གྱིས་གཙོ་བོ་ནས་མེ་རིའི་བར་གསལ་གདབ་པ་དང་། འཕགས་པས་གཞལ་ཡས་ཁང་ཐོག་མར་གསལ་གདབ་པར་གསུངས་པ་ལས། ཕྱི་མ་ནི་སྤྱི་མཐུན་གྱི་དབང་དུ་བྱས་ལ། སྐབས་འདིར་རྟེན་བཤད་ན་འཆད་བདེ་བས། དེའི་དོན་བཤད་པ་ལ། འོག་གཞི་ལོགས་དང་སྟེང་ཐོག་དང་། །སྒོ་དང་རྟ་བབས་ལྔ་ཡིས་བསྡུས། །ཞེས་པའི་


JKT004_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ། །འོག་ལ་སྣ་ཚོགས་རྡོ་རྗེ་དང་། ཉི་མ་པདྨ་འཁོར་ཡུག་གོ །ཞེས་བཞི་ལས། སྣ་ཚོགས་རྡོ་རྗེ་ནི་གནས་པའི་གཞི་སྟེ། རྭ་གསུམ་གསུམ་བཅུ་གཉིས་པ་དང་། ལྔ་ལྔ་ཉེར་ལྔ་པ་གང་རུང་སྟེ། །འོན་ཀྱང་ཕྱི་མ་ལ་སྟེང་རྭ་འོག་རྭ་ནི་མིན་ནོ། །དེ་འོག་ཉི་མ་ལྗང་གུ་དང་། དེ་འོག་སྣ་ཚོགས་པདྨ། ཁོར་ཡུག་ནི་རྡོ་ར་མེ་རི་དང་དུར་ཁྲོད་དོ། །གཉིས་པ་ནི། ལོགས་བཞི་རྩིག་པ་ཕ་གུ་དང་། དྲྭ་ཕྱེད་མདའ་ཡབ་པུ་ཤུའོ། །ཞེས་སྣ་ཚོགས་རྡོ་རྗེའི་སྟེང་དུ་རྩིག་པ་ཁ་དོག་ལྔ་དང་། དེའི་འགྲམ་རྒྱབ་རིན་པོ་ཆེའི་ཕ་གུ་གསེར་གྱི་རང་བཞིན་རིན་པོ་ཆེའི་ཕྲས་བཏབ་པ། ཕ་གུའི་སྟེང་དུ་དྲྭ་ཕྱེད་སྟོང་པའི་རང་བཞིན་ལ་བར་སྐབས་སུ་རིན་པོ་ཆེའི་བྲེ་ཕུལ་ཅན། དེ་སྟེང་གསེར་གྱི་སྐ་རགས་ཏེ་གདུང་ལེབ། མདའ་ཡབ་གསེར་གྱི་སྐ་རགས་དང་། ནང་གི་གདུང་མཉམ་པོར་བྱས་པའི་སྟེང་ནས་ཐོག་ཕུབ་པའི་ཁྱམས་ཀྱི་བྱ་འདབ་འོག་གི་འདོད་སྣམ་དང་ཐད་མཉམ་པོར་ཡོད་པའི་མཐའ་སྐོར་ལ་རིན་པོ་ཆེའི་མདའ་ཡབ་ཐུར་དུ་འཕྱང་བ། དབྱིབས་མཆུ་མེད་པའི་སྤྱི་བླུགས་མགོ་འཇུག་བཟློག་པ་ལྟ་བུ། པུ་ཤུ་མདའ་ཡབ་ཀྱི་སྟེང་གི་ཐད་དུ་གྱེན་དུ་བསྒྲེང་བའི་ཚུལ་གྱིས་གནས་པ། གསུམ་པ། སྟེང་ཐོག་ཀ་ཤིང་བརྩེགས་མ་དང་། །གདུང་དང་ཐོག་ཕུབ་རིམ་པ་དྲུག །ཅེས་པས་བཞི་སྟེ། ཀ་བ་ནི་འཁོར་ལོ་གོང་མ་བཞི་པོ་རེ་ལ་བརྒྱད་བརྒྱད་གསུངས་


JKT004_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ་གཉིས། ཤིང་བརྩེགས་ཀྱང་དེའི་རིག་པས་སོ་གཉིས། གདུང་ནི་ཟླུམ་པོ་བཞི་དང་། ཐལ་གདུང་མིག་མང་རིས་སུ་བྲིས་པ་རྣམས་སོ། །ཐོག་ཕུབ་ལ། དམ་ཚིག་འཁོར་ལོའི་སྟེང་དུ་སྐུ་འཁོར་གྱི་གཞི་སྟེ་དང་པོ། དེ་སྟེང་སྐུ་འཁོར་གྱི་ཐོག་ཕུབ་གསུང་འཁོར་དམར་པོ། དེ་སྟེང་གསུང་འཁོར་གྱི་ཐོག་ཕུབ་ཐུགས་འཁོར་སྔོན་པོ། དེ་སྟེང་སྣ་ཚོགས་པདྨ་ཡུབ་དང་བཅས་བདེ་ཆེན་འཁོར་སྔོན་པོའི་ཐོག་ཕུབ། དཀར་པོ། ལོ་ཐུགས་དཀྱིལ་གྱི་ཐོག་ཕུབ། དེ་སྟེང་བདེ་ཆེན་འཁོར་ལོའི་ཐོག་ཕུབ་དང་། དེ་སྟེང་གཙོ་བོའི་ཐོག་ཕུབ་སྟེ་དྲུག་གོ །བཞི་པ་སྒོ་ནི་གོ་སླ། ལྔ་པ་རྟ་བབས་ནི། སྒོ་ཁང་གི་སྟེང་འགེབས་ཏེ། སྟེགས་བུ་དང་། བུམ་པ་དང་། ཀ་བ་དང་། ཞུ་རིང་། ཞུ་ཐུང་། གདུང་། རྟ་བབས་སྣམ་བུ་འོག་མ། དེ་སྟེང་གོང་མ་གསུམ་རྣམས་རིམ་པར་བརྩེགས་པ། དེ་དབུས་སུ་པདྨ་འཁོར་ལོ་གདུགས་རྣམས་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ། རྒྱབ་ངོས་སུ་གདུགས་འཛིན་པའི་སྤྲེའུ་གཉིས། སྣམ་བུའི་རིམ་པ་རྣམས་ལ་རྒྱལ་མཚན་དང་། བ་དན་ལ་སོགས་པས་བརྒྱན་པའོ། །གཞལ་ཡས་ཁང་དེའི་དབུས་ན་ལྷ་སོ་བདུན་ལ་པད་ཉིའི་གདན་རེ་རེ་དང་། གཙོ་བོ་ཡབ་ཡུམ་ལ་འཇིགས་བྱེད་དང་དུས་མཚན། སྒོ་མཚམས་བརྒྱད་ལ་ཡི་དྭགས་ཀྱི་གདན་ནོ། །གཉིས་པ་བརྟེན་པ་བཤད་པར། གཙོ་བོ་ཡབ་ཡུམ་དང་། འཁོར་


JKT004_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷ་རྣམས་ཀྱི་རྣམ་པ་བཤད་པའོ། །དང་པོ་ལ་སྐུ་མདོག་དང་ཕྱག་མཚན་བཤད་པ། རྒྱན་ཆ་དང་གདན་བཤད་པ། དེའི་རྣམ་དག་བཤད་པ་གསུམ་སྟེ། འདིར་རྒྱས་པར་མ་སྤྲོས་སོ། །གཉིས་པ་ནི། །མཁའ་འགྲོ་མ་སོགས་བདེ་ཆེན་འཁོར་ལོའི་མཁའ་འགྲོ་བཞི་དང་། ཐུགས་གསུང་སྐུའི་དཀྱིལ་འཁོར་དུ་ཡུལ་ཉེར་བཞིའི་དཔའ་བོ་དང་རྣལ་འབྱོར་མ། སྒོ་མཚམས་མ་བརྒྱད་རྣམས་སོ། །གཉིས་པ་ཕོ་ཉ་གསུམ་བསྲེ་པ་ནི། བལ་པོ་ཕམ་མཐིང་པའི་མན་ངག་ལས་འབྱུང་སྟེ། དེ་ཡང་བདག་གིས་སྒོམ་པའི་བློ་ལ་སྣང་བ་རྣམས་ནི་ཕོ་ཉ་སྔགས་སྐྱེས། ཛམ་བུའི་གླིང་གི་ཡུལ་རྣམས་ན་སྤྲུལ་པའི་སྐུ་ཉིད་དངོས་སུ་བཞུགས་པ་རྣམས་ནི་ཕོ་ཉ་ཞིང་སྐྱེས། འོག་མིན་ལོངས་སྤྱོད་རྫོགས་སྐུའི་ཞིང་ན་བཞུགས་པ་རྣམས་ནི་ལྷན་སྐྱེས་སོ། །དེ་བསྲེ་བ་ནི། དབང་པོ་རབ་ཀྱིས་ཐམས་ཅད་དུས་གཅིག་ཏུ་བསྲེ་བ་ནི། བློ་ལ་སྣང་བའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་བཅས་པ་འདི་ནི་ཕྱི་རོལ་སྣོད་ལ་བཞུགས་པའི་ཞིང་སྐྱེས་ཀྱི་ཡུལ་རྣམས་ཡིན་ལ། དེ་ཉིད་འོག་མིན་ན་བཞུགས་པའི་ལྷན་སྐྱེས་ཀྱི་གཞལ་ཡས་ཁང་ཡིན་ལ། དེ་ཉིད་ཆོས་སྐུ་ལས་བྱུང་བ་ཡིན་སྙམ་དུ་ཡུལ་ལ་ཡུལ་གྱི་ཞེན་པ་དང་། ལྷ་ལ་ཡང་དེ་བཞིན་དུ་དམིགས་པས་ལྷ་ལ་ལྷ་ཡི་ཞེན་པ་བྱ། འབྲིང་འཁོར་ལོ་རེ་རེ་ནས་དང་། ཐ་མས་ཡུལ་སོ་སོ་དང་ལྷ་སོ་སོ་ཡོངས་སུ་རྫོགས་པར་ཞེན་པ་བྱའོ། །


JKT004_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་སྒོམ་པ་མས་སྒོམ་དང་། སྔགས་སྐྱེས་ནས་ཞིང་སྐྱེས་སོགས། སྔགས་སྐྱེས་ཞིང་སྐྱེས་དང་། བྱིན་རླབས་ཡས་རློབ་ཞེས་བྱ་སྟེ། དེ་ལྷན་སྐྱེས་དང་། དེ་ཆོས་སྐུའི་བྱིན་གྱིས་རློབ་པའོ། །ཞེས་སོགས་གསུངས་སོ། །གསུམ་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པར་བྱ་བ་ནི། གང་བསྒོམ་པའི་གནས་སྐབས་ཀྱི་ངེས་པ། གང་བསྒོམ་པ་བྱང་ཆུབ་ཕྱོགས་ངོས་བཟུང་བ། གང་བསྒོམ་པའི་གཞི་བཟུང་བ། དེ་ལ་ཇི་ལྟར་སྒོམ་པ། དགོས་ཆེད། གོ་རིམ་ལ་རྩོད་སྤོང་ངོ་། །དང་པོ་ནི། གཞི་ལྷ་གསལ་གདབ་པ་ཙམ་སྔོན་དུ་འགྲོ་དགོས་པ་ལས་གང་དུའང་རུང་མོད། འོན་ཀྱང་གྲུབ་ཆེན་འདིས་འདིར་བསྒོམ་པར་གསུངས་སོ། །གཉིས་པ་ནི། སྤྱིར་མངོན་པ་གོང་འོག་སོགས་ཀྱི་གོ་རིམ་ངོས་འཛིན་ཅུང་ཟད་མི་མཐུན་ཀྱང་། སྐབས་འདིར་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་ལ་བྱང་ཆུབ་༣༧ཁ་དོག་ཆས་ཕྱེ་བའོ། །གསུམ་པ་ནི། ལྷ་སོ་བདུན་པོ་ཐམས་ཅད་དོ། །བཞི་པ་ནི། རྗེ་བཙུན་དང་དམར་གྱིས་ལྷ་ལ་གདོས་བཅས་སོགས་ཀྱི་ཞེན་པ་ལྷ་རང་རྒྱུད་དང་། ཡང་དག་གསལ་བར་དང་། བེམ་པོར་ཞེན་པ་གསུམ། སྐྱེ་བ་དང་། ལམ་དམན་པ་ལ་སོམ་ཉི་ཟ་ན་དག་པ་དྲན་པར་བྱ་བས་ངེས་ཤེས་བསྐྱེད་པར་གསུངས་ཤིང་ལྔ་པའང་། དེའི་ཆེད་དུའོ། །དྲུག་པ་ནི་མ་སྨོས་སོ། །གཉིས་པ་ལུས་དཀྱིལ་སྔགས་ཀྱིས་བརླབས་པ་དང་བཅས་པ་ལ་གཉིས། ལུས་དཀྱིལ་བསྒོམ་པ་དང་། སྔགས་ཀྱིས་


JKT004_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་ཚུལ་ལོ། །དང་པོ་ལ། གཞུང་ལས་བཤད་པའི་ལུས་དཀྱིལ་ངོས་བཟུང་བ། མ་བཤད་པའི་ལུས་དཀྱིལ་ཁ་བསྐངས། དེ་དག་གི་སྒོམ་ཚུལ་ཞིབ་ཏུ་བཤད་པ། དེ་ལྟར་བསྒོམ་པའི་དགོས་པ། རྟོག་པས་བརྟགས་པའི་ལུགས་དགག་པའོ། །དང་པོ་ནི། ལོ་ནག་གཉིས་ཀྱི་གཞུང་ལས། འཁོར་ལོ་གསུམ་གྱི་ལུས་དཀྱིལ་ཁོ་ན་ལས། གཞན་ལྷ་༡༣དང་། རྟེན་ལུས་དཀྱིལ་མ་བཤད་དོ། །གཉིས་པ་ལ། ལྷ་བཅུ་གསུམ་ཁ་སྐོང་བ་དང་། རྟེན་གྱི་དཀྱིལ་འཁོར་ཁ་སྐོང་ཚུལ་གཉིས། དང་པོ་ནི། འཁོར་ལོ་གསུམ་གྱི་སྟེང་དུ། ས་ལྷག་མ་རྣམས་བགྲོད་པའི་ལུས་དཀྱིལ་རྣམས་ངེས་པར་བསྐང་དགོས་ཏེ། དེ་ཡང་ལུས་རྩའི་དཀྱིལ་འཁོར། རྩ༢༤། བུ་ག་བརྒྱད་དང་འབྲེལ་བའི་རྩེ། སྦས་པའི་རྩ་༥སྟེ་སོ་བདུན། པཱུ་ཛ་སོགས་ཉེར་བཞི་དང་། ཧཱུྃ་རིང་བརྒྱད། ཚིགས་ལཱི་པཱི་ཧཱུྃ་ཧཱུྃ་སྟེ ༣༧། སོ་སེན་སོགས་བསྐྱེད་པའི་ཁམས༢༤། རྣམ་ཤེས་བརྒྱད་དང་འབྲེལ་པའི་ཁམས་བརྒྱད། དེ་དག་གི་རྩ་བདུད་རྩི་ལྔ་སྟེ་༣༧ཚན་པ་གསུམ་དང་། དེ་དག་གི་ཁྱབ་བྱེད་དུ་གྱུར་པའི་རླུང་རྣམས་ཀྱིས་ས་བཅུ་གསུམ་བགྲོད་དགོས་པས། ལྷ་ལྷག་མ་བཅུ་གསུམ་ངེས་པར་བསྐང་དགོས་སོ། །གཉིས་པ་ནི། ལོ་ནག་གཉིས་ཀྱི་གཞུང་ལས་དངོས་སུ་མ་གསུངས་ཀྱང་ངེས་པར་མན་ངག་གིས་ཁ་བསྐང་དགོས་ཏེ། སཾ་ཊར་ཞིབ་ཏུ་བཤད་པའི་ཕྱིར་རོ། །གསུམ་པ་ལ་


JKT004_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཏེ། བསྐྱེད་ཆོག་ཡོད་མེད་དཔྱད་པ་དང་། གནས་དང་རྣམ་པ་སོགས་བཤད་པའོ། །དང་པོ་ནི། ལུས་དཀྱིལ་བསྐྱེད་ཆོག་ཡོད་པ་དང་། དེ་མེད་པར་རྐྱེན་ཙམ་གྱིས་གསལ་བཏབ་པ་གཉིས་ལས། དང་པོ་ནི་གསང་འདུས་ལ་སོགས་པའོ། །གཉིས་པ་ནི། འགྲེལ་པ་རྣམས་སུ་གསལ་གདབ་པ་ཙམ་མ་གཏོགས། བསྐྱེད་ཆོག་དང་རྐྱེན་གང་ཡང་མ་གསུངས་མོད། ནཱ་རོ་པའི་མན་ངག་རྗེ་བཙུན་དང་། དམར་གྱིས་སྒྲ་ཚུལ་གྱི་རྐྱེན་ལས་གསལ་གདབ་པར་གསུངས་ཏེ། འོག་རླུང་གིས་ལྟེ་བའི་ཨོཾ་མས་འཕུལ་ཚུལ་དང་། ལྟག་རླུང་གིས་སྤྱི་བོའི་ཧཾ་ཡས་འཕུལ་སྒྲ་སྟེ། དེ་ལྟར་སྒྲ་ཚུལ་གཉིས་སྙིང་གར་འདྲེས་པས་རྐྱེན་བྱས་རྟེན་དང་བརྟེན་པའི་ཕྱིའི་ཧེ་རུ་ཀ་དང་བཅས་པ་དུས་གཅིག་ལམ་མེར་གསལ་གདབ་པའོ། །གཉིས་པ་ནི། དེ་ལྟར་སྒྲ་ཚུལ་གྱིས་གཅིག་ཅར་དུ་གྲུབ་པ་རྣམས་རིམ་གྱིས་གསལ་བཏབ་པའི་ཚེ། ཐོག་མར་རྟེན་ནི། རྐང་མཐིལ་གཉིས་སུ་རླུང་དཀྱིལ་སྦྱང་གཞི་དང་ཚད་མཉམ་པ་བསྒོམ། འདི་ཕྱིའི་གཞལ་ཡས་ཁང་གི་རླུང་གི་དལ་ཡིན་སྙམ་དུ་ཞེན་པ་བྱ། དེ་བཞིན་རིམ་པར་འགྲེའོ། །དེ་ནས་བརྟེན་པ་ཐོག་མར་གཙོ་བོ་ཡབ་ཡུམ་གསལ་གདབ་པ་ནི། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་དྷཱ་ཏིའི་ཧཱུྃ་གི་དབྱིབས་སུ་གནས་པ་ནི་ནང་གི་ཁམས་བྱང་ཆུབ་སེམས་ཡབ་དང་། ཕྱི་ཤུན་གྱིས་ཡུམ་གྱི་རང་བཞིན་དུ་བསྐྱེད་པ་དང་། སྤྱི་བོ་ལ་


JKT004_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གནས་དང་། དུ་ལ་སོགས་པའི་ཡི་གེའི་དབྱིབས་སུ་གནས་པའི་ནང་གི་ཁམས་དཔའ་བོ། ཕྱི་སྣོད་དཔའ་མོ་རྣམས་སུ་གསལ་གདབ་ལ་སོགས་སྦྱར་རོ། །ཕྱི་ནང་དུ་སྦྱར་བའི་རྩ་དེ་དག་གི་རླུང་སེམས་དབུ་མར་ཞུགས་པས་ས་ལམ་བགྲོད་པའོ། །བཞི་པ་ནི། ལོངས་སྐུ་ལམ་བྱེད་དུ་རྗེ་བཙུན་དང་དམར་གྱིས་གསུངས་ཏེ། དེ་ཡང་ལུས་འདི་ཉིད་ཕྱག་ཆེན་མཆོག་གི་དངོས་གྲུབ་ཐོབ་པའི་ཚེ། ལུས་སྒྱུ དཀྱིལ་རྟེན་དང་བརྟེན་པར་བཅས་པ་འཁོར་ལོ་བདེ་མཆོག་རྟེན་དང་བརྟེན་པར་བཅས་པར་གནས་འགྱུར་བའི་ཕྱིར་དེ་ཉིད་ལོངས་སྤྱོད་རྫོགས་སྐུའོ། །དམར་གྱིས་གཙོ་བོར་ལུས་ལ་ཞེན་པ་སྤངས་པའི་ཕྱིར་ཞེས་བྱའོ། །ལྔ་པ་ནི་མ་སྨོས་སོ། །གཉིས་པ་ནི། ཨོཾ་ཨཱཧཱུྃ་སོགས་ཀྱིས་ཕོ་ཉ་གསུམ་རྟེན་དང་བརྟེན་པར་བཅས་པ་ངོ་བོ་གཅིག་ཏུ་དྲན་པར་བྱའོ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་ནི། ལུས་ངག་ཡིད་ཀྱི་སྦྱོར་བས་ཡེ་ཤེས་པ་སྤྱན་དྲངས་ནས་ཕྱི་མཆོད་དང་ཡིད་བྱུང་གིས་མཆོད་དེ། དགུག་གཞུག་བཅིངས་ནས་དབང་དུ་བྱས་ལ་གཉིས་སུ་མེད་པའི་བདེ་བ་དམ་པ་དྲན་པར་བྱའོ། །གསུམ་པ་གོ་ཆ་དགོད་པ་ནི། རྩ་རྒྱུད་ལས། ཡན་ལག་དྲུག་གི་ཧེ་རུ་ཀ །དབང་པོ་དྲུག་དང་མཉམ་སྦྱོར་བ། །ཡི་གེ་རེ་རེར་ཡང་དག་གནས། །ཞེས་སོ། །བཞི་པ་དབང་བསྐུར་ཞིང་རིགས་བདག་གིས་རྒྱས་གདབ་པ་ནི། དབང་ལྷ་


JKT004_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་པ། མཆོད་ཅིང་གསོལ་བ་གདབ་པ། དབང་བསྐུར་བའི་ཚུལ། རིགས་བདག་གིས་རྒྱས་གདབ་པའོ། །དང་པོ་ནི། དབང་ལྷ་༦༢སྤྱན་དྲང་པའོ། །གོ་སླ། གསུམ་པ་ནི་བདུད་རྩིའི་རྒྱུན་ཚངས་བུག་ནས་ཞུགས་ཏེ་གནས་བཞིར་སོན། སྒྲིབ་དག་དབང་བཞི་ཐོབ་པར་མོས་པའོ། །བཞི་པ་ནི། ཆུའི་ལྷག་མ་གྱེན་དུ་བརྟན་པ་ལས་རིགས་ཀྱི་བདག་པོས་བརྒྱན་པར་བསམ་པའོ། །གཉིས་པ་བདག་ཉིད་སངས་རྒྱས་སུ་བྱས་པ་དེ་ལ་མཆོད་པ་ནི། རྗེ་བཙུན་གྱིས་རྒྱུན་དུ་སྔགས་ཀྱི་མཆོད་པ་དང་། ཕྱིའི་མཆོད་པ་དང་། བདུད་རྩིའི་མཆོད་པ་དང་། མཉེས་པའི་མཆོད་པ་དང་། ཡིད་ལས་བྱུང་བའི་མཆོད་པ་དང་། བསྟོད་པའི་མཆོད་པ་སྟེ་དྲུག་མཛད་ལ། ཚེས་བཅུ་སོགས་ཀྱི་དུས་སུ་ཕྱི་མཆོད་ཀྱི་རྗེས་སུ་རིག་མ་༡༦དང་། རིན་ཆེན་༧དང་། འདོད་ཡོན་ཏེ་གསུམ་བསྣན་པར་བཞེད་དོ། །དང་པོ་ནི། ལྷ་སྔགས་གཉིས་སུ་མེད་པས་གསལ་གདབ་པའི་ཚུལ་གྱིས་མཆོད་པ་དང་། གཉིས་པ་ནི། དངོས་སུ་མཆོད་པ་བཤམས་པ་སོགས་སོ། །གསུམ་པ་ནི། བདུད་རྩིས་བླ་མ་བརྒྱུད་པ་དང་དཀྱིལ་འཁོར་སོགས་མཆོད་པ་དང་། བཞི་པ་ནི། རང་གིས་མྱོང་བས་ཕྱི་ནང་གི་ལྷ་རྣམས་དགྱེས་པ་དང་། ལྔ་པ་ནི་ཚོགས་ཞིང་གི་སྐབས་སུ་བཤད་པ་ལྟར་དང་། དྲུག་པ་ནི། བསྡུ་ན་རྐང་པ་བརྒྱད་པ་དང་། སྤྲོ་ན་བསྟོད་པ་རྒྱས་པས་ཀྱང་ངོ་། །དེ་ལྟར་གྱི་


JKT004_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བཟླས་པ་བྱ། དེའི་རྗེས་སུ་ཐུན་མོང་བ་གསུམ་ལ་རྡོ་རྗེ་སེམས་དཔའ་བསྡུ་བའི་ཚུལ་གྱིས་རྫོགས་རིམ་བསྒོམ་པ་དང་། དེ་ལྷའི་སྐུར་ལངས་ནས་དག་དྲན་བྱ། དེ་དག་ནི་མཉམ་བཞག་གི་རྣལ་འབྱོར་རོ། །དེ་ནས་སྤྱོད་ལམ་དང་། ཁ་ཟས་ཀྱི་རྣལ་འབྱོར་གཉིས་བྱའོ། །སྲོད་ཐུན་ལ་བཟླས་པའི་རྗེས་ལ་གཏོར་མ་བཏང་། དེ་ནས་དག་དྲན་བྱ། འབྲེལ་ན་སྤྱོད་ལམ་དང་ཁ་ཟས་ཀྱི་རྣལ་འབྱོར་བྱས་ལ་རྡོ་རྗེ་སེམས་དཔའ་བསྡུ་བའི་རྫོགས་རིམ་བསྒོམས་པས་ཉལ་བའི་རྣལ་འབྱོར་བྱའོ། །གཉིས་པ་འབྲིང་པོ་དང་། །གསུམ་པ་བསྡུས་པར་སྒོམ་ཚུལ་འདིར་མ་བྲིས་སོ། །གཉིས་པ་བཟླས་པའི་རྣལ་འབྱོར་ལ། གང་དུ་བཟླས་པའི་གནས་སྐབས། གང་བཟླ་བའི་སྔགས་ཀྱི་དབྱེ་བ། བཟླས་པའི་དུས་ཀྱི་དམིགས་པ། ཇི་ཙམ་བཟླས་པའི་གྲངས། གང་ལ་བརྟེན་པའི་ཡུལ་ཕྲེང་བ། ཇི་ལྟར་བཟླས་པའི་མན་ངག །དེ་ལྟར་བཟླས་པའི་དགོས་པའོ། །དང་པོ་ནི། ཚེས་བཅུའི་མཆོད་པ་ལ་སོགས་པའི་དུས་སུ་ནི་འདིའི་མཆོད་པའི་རྗེས་སུ་གཏོར་མ་འབྱུང་ལ། རྒྱུན་དུ་མཆོད་པའི་རྗེས་སུ་བཟླས་པ་འབྱུང་ངོ་། །གཉིས་པ་ནི། བསྙེན་པའི་སྔགས། ཡབ་ཡུམ་གྱི་རྩ་སྔགས་དང་། སྙིང་པོ་དང་། ཉེ་སྙིང་དང་། གོ་ཆ་༢གཉིས་སུ་མེད་པ་སྟེ་རིན་ཆེན་བཞི་ཡི་སྔགས་རྣམས་སོ། །སྒྲུབ་སྔགས་ནི་རྒྱུད་ནས་བཤད་པའི་ལས་ཚོགས་སོགས་སྒྲུབ་


JKT004_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་སུ། མདུན་དུ་རྡུལ་ཚོན་སོགས་ལ་དམིགས་ཏེ། དཀྱིལ་འཁོར་གྱི་ལྷ་གྲངས་དང་མཐུན་པའི་སྔགས་བཟླས་ཤིང་། མཚན་མ་མ་མཐོང་གི་བར་དུ་བསྒྲུབ་པའོ། །ལས་སྦྱོར་གྱི་སྔགས་ནི། ལས་བཞིའི་བྱེ་བྲག་གིས་ཁ་དོག་དང་། དམིགས་པ་དང་། སྤེལ་ཚིག་རྣམས་བཞི་བཞིར་འགྱུར་བའོ། །གསུམ་པ་ནི། དུས་ཀྱི་བཞི་འགྱུར་ལ་སོགས་པའོ། །ལྔ་པ་ནི། མངོན་བརྗོད་ལས། དུང་ཆེན་ཕྲེང་བ་བླངས་ནས་ནི། །སྡོམ་པ་མཆོག་གི་བཟླས་པ་བྱ། །ཞེས་ལྷག་ཏུ་བསྔགས་པར་གསུངས། དྲུག་པ་ལ་ལྔ་སྟེ། འགྲོ་བ་དག་པ་དང་། རྡོ་རྗེའི་བཟླས་པ་དང་། འགོག་པའི་བཟླས་པ་དང་། ཁྲོ་བོའི་བཟླས་པ་དང་། འདོ་ལའི་བཟླས་པའོ། །དང་པོ་ནི། ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་ས་གསུམ་གྱི་འགྲོ་བ་ཐམས་ཅད་ལྷར་བྱས་ནས་འོད་སླར་ཧཱུྃ་ལ་བསྡུ་བའོ། །གཉིས་པ་ནི། ཧཱུྃ་ལས་སྔགས་ཕྲེང་རྩོལ་རླུང་ཧཱུྃ་དང་འགྲོགས་ཏེ་སྣ་གཡས་ནས་ཐོན། འགྲོ་ཀུན་སླར་བྱས་ནས་སྲོག་རླུང་ཨོ་དང་འགྲོགས་ཏེ་ཐུགས་ཀར་སླེབ་པ་གནས་པ། དེ་མ་ཐག་ཏུ་དེ་དག་གི་རྩོལ་རླུང་ཧཱུྃ་དང་ལྷན་ཅིག་ཏུ་ཐོན། སླར་བདག་གི་སྲོག་རླུང་ཨོཾ་དང་འགྲོགས་ནས་ཐུགས་ཀའི་ཧཱུཾ་ལ་ཐིམ་སྟེ་གནས་པ་ནི་ཨའོ། །གསུམ་པ་ནི་རྣམ་རྟོག་བཀག་ནས་ཡིད་ཀྱི་བཟླས་པ་བྱ་བའོ། །བཞི་པ་ནི་སྣོད་མིན་གྱིས་དབེན་པར། བྱིངས་བ་བསལ་བ་དང་། གདོན་གྱི་བར་ཆད་སོགས་


JKT004_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ཕྱིར་སྐད་གསང་མཐོན་པོར་བཟླའོ། །ལྔ་པ་ནི། ཡབ་ཀྱི་སྔགས་ཕྲེང་འཐོན་ཡུམ་གྱི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་པར་བསམས་ལ་བཟླ་པའོ། །བདུན་པ་ནི། མངོན་བརྗོད་ལས་༣༢། སྔགས་པས་འདི་དག་བཟླས་ན་ནི། །མཁའ་འགྲོ་མ་ཡི་དྲྭ་བ་ཡི། །སྡོམ་པའི་དངོས་གྲུབ་ཐོབ་པ་སྟེ། །ཟླ་བ་དྲུག་གིས་དེ་དབང་འགྱུར། །ཅེས་སོ། །གཉིས་པ་རྫོགས་པའི་རིམ་པ་ནི། རྡོ་རྗེ་སེམས་དཔའ་བསྡུ་བ་དང་། ཡི་གེ་བསྡུ་བ་དང་། ཐིག་ལེ་བསྡུ་བ་གསུམ་དུ་ཀུན་སྤྱོད་༡༢ལས་གསུངས་ཏེ། དང་པོ་ནི། རྩ་བའི་དཔེ་ལྔ་དང་། ཡན་ལག་གི་དཔེ་དུ་མས་མཚོན་པ། བསྐྱེད་རིམ་གྱི་ཐུན་མཇུག་ཏུ། བཅོམ་ལྡན་འདས་ཀྱི་ལྟེ་བར་པདྨར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གསལ་བའི་ཐུགས་ཀའི་ཧཱུྃ་འོད་ནང་ནས་ཕར་རིམ་བཞིན་འཕྲོས་ཏེ་བརྟན་གཡོ་སྣོད་བཅུད་དང་བཅས་པ་ཐམས་ཅད་གསལ་བར་བྱས་པས་འདར་ཕྲུག་སྡིག་ཏུ་གཡོ་བར་བསམ་པ་ནི་རྡོ་ཁབ་ལེན་གྱིས་ལྕགས་གཡོ་བ་ཞེས་བྱ་སྟེ། དཔེ་དང་པོ། །དེ་ནས་ཁམས་གསུམ་སྣོད་བཅུད་དང་བཅས་པ་སྲུང་འཁོར། དུར་ཁྲོད་སོགས་ནས་རིམ་པར་བཅོམ་ལྡན་འདས་ཀྱི་ཞལ་བཞིའི་བར་དུ་བསྡུ་བ་སྟེ། དཔེ་གཉིས་པ་ལྕི་བས་དངུལ་ཆུ་བསྡུ་པའོ། །དེ་ནས་བཅོམ་ལྡན་འདས་ཞལ་བཞི་ཕྱག་བཅུ་གཉིས་ཞལ་གཅིག་ཕྱག་གཉིས་སུ་བསྡུ་སྟེ། དཔེ་གསུམ་པ་རུ་སྦལ་ཡན་ལག་བསྐུམ་པའོ། །


JKT004_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བདག་ཕྱིའི་ཧེ་རུ་ཀ་ཡུམ་ཡབ། ཡབ་ལྟེ་བའི་རྡོར་སེམས་ཡབ་ཡུམ། ཡུམ་ཡབ་ལ། ཡབ་ཧཱུྃ་ལ་བསྡུ་བ་ནས་ཟླ་ཚེས་ཐིག་ལེའི་བསྡུ་བའི་བར་ཏེ། དཔེ་བཞི་པ་སྐར་མདའ་གཅིག་ལ་གཅིག་ཐིམ་པ་ཞེས་བྱའོ། །དེ་ནས་ཐིག་ལེའང་ཇེ་ཕྲར་གྱུར་ནས་བསམ་གྱིས་མི་ཁྱབ་པ་ལ་བཞག་སྟེ། དེ་ནི་དཔེ་ལྔ་པ་ལན་ཚྭ་ཆུ་ལ་ཐིམ་པ་ཞེས་བྱའོ། །དེ་ནས་ཡན་ལག་གི་དཔེ་ནི་ངོ་བོ་ཉིད་ཀྱི་སྟེང་དུ་ཕབ་སྟེ། གང་གི་སྤྲོས་པ་། རྣམས་ནི། ཆ་ལུགས་སམ། འོད་ཟེར། རླབས། ཆུ། མར་ལྟ་བུ་དང་། བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་ནི། གར་མཁན་དངོས་སམ། ཉི་མའམ། མཚོ་འམ། ཆུ་དང་། མར་ལྟ་བུ་སྟེ་གཉིས་སུ་མེད་པའི་ཡན་ལག་གི་དཔེ་ལྔས་མཚོན་པའོ། །དེ་ལྟ་བུའི་ངང་ལ་ཅི་གནས་སུ་མཉམ་པར་བཞག །ལྡང་བར་འདོད་ན་རྣལ་འབྱོར་བྱིན་རླབས་གསུམ་དང་ལྡན་པའི་ཧེ་རུ་ཀར་ལངས་ཏེ། ཐུན་བཞི་ཀ་ལ་སྐབས་འདིར་གཏོར་མ་གཏོང་བའམ། མེད་ན་དག་དྲན་བྱའོ། །འདི་ནི་བསྐྱེད་རིམ་གྱི་རྗེས་སུ་ཅིས་ཀྱང་བསྒོམ་མོ། །གཉིས་པ་ནི། བསྐྱེད་རིམ་གྱི་རྗེས་སུ་ཅིས་ཀྱང་བསྒོམ་པ་མ་ཡིན་ཏེ། རྣལ་འབྱོར་པ་བསྐྱེད་རིམ་བརྟན་པའམ། ཡང་ན་ལས་དང་པོ་པས་ཀྱང་རུང་སྟེ། རླུང་སེམས་ཀྱི་དམིགས་པ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་ཡེ་ཤེས་མྱུར་དུ་ཚོལ་བར་འདོད་པའི་རྟེན་འབྲེལ་ཡིན་པས། །བསྐྱེད་རིམ་རྒྱས་པར་བསྒོམས་པའི་རྗེས་


JKT004_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

སམ། འདི་ཁོ་ནར་གཙོ་བོར་བྱེད་ན་སྐད་ཅིག་གིས་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བའི་ལྟེ་བར་པད་འདབ་བཞི་པའི་ཤར་དུ་ས་རླུང་གི་རང་བཞིན་ལ་སེར་པོ། གཡས་སུ་ཆུ་རླུང་རང་བཞིན་ཝ་དཀར་པོ། རྒྱབ་ཏུ་མེ་རླུང་རང་བཞིན་ར་དམར་པོ། གཡོན་དུ་རླུང་གི་རླུང་ཡ་ལྗང་གུ། དབུས་སུ་མཁའ་རླུང་གི་རང་བཞིན་ཐིག་ལེ་སྔོན་པོ་གཅིག་བསམས་ལ། རིམ་གྱིས་བློ་སྦྱང་ཕྱིར་མདུན་གྱི་ལ་ལས་འོད་ཟེར་སེར་པོ་སྐུད་པ་འབྲིང་པོ་ཙམ་སྣ་སྒོ་གཡོན་ནས་བྱུང་། མདུན་དུ་སོར་བཅུ་དྲུག་གི་ཚད་ཙམ་དུ་སོང་། རླུང་ནང་དུ་འཇུག་པ་དང་བསྟུན་འོད་ཟེར་ནང་དུ་ལྡོག །ལ་སེར་པོར་ཡིད་ཀྱིས་བསྟིམ། དེ་ལ་བལྟ་བས་རླུང་ཁ་སྦྱར་གྱི་དམིགས་པ་བྱའོ། །དེས་ས་རླུང་དབང་དུ་གྱུར་པས་དུ་བ་ལྟ་བུ་འབྱུང་བའི་ཚེ་དེ་ཉིད་གཡོན་གྱི་ཝ་ལ་བསྟིམ་པ་སོགས་ཀྱིས། ཆུ་མེ་རླུང་གི་རླུང་དབང་དུ་འདུས་པས་སྨིག་རྒྱུ་མེ་ཁྱེར་མར་མེ་ལྟ་བུའི་རྟགས་བ་འབྱུང་། མཐར་ཡ་དབུས་ཀྱི་ཐིག་ལེ་ལྗང་གུ་ལ་བསྟིམ་ནས་སྔར་ལྟར་བསྒོམས་པས་སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུ་མཐོང་བའི་ཚེ་ནམ་མཁའི་རླུང་དབང་དུ་གྱུར་བ་སྟེ། འདིའི་མཇུག་ཏུ་མཐོང་ལམ་གྱི་ཡེ་ཤེས་སྐྱེ་བར་གསུངས་སོ། །གསུམ་པ་ནི། ཡི་གེའི་ཚབ་ཏུ་ཐིག་ལེ་ཁ་དོག་སྔར་ལྟར་བསྒོམས་པའི་རླུང་སྦྱོར་ཏེ་གཞན་འདྲའོ། །འདི་དག་རང་གི་གང་མོས་ཞིག་བསྒོམས་པ་ལས་གཅིག་རྗེས་གཅིག་འགྲོ་དགོས་པ་ལྟ་བུ་ནི་


JKT004_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ནོ། །གཉིས་པ་དག་པ་རྗེས་སུ་དྲན་པར་བྱ་བ་ནི། གཞུང་ལས། སོ་དང་སེན་མོ་ནི་ཁཎྜ་ཀ་པཱ་ལཱིའོ། །ཞེས་སོགས་བརྗོད་ལ། སེམས་ཀྱིས་མ་དག་པའི་ཁམས་དང་རྒྱན་ཆ་ལ་སོགས་པ་དེ་དང་དེ་དག་པའི་ལྷ་དང་། སྔགས་དེ་དང་དེའི་ངོ་བོ་ཡིན་ནོ་སྙམ་དུ་མོས་པ་བྱ་བའོ། །གསུམ་པ་གཏོར་མའི་རྣལ་འབྱོར་ལ་ལྔ། དུས་ནི་རྒྱུན་པར་ཐུན་མཚམས་དང་། ཁྱད་པར་ཚེས་བཅུ་ཡར་མར་སོགས་སོ། །ཡོ་བྱད་ནི་ཤ་ཆང་གཙོ་བོར་གྱུར་པའོ། །ཆོ་ག་ནི་འཇིག་རྟེན་འདས་མ་འདས་ཀྱི་མགྲོན་ལ་གཏོར་མ་སྦྱིན་ནས་ཕྲིན་ལས་བཅོལ་བའོ། །གཏོང་ཚུལ་ནི། ཁ་ལྷོར་ཕྱོགས་ནས་སྐྲ་གྲོལ་ཏེ་མཚན་མོའི་དུས་གཅེར་བུས་སོ། །དགོས་པ་ནི་མགྲོན་ཆོམས་པས་དངོས་གྲུབ་ཀྱི་སླད་དོ། །བཞི་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། གནས་སྐབས་འགལ་ཞིག་ཏུ་ཁ་ཟས་གཏོར་མ་བཞིན་བྱིན་གྱིས་བརླབས་པའམ། གཡོན་པའི་མཐེབ་སྲིན་གྱིས་རེག་༧ ལ་འབྲུ་གསུམ་བརྗོད་ནས་བདུད་རྩིར་བརླབས་ནས་ལག་མཆོད་རྒྱས་པར་སྤྲོ་ན་བྱ། དེ་ནས་ནང་ལུས་དཀྱིལ་མཆོད་ཕྱིར། གི་སྦྱིན་སྲེག་གི་ཚུལ་གྱིས་རོལ་ལ་ལས་བཞིའི་དམིགས་པ་སོགས་བྱ་ཞིང་། མཐར་ལྷག་མ་དང་། བདག་མེད་པ་དྲན་པར་བྱ་བའོ། །དེ་ལྟར་གྱི་རིམ་པ་གཉིས་བརྟན་པར་བྱེད་པའི་སྤྱོད་པ་ནི། རང་དོན་དང་གཞན་དོན་གྱི་སྤྱོད་པ་གཉིས། དང་པོ་ལའང་གསུམ་སྟེ། བསྐྱེད་རིམ་ཅུང་ཟད་གོམས་ན་


JKT004_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

༡དེ་བརྟན་པར་བྱེད་པ་ལྷ་གྲངས་དང་མཐུན་པའི་རྣལ་འབྱོར་པའི་ཚོགས་ལམ། །རང་ཉིད་ཧེ་རུ་ཀའི་ཆས་དང་ལྡན་པས་ལོ་དང་ཟླ་བ་སོགས་སུ་དམིགས་པ་ཤིན་ཏུ་བརྟན་པར་བྱ་བ་སྟེ་སྤྲོས་བཅས་ཀྱི་སྤྱོད་པའོ། །རྫོགས་རིམ་བརྟན་༢པར་བྱེད་པ་མཉམ་གཞག་གི་དུས་སུ་ཆོས་བརྒྱད་མགོ་སྙོམས་པ། དེ་བརྟན་མི་བརྟན་བརྟག་ཕྱིར་མཚན་མོར་བཞི་མདོ་སོགས་སུ་ཕྱིན་ནས་ཡུལ་ཉེ་བར་ལོངས་སྤྱོད་ལ་རྣམ་རྟོག་ཊྛ འཕྲོའམ་མི་འཕྲོ་བརྟག་པ་སྟེ་སྤྲོས་མེད་ཀྱི་སྤྱོད་པའོ། །གཉིས་ཀ་༣ལ་རྟེན་པར་བྱེད་པ། སྤྲོས་མེད་ཀྱི་སྤྱོད་པས་ཐ་མལ་གྱི་རྣམ་རྟོག་མི་སྐྱེ་བར་ངེས་ན། རང་གི་ཡུལ་འཁོར་སོགས་སྤངས་ཏེ་སྨྱོན་པའི་སྤྱོད་པས་ཕྱོགས་ཐམས་ཅད་དུ་འཁྱམས་པ་སྟེ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །གཉིས་པ་ནི། ཤིན་ཏུ་སྤྲོས་མེད་བརྟན་ནས། ནུས་པ་ཆེར་སྐྱེས་པ་དེའི་ཚེ་རྣལ་འབྱོར་པར་ཁས་བླངས་ནས་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་བའི་སྤྱོད་པ་བརྩམས་ཏེ་གྲུབ་ཆེན་བི་རཱུ་དང་། ལོ་ཧི་པ་ལྟ་བུའོ། །དེ་ལ་སློབ་དཔོན་ལོ་ཧི་པའི་དགོངས་པ་ནཱ་རོས་བསྐངས་པའི་མངོན་རྟོགས་འདི་སྐུ་གསུམ་ལམ་དུ་བྱེད་པའི་སྒྲུབ་ཐབས་ཡིན་ཏེ། དེ་ཡང་བློའི་སྤྱོད་ཡུལ་གཅིག་ལ་སྐུ་གསུམ་དུ་བཞག་པ་དང་། དཀྱིལ་འཁོར་འཁོར་ལོ་རྫོགས་པ་གཅིག་ལ་དང་། མངོན་པར་རྟོགས་པ་གཅིག་ལ་བཞག་པའོ། །དང་པོ་ནི། བདག་གི་བློ་སྣང་གི་དཀྱིལ་འཁོར་ཞིང་སྐྱེས་དང་།


JKT004_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་ལྷན་སྐྱེས་ཀྱི་སྤྲུལ་པས་གཉིས་ཀ་སྤྲུལ་སྐུའོ། །ལྷན་སྐྱེས་ན་འཕོ་བ་མེད་པའི་ཚུལ་གྱིས་ཟག་མེད་ཀྱི་བདེ་བ་དང་། ཆོས་ལ་ལོངས་སྤྱོད་པའི་ཚུལ་གྱིས་ལོངས་སྤྱོད་རྫོགས་པའི་སྐུའོ། །ཆོས་ཀྱི་སྐུ་ནི་ཆོས་ཉིད་དོ། །གཉིས་པ་ནི། བདེ་ཆེན་འཁོར་ལོ་ནི་ཆོས་སྐུ། འཁོར་ལོ་གསུམ་ནི་ལོངས་སྐུ། སྒོ་མཚམས་མ་བརྒྱད་ནི་སྤྲུལ་སྐུའོ། །གསུམ་པ་ནི། ཕྱི་དཀྱིལ་དབང་དང་བཅས་པ་སྤྲུལ་པའི་སྐུ། ལུས་དཀྱིལ་སྔགས་ཀྱིས་བརླབས་པ་དང་བཅས་པ་ལོངས་སྐུ། རྫོགས་རིམ་སྤྱོད་པ་དང་བཅས་པ་ཆོས་སྐུ་ལམ་བྱེད་ཀྱི་སྒྲུབ་ཐབས་སོ། །འབྲིང་བསྡུས་ཀྱི་དབང་དུ། ལུས་ལ་ལྷ་རྣམས་རྫོགས་པར་བསྐྱེད་པ་ཙམ་སྤྲུལ་སྐུ། ཟློ བསྐྱེད་པ་གསལ་གདབ་པ་དང་། ཐིམ་པའི་ཚུལ་གྱིས་ལོངས་སྤྱོད་པ་ལོངས་སྐུ། རྫོགས་རིམ་སྤྱོད་པ་དང་བཅས་པ་ནི་ཆོས་སྐུའོ། །བཞི་པ་དེ་ལྟར་བསྒོམས་པའི་འབྲས་བུ་ནི། ཞི་སོགས་བྱ་བ་དམན་པའི་དངོས་གྲུབ་དང་། འབྲིང་གྲུབ་པ་ཆེན་པོ་བརྒྱད་དང་། འཆི་བའི་ཚེ་དཔའ་བོ་དང་རྣལ་འབྱོར་མས་དྲངས་ཏེ་མཁའ་སྤྱོད་དུ་དབུགས་འབྱིན་པ་དང་། དེ་མ་ཐོབ་ན་འཁོར་ལོས་སྒྱུར་བ་སོགས་མཐོ་རིས་ཀྱི་རྟེན་ལ་ལམ་ལྷག་མ་བགྲོད་པ་དང་། རབ་ཕྱག་རྒྱ་མཆོག་གི་དངོས་གྲུབ་སྐུ་གསུམ་གྱི་རང་བཞིན་སངས་རྒྱས་རྡོ་རྗེ་འཛིན་པ་ཉིད་གྲུབ་པ་སྟེ། དེ་ཡང་བཅུ་གསུམ་རྡོ་རྗེ་འཛིན་པར་གློ་བུར་གྱི་དྲི་མ་མ་ལུས་པ་བྲལ་བའི་ཚེ་


JKT004_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་དངོས་པོ་ཐམས་ཅད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ངོ་བོར་སྡོམ་པ་ནི་ཆོས་སྐུ་དང་། དེ་ཉིད་འོག་མིན་དུ་གདུལ་བྱ་དག་པ་རྣམས་ལ་ལྷའི་༦༢རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་ཤར་བ་ནི་ལོངས་སྐུ་དང་། དེ་ཉིད་གདུལ་བྱ་གྲུབ་པའི་ས་ལ་གནས་པ་རྣམས་ལ་སྤྲུལ་པ་མཆོག་གི་དཀྱིལ་འཁོར་དུ་ཤར་བ་ནས། རིགས་ཅན་གསུམ་ལ་ཤཱཀྱ་ཐུབ་པ་སོགས་དང་། རི་བོང་སོགས་ཕལ་པའི་སྤྲུལ་པ་མཐའ་ཡས་པས་སེམས་ཅན་གྱི་དོན་མཛད་པ་ནི་སྤྲུལ་སྐུར་བཞེད་ཅིང་། དེ་དག་གི་ཕྲིན་ལས་ཐམས་ཅད་ཀྱང་སྐུ་གསུམ་གྱི་ཕྲིན་ལས་སུ་བཞེད་དོ། །དགེ་ལེགས་ཐར་པའི་ཡོན་ཏན་མ་ལུས་པ། །གང་ལ་བརྟེན་ནས་བདེ་བླག་བསྒྲུབ་ནུས་པའི། །ལུས་རྟེན་ཕུན་ཚོགས་དལ་བ་ཐོབ་དུས་འདིར། །རིན་ཆེན་སངས་རྒྱས་བསྟན་ལ་འཇུག་པར་རིགས། །དེ་ལའང་ཕ་རོལ་ཕྱིན་པའི་སྡེ་སྣོད་ལས། །བསྒྲུབ་བྱའི་དོན་གཅིག་སྒྲུབ་བྱེད་རྣམ་བཞི་ཡིས། །སྒྲུབ་པའི་ཚུལ་གྱིས་ཁྱད་པར་ཆེས་འཕགས་པའི། །རྡོ་རྗེ་ཐེག་པ་སྙིང་པོར་བླང་བྱ་ཡིན། །ཟབ་མོའི་རྒྱུད་ལའང་བྱ་སྤྱོད་རྣལ་འབྱོར་དང་། །རྣལ་འབྱོར་ཆེ་དང་གསང་བ་གསང་བའི་མཐའི། །རྒྱུད་སྡེ་དྲུག་གི་རྩེར་སོན་སྡོམ་པའི་རྒྱུད། །སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་ཡིན། །ཚུལ་འདི་ཕྱེ་ལ་འགྲན་གྱི་ཟླ་མེད་པ། །གྲུབ་པའི་འཁོར་ལོས་སྒྱུར་བ་ལུ་ཧི་པས། །ལེགས་པར་བཀྲལ་


JKT004_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མངོན་པར་རྟོགས་པའི་གཞུང་། །ཇི་བཞིན་བཤད་པའི་བསྟན་བཅོས་འདི་བྱས་སོ། །ཤུ་བྷཾ། སརྦ་ཛྷཱ་པུཎྱ་སཾ་ཧའི་གསུང་ལས་བཏུས་པའོ།། ༈ །།པཎ་ཆེན་དྷརྨ་ཀ་རའི་གསུང་རྒྱུན་ཁམས་སྤྲུལ་རིན་པོ་ཆེ་བསྟན་འཛིན་ཆོས་ཀྱི་ཉི་མས་ཟིན་བྲིས་སུ་མཛད་པ་ལས། སྨུག་ལ་པཎ་ཆེན་ངག་དབང་གྲགས་པས་མཛད་པའི་སྒྲོལ་དཀར་ཚེ་ཁྲིད་སྐབས། འདི་ཇོ་ལུགས་ཡིན་ཅིང་། དེའང་ངག་དབང་གྲགས་པའི་རྒྱ་གཞུང་གི་རྗེས་སུ་འབྲང་བའི་རྣལ་འབྱོར་བླ་མེད་ཁོ་ནར་ངེས་ཀྱང་། བྱ་རྒྱུད་བཞིན་ཀུན་ཏུ་སྤྱོད་པ་ནི་ཨར་ཅོ་བརྗེ་བཅོ་བརྒྱད་སོགས་ཀྱི་འཆོལ་སྤྱོད་ལ་བརྟེན། དེ་དུས་ཇོ་བོ་ལ་འབྲོམ་སོགས་ཀྱིས་བོད་ན་བླ་མེད་ཀྱི་འཆད་ཉན་བཀག་པས་བྱ་རྒྱུད་དང་བསྟུན་པ་ཇོ་བོ་ཡབ་སྲས་ཀྱི་ཕྱག་ལེན་ད་ལྟའི་བར་འཇགས་པ་ཡིན་གསུངས། ལྷའི་གདན་པདྨ་འདི་ཆུ་སྐྱེས་པུཎྜ་རི་ཀ་རང་ཡིན་ཏེ། དེ་ནི་སྡོང་པོ་ཤིན་ཏུ་ཕྲ་བས་ཆུ་ཡི་སྟེང་དུ་ཆུས་བཏེགས་པ་མ་གཏོགས་མེ་ཏོག་གི་ལྕིད་སྡོང་པོས་མི་ཐེག་པ་མང་། རྒྱ་ཡུལ་དུ་མེ་ཏོག་ཆུ་ལས་ཅུང་ཟད་འཕགས་པ་སྡོང་པོས་ཐེག་པ་ཞིག་ཀྱང་མཐོང་། གང་ལྟར་ཡང་པདྨའི་སྐུད་པ་ལྟར་ཕྲ་བ་ཞེས་ཤིན་ཏུ་ཕྲ་བའི་ཚད་ཡིན་ཀྱང་། ལྷའི་གདན་ནི་རྣམ་པ་ཆུ་སྐྱེས་དང་འདྲ་བ་མ་གཏོགས་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་ཡིན་ཕྱིར་རྟེན་འབྲེལ་གྱི་དབང་གིས་སྡོང་པོ་སྲ་ཞིང་མཁྲེག་པ། སྦོམ་ཞིང་བཟང་བ་བསྒོམ་པ་ཡིན་


JKT004_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། མཎྜལ་གྱི་ཚོམ་བུ་རྒྱ་གར་དུ་མེ་ཏོག་གསར་པ་བཀོད་སྲོལ་ཡོད་གསུངས། འཁོར་ལོ་བསྒོམ་སྐབས། ད་ལྟ་འགའ་ཞིག་དབུས་སུ་ཧཱུྃ། དེའི་མདུན་དུ་ཨོ། རྒྱབ་ཏུ་ཧཱ་བསྒོམ་པ་དང་། ལ་ལ་གཡས་སུ་ཨོ། གཡོན་དུ་ཧཱ་བསྒོམ་པའི་ལུགས་ཀྱང་ཡོད། གང་ལྟར་ཡང་ཏཱཾ་ཡིག་གི་ཕྱི། ཨོ་ཧཱ་གཉིས་ཀྱི་ནང་མཚམས་ནས་སྤེལ་ཚིག་བཀོད་སྲོལ་འདུག་ཀྱང་། སྒྲོལ་མའི་རྒྱུད་ནས། ཏཱཾ་ཡིག་གི་མདུན་གཡས་སུ་ཨོཾ། མདུན་གཡོན་དུ་ཧཱ། དེ་གཉིས་ཀྱི་བར་ཏཱཾ་ཡིག་གི་རྒྱབ་ངོས་ནས་གཡས་བསྐོར་དུ། མ་མ་ཨཱ་ཡུར་སོགས་ནས་སྭཱའི་བར་བཀོད་པའི་སྣེ་མོ་གཡོན་གྱི་ཧཱ་ལ་ཐུག་པ་ཞིག་ཡིན་པར་གསལ་བས། ཨོཾ་དང་ཧཱའི་བར་དུ་ཞེས་པ་གོ་ལོག་ཐེབས་ནས་ངག་རྒྱུན་འབྱམས་པ་འདྲ་བས་རྒྱུད་དང་བསྟུན་པ་འཐད་གསུངས། སྤེལ་ཚིག་གི་སྐབས། ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའི། ཡེ་མ་དག་པས། ཀུ་རུ་སྭཱ་ཧཱ། རྐྱང་པ་ཡིན་གསུངས། ཕྱི་རོལ་གྱི་འཁོར་ལོའི་གུར་འདི་རྩིབ་བཅུ་བྱས་ནས། སྟེང་རྩིབ་ཨོ་དང་། འོག་རྩིབ་ཧཱ་བསྒོམ་པ་ཡོད་ཀྱང་། འདིར་རྩིབ་བརྒྱད་རང་ཡིན། དེའི་སྐབས་སུ་རང་སྒྲོལ་མར་གསལ་བའི་གཡས་སུ་ཨོ། གཡོན་དུ་ཧཱ་འཁོར་ལོ་ཞྭ་ཐེབ་ཁ་སྤྲད་པ་ལྟ་བུའི་ལྟེ་བ་ནས་རྩིབས་སོ་སོར་གྱེས་པའི་རྩིབས་ཀྱི་ཐོག་མའི་གྱེས་མཚམས་སྒྲུབས་ཀྱི་སྒོ་ནང་ནས་གཡས་བསྐོར་དུ། ཏཱ་རེ་ལ་སོགས་པའི་འབྲུ་བརྒྱད་ཁ་ནང་


JKT004_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དུ་འགོད། །སྤྱིར་སྒྲོལ་མའི་ཚེ་སྒྲུབ་སྐབས་བསྙེན་པ་ཡི་གེ་བཅུ་པ་ཁོ་ན་འབྲུ་འབུམ་སོགས་དུས་གྲངས་རྟགས་བསྙེན་རྫོགས་པར་བྱས་ནས། ཚེ་སྒྲུབ་ནི་ལས་ཚོགས་ཡིན་པས་སྤེལ་ཚིག་དང་བཅས་པར་g སྔགས་མ་བསྙེན་པའི་དངོས་གཞི་བྱས་ནས་རྟགས་མཐོང་བའམ། ཐ་ནའང་ཞག་བདུན་ཕྲག་རེ་ཙམ་བཟླས་པས་ཀྱང་དུས་མིན་འཆི་བའི་བར་ཆད་ཐམས་ཅད་སེལ་བར་ངེས་ཤེས་ཚད་མའི་གསུང་རྒྱུན་ལས་འབྱུང་ཞིང་མྱོང་བས་ཀྱང་གྲུབ་པ་ཡིན་ཅེས་གསུངས་སོ།། ༈ །།ཟླུམ་པོ་ནི། རྐང་གཉིས་བར་ཅུང་ཟད་བཅས་མཉམ་པའི་སྟབས་ཀྱིས་ལངས་པ། གཡས་རོལ་ན་འདུག་བཞིན་དུ་སྟེ་ཡེ་ཤེས་མགོན་པོའི་ཞེས་པས་བསྟན་པར་མཁས་པ་དག་བཞེད་པ་དོན་ལ་གནས་ཤིང་། སྔ་མས་སྔགས་སྤེལ་ཚིག་དང་བཅས་པ་འགོད་ཚུལ་དང་། ཕྱི་མས་ཡི་གེ་བཅུ་པ་གཙོ་བོར་བསྟན་ཏོ།། ༈ །།སློབ་དཔོན་ཀླུས། སྦྱོར་བ་དེ་ཡིས་རྒྱལ་པོ་ཡི། །བཙོན་ར་སོགས་ལས་བསྲུང་བར་བྱ། །སྒྲོལ་མའི་ལས་ཀྱི་སྦྱོར་བ་ལས། །ལས་རྣམས་ཡང་དག་བསྒྲུབ་བྱ་སྟེ། །ནད་སོགས་ཞི་བའི་ལས་དང་ནི། །དབང་དུ་བྱ་བའི་སྦྱོར་བ་ལའང་། །ཆོ་ག་གོང་མ་དེ་ཉིད་ལས། །འཁོར་ལོ་ལ་སོགས་ཁ་དོག་དང་། །སྔགས་ཀྱི་སྤེལ་བ་བསྟན་པར་བྱ། །ཞེས་དང་། །བསྒྲུབ་བྱ་ཤེས་རབ་ཞན་པ་དང་། །ལེ་ལོ་ཅན་སོགས་རྣམས་ལ་ནི། །གོང་མའི་ཆོ་ག་དེ་ཉིད་ལས། །


JKT004_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཏུ་བྱ་བར་བསྟན་པ་སྟེ། །འཁོར་ལོ་སྔ་མ་དེ་ཉིད་ལས། །སྔགས་རྣམས་གཡོན་བསྐོར་དག་ཏུ་འགོད། །མུ་ཁྱུད་ལ་ཡང་ཨ་སོགས་འགོད། །དེ་ལྟར་བསྒོམ་དང་བཟླས་བྱས་ན། །བློ་དམན་རྣམས་ནི་བློ་ལྡན་འགྱུར། །ཞེས་སོགས་བྲིས་པའི་འཁོར་ལོ་ལ་ཁ་བསྒྱུར་བས་བཅིངས་དགྲོལ། བློ་འཕེལ། དབང་སྡུད་སོགས་ལས་རབ་འབྱམས་འགྲུབ་པར་གསུངས་སོ།། ༈ །།ཤུ་དག་དཀར་པོ་དང་། སེར་པོ་ཁྲག་དང་སྦྱར་བ། སྒྲོལ་དཀར་ལ་དྲན་པ་མ་སོགས་བཞིས་བསྐོར་བར་བསྐྱེད་ནས། ཡིག་བཅུ་ལ། པྲཛྙཱ་མ་ཏི་པུཊྚི་ཀུ་རུ་སྦྱར་བ་ཟླ་ཕྱེད་དུ་བཟླས་པས་བློ་གྲོས་འཕེལ་བར་གསུང་། སྔགས་གཞན། ཨོ་ཧཱི་མ་ཧཱ་མ་ཡི་གེ་མ་ཧཱ་སྭ་ར་སྭ་སྟེན་མཿ ༈ །།སློབ་དཔོན་ཀོ་ཀི་ལིའི་ཚེ་སྒྲུབ་པའི་གདམ་ངག་ལས། །འབྲས་བུ་གསུམ་དང་བླིངྒའི་ཕྱེ། །མར་དང་སྦྲང་རྩི་སྦྱར་ལ་བཟའ། །སྨན་ཉིད་ཞུ་བའི་དུས་སུ་ནི། །འོ་མ་འབྲས་བསྐོར་བཟའ་བར་བྱ། །མིག་རྣོ་ནད་མེད་སུམ་བརྒྱ་ཐུབ། །ཞེས་བཤད་པའི། བྷིདྨ་རཱ་ཛ་ནི་བུང་བའི་རྒྱལ་པོ་ཞེས་པའི་སྨན་སྟེ། མིང་གི་རྣམ་གྲངས། མཱརྐ་བ༔ ཀེ་ཤ་རཉྫ་སོགས་སུ་གྲགས་པ་སྐྲ་ནག་པོར་སྒྱུར་བའི་བཅུད་ལེན་གྱི་རྫས་ངོ་བོ་ཟུར་པ་སྟེ། མ་རྙེད་ན་ར་མོ་ཤག་གིས་ཚབ་རུང་བར་རྗེ་བཙུན་གྲགས་པས་བཞེད། འདིར་བསྟན་དང་འཆི་བསླུའི་བཅུད་ལེན། འབྲས་བུ་གསུམ་པ་སྤྱིར་བསྡུས་པའམ།


JKT004_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གཅིག། ༈ །།སྒྲོལ་མའི་རྣལ་འབྱོར་བསྒོམ་པ་དང་། འཁོར་ལོ་སོགས་ཀྱི་ཡོན་ཏན་མངོན་འབྱུང་ལས། །ནད་དང་བཙོན་ལས་ཐར་པ་དང་། །ཚེ་དང་ལོངས་སྤྱོད་བརྩོན་འགྲུས་དང་། །དབང་ཕྱུག་ཀླུ དང་ནི་བློ་གྲོས་འཕེལ། །ཞེས་དང་།། ༈ །།འོད་ཟེར་དྲུག་སྦྲགས་རྗེས་གནང་ཐོ། །མཁྱེན་བརྩེའི་ཟིན་བྲིས་གཞིར་བཞག་ལ། །སློབ་མ་སྒྲོལ་དཀར་ཐུགས་ཀའི་འཁོར་ལོ་བཅས་བསྐྱེད། སྲུང་འཁོར་སོགས་དང་འོད་ཟེར་དྲུག་སྦྲག་གི་དམིགས་པ་ཕོག །བཟླས་ལུང་སྐབས། སྤྱི་བོའི་རིགས་བདག་འོད་དཔག་མེད་ཚེ་དཔག་མེད་དཀར་དམར་དུ་བསྒྱུར། ཐུགས་ཀའི་འོད་ཟེར་སྤྲོ་བསྡུས་ཚེ་བཅུད་བསྡུ་བསྟིམ་སོགས་ཟླདང་། ཐུགས་འཁོར་ལས་འོད་ཟེར་སྤྲོ་བ་སོགས་ཚེ་འཁྲིད་ལྟར་དམིགས་པ་ལྷག་པོར་འབོགས་པ་ཡིན་ནོ། །ཞེས་གནས་གསར་པའི་གསུང་རྒྱུན་བོད་འབྲུག་ཆོས་རྗེ་ལས་ཇི་ལྟར་གསན་པ་བཞིན་སྣུབས་བློ་གྲོས་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། བཟང་པོའི་ཟིན་བྲིས་ལས་གསུངས། ཐུགས་ཀྱི་རྗེས་གནང་ཡོད་མེད་གསལ་ཁ་མི་སྣང་ངོ་།། ༈ །།སྒྲོལ་དཀར་བདག་བསྐྱེད་བསྙེན་པའི་སྐབས། །སྦྱིན་བདག་རང་གི་བླ་མ་ལྟ་བུ་ཡིན་ན། ཏཱཾ་ཡིག་གི་ཀླད་ཀོར་དུ། སྐུའི་རྣམ་པ་ཇི་ལྟ་བར་གསལ་བཏབ། ཐུགས་ཀྲྀའི་རྣམ་པས་བཀུག །གང་ཟག་དེ་ངོ་བོ་དེ་ཀ་ལ་རྣམ་པ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའམ་ཧཱུྃ་ཡིག་ལྟ་བུར་བསྒོམ། དེ་ལ་ཚེ་བཅུད་བསྡུ་


JKT004_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ་དང་། སྔགས་ཀྱི་མ་མ་ཞེས་པའི་ཚབ་ཏུ། ཝཱ་གིནྡྲ་སུ་དྷིས་མུ་དྲ་ལྟ་བུའི་མཚན་སྤེལ། མདུན་བསྐྱེད་བྱེད་ན། བསྙེན་པ་ཡུན་རིང་ཚེ་བུམ་ཆུའི་ཚབ་ཚེ་རྫས་བཏབ་པའི་རིལ་བུས་བྱེད། བུམ་པ་སྤྱི་ལྟར་བསྐྱེད་པའི་ནང་རིལ་བུ་རྣམས་ལྷ་མོར་བསྐྱེད་བསྟིམ་ཚེ་བཅུད་བསྡུ་བ་རྣམས་བྱ། མཐར་ལྷ་འོད་དུ་ཞུ་བ་རིལ་བུར་བསམ་ཅེས་གོང་མའི་གསུང་རྒྱུན་ནོ།། ༈ །།རྨོར་ཆེན་རིན་པོ་ཆེའི་སྒྲོལ་ཆོག་ལས། མཆོད་པ་བྱིན་རླབས་སྐབས། ཡཀྵ། ཛ་ལ། སྭ་བྷཱ་བས་བསང་སྦྱངས་མཛད། བདག་བསྐྱེད་ལ། སྲུང་འཁོར་དང་འོད་ཟེར་དྲུག་སྦྲགས་མེད། ཐུགས་ཀའི་སྔགས་འཁོར་གྱི་འོད་ཟེར་གྱིས་རང་ལུས་གང་། །ནད་གདོན་སྡིག་སྒྲིབ་བསལ། ཕྱིར་འཕྲོས། སྦྱིན་བདག་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་ལ་ཕོག །འཆི་བའི་འཇིགས་པ་བསལ། སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེ་བསྐུལ་ནས་བདག་གཞན་ལ་བསྟིམ་པ་སོགས་གསུངས། ཐུན་གྱི་དངོས་གཞིར་སྔགས་སྤེལ་ཚིག་ཅན་གཙོ་བོར་བཟླ། ཐུན་བསྡུ་ཁར་ཡི་གེ་བཅུ་པ་ཅི་ནུས་བཟླ་ཞེས་གསུངས། མཐར་མཆོད་བསྟོད་དང་གསོལ་འདེབས། ཡིག་བརྒྱ། བཟོད་གསོལ་བཅས། དེ་ནས་ཚོམ་བུ་ལྷར་བསྐྱེད། སྤྱན་འདྲེན་སོགས་ཀུན་རིག་དང་། མཆོད་ཕྲེང་མཎྜལ་བཞི་ཆོག་ནས་བླངས། བསྟོད་པའི་རྗེས། བདག་གི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ།


JKT004_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཐུགས་ཀའི་འོད་ཀྱིས་བདག་དང་བསྒྲུབ་བྱའི་དུས་མིན་འཆི་བ་སྦྱངས། །ཚེའི་དངོས་གྲུབ་སྩོལ་བར་བསམ་ལ་སྔགས་བཟླས་མཐར་གསོལ་བ་གདབ། བུམ་བསྐྱེད་མཇུག་ཏུ་མཆོད་བསྟོད་གཏོར་འབུལ། ཆ་གསུམ། རྗེས་ཆོག་མདུན་བུམ་ཐུན་མོང་། གཤེགས་གསོལ་སྐབས་ཚོམ་བུ་དང་བུམ་ནང་གི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། འདིའི་ཤོམས། དབུས་སུ་མཉྫིའི་ཁར་ཚོམ་བུ། དེའི་གཡས་རྣམ་བུམ། གཡོན་ཟླུམ་གཏོར། མདུན་དུ་ཆ་གསུམ་དང་། ཉེར་སྤྱོད་བཤམས་གསུངས།། ༈ །།ཞྭ་ལུའི་ཚེ་ཆོག་འཆི་མེད་བུམ་བཟང་ལས། དཀྱིལ་འཁོར་རབ་རྡུལ་ཚོན་གྱིས་སྒོ་རྫོགས། འབྲིང་། རས་བྲིས། ཐ་མ་ཚོམ་བུ། སྔ་མ་གཉིས་ལ་མདུན་བསྐྱེད་སྐབས་བྷོ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་མེད་པར་བསྐྱེད། ཚོམ་བུ་ལ་གདན་པདྨ་འདབ་མ་མ་གཏོགས་གཞལ་ཡས་ཁང་མེད། ལས་སྔགས་ཨ་མྲྀཏ། བདག་བསྐྱེད་འོད་ཟེར་དྲུག་སྦྲགས། མདུན་བུམ་ལ་ཐུགས་ཀའི་འཁོར་ལོ་མ་གཏོགས་འོད་ཟེར་དྲུག་སྦྲགས་མེད། གཏོར་མ་ཆ་བཅུའི་དང་པོ་འདས་གཏོར། གཉིས་པ་ཕྱོགས་སྐྱོང་། གསུམ་པ་ནས་རྒྱལ་ཆེན་བཞིའམ། བདུན་པ་འབྱུང་པོ། བརྒྱད་པ་ཀླུ། དགུ་པ་གཞི་བདག །བཅུ་པ་བགེགས་སོ། །བུམ་ལྷ་དམ་ཡེ་དབྱེར་མེད་འོད་དུ་ཞུ་མཛད་དོ།། ༈ །།སྒྲུབ་རིན་དུ་སྒྲུབ་ཐབས་རྒྱས་པ་ཇོ་བོ་


JKT004_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས། ཞར་བྱུང་བ་རི་ལུགས། གཉན་ལུགས། ནག་རིན་ལུགས་བཞི་བཀོད། ཇོ་ལུགས་ལ་ཧཱུཾ་ལས་ཆུ་ཤེལ་གྱི་གཞལ་ཡས་ཁང་གི་དབུས་སུ་ཏཱ་ལས་སྒྲོལ་དཀར་སྤྱན་བདུན་མ་བསྐྱེད། གནས་བཞི་བྱིན་རླབས་མཛད། རིགས་བདག་རིན་འབྱུང་། ཐུན་གྱི་ངོ་བོར་ཡིན། རྫོགས་མཚམས་ལས་སྔགས་སྤོལ་ཚིག་ཅན་བརྒྱ་རྩ་བཟླ། བསྙེན་པའི་སྐབས་རབ་ཐུན་བཞི་ཀར་བདག་བསྐྱེད་ཀྱི་བསྙེན་པ་གཙོ་བོར་བཏོན་ནས། ཐུན་མཚམས་སུ་མཎྜལ་སྒྲུབ་མཆོད་བྱེད། འབྲིང་སྔ་དྲོའི་ཐུན་མཐལ། ཐ་མ་སྔ་དྲོར་གཏོར་འབུལ་དང་། ཚེས་བཅོ་ལྔ་སོགས་དུས་བཟང་རྣམས་སུ་སྒྲུབ་མཆོད་རེ་བྱ། བསྙེན་ཚད་སྔགས་སྤེལ་ཚིག་ཅན་མི་ཐེ་བའི་ཡིག་བཅུ་འབུམ་ཕྲག་བཅུ་དགོས་ཞེས་གསུངས། རྗེས་གནང་གཞི་འགོད་པ་སྔོན་དུ་འགྲོ་བས། ལུང་གསུམ། མདུན་བསྐྱེད་བསྟིམ་པ་བཅས་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་ཐ་སྙད་མཛད་དོ། །འདི་ལུགས་ཐམས་ཅད་ཀྱི་རྩ་བ་ཚེ་ཁྲིད་ཡོད། ལས་ཚོགས་ཀྱང་མང་། བ་རི་ལུགས་དང་། གཉན་ལུགས་ལ་གནས་གསུམ་བྱིན་རླབས་མེད། རིགས་བདག་འོད་དཔག་མེད། རྗེས་གནང་བརྒྱ་རྩ་དང་འདྲ། གཉན་ལུགས་ལ་བུམ་པ་སྤྱི་ལྟར་བསྒྲུབས་ནས་ཐུགས་ཀྱི་རྗེས་གནང་མཐར་བཀྲུ་བྱབ་སྲུང་གསུམ་ཡོད། སྙིང་གའི་སྔགས་འཁོར་འཁོར་ལོའི་མུ་ཁྱུད་ལ་ཨོཾ་ཡིག་གི་ཕྲེང་བ་བསྒོམ། བ་རི་ལུགས་


JKT004_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱན་གཉིས་མ་གཙོ་བོ་མཛད། གཡོན་གྱི་ཨུཏྤལ་མེ་ཏོག་ཁ་བྱེ་བ། འབྲས་བུ། གོང་བུ་ཞེས་བཞེད། ལས་ཚོགས་ཀྱང་ཤིན་ཏུ་མང་ངོ་། །དེ་ལྟར་ན་དེང་སང་ཡིག་རྙིང་རྩ་བ་གཙོ་བོར་ཇོ་ལུགས་དང་། མང་མཁར་བའི་ལས་ཚོགས་མང་པོ་དེ་རིགས་པ་རི་ལུགས་ཡིན། པཎ་ཆེན་ནགས་རིན་ལུགས་ལ་མི་འདྲ་བའི་ཁྱད་ཆོས་མང་བ་གཞུང་དུ་གསལ། ཤཱཀྱ་ཤྲཱིའི་ལུགས་ནི། ངག་གྲགས་པའི་ལུགས་ཅུང་ཟད་དར་བར་མཛད་ཀྱང་དེང་སང་རྒྱུན་མེད་པས། ད་ལྟ་པཎ་ཆེན་རང་ལ་ཞལ་གཟིགས་ཀྱི་ལུགས་ལྷ་དགུ་མ་སྔགས་ཀྱང་གཞན་ཡིན་པས་ལུགས་འདི་དག་དང་བསྲེ་བར་མི་བྱའོ། །ཞེས་གསུངས་སོ།། ༈ །།སྒྲོལ་དཀར་གནས་གསུམ་བྱིན་རླབས་སྐབས། ཚར་ཆེན་དང་། རྨོར་ཆེན་དང་། ཀུན་བློས་ཧཱུྃ་ཡིག་བསྐྱེད་པར་མ་གསུངས་ཀྱང་། ངོར་ཆེན་དང་གནས་གསར་བས་ཏཱ་བསྐྱེད་པ་དང་། ཁྲིད་ཡིག་གསུང་རྒྱུན་མ་ལས་ཐུགས་འཁོར་ས་བོན་བཅས་བསྐྱེད་པར་གསུངས་སོ། །བཟླས་པའི་སྐབས། དབུས་སུ་ཏཱཾ་ཡིག །དེའི་མཐའ་བསྐོར་དུ་སྤེལ་ཚིག །དེ་གཉིས་ཀྱི་བར་དུ་མདུན་དུ་ཨོ། རྒྱབ་ཏུ་ཧཱ། ཞེས་བཤད་ཀྱང་དཔྱད། རིལ་སྒྲུབ་སྐབས་རིལ་བུ་རང་ལྷར་བསྐྱེད་པར་མཛད་པ་ལས་བསྐྱེད་གཞི་རེ་རེ་ནས་ལྷར་བསྐྱེད་པ་སོགས་ཀྱི་གསལ་ཁ་མེད།། ༈ །།རྗེས་གནང་སྐབས། གཞི་འགོད་པའི་དམ་ཚིག་པར་བསྐྱེད། ཐུགས་འཁོར་


JKT004_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བཏབ། འོད་ཟེར་དྲུག་སྦྲག་བསྒོམ། གནས་གསུམ་བྱིན་རླབས། ཡེ་ཤེས་དབབ། དབང་བསྐུར། རྒྱས་གདབ། དབང་ལྷ་བསྟིམ། ཤིས་བརྗོད། མཆོད། བཟླས་ལུང་གི་སྐབས། རིགས་བདག་བསྒྱུར། ཚེ་བཅུད་བསྡུ་བསྟིམ། སྔགས་འཁོར་ལས་བདུད་རྩི་འབབས་པ་བཅས་བཟླས་པ་བྱ། དམ་བཅའ་བའི་མཇུག་བསྡུ། བཅོམ་ལྡན་འདས་མའི་བྱིན་རླབས་ནི། འདི་ལ༴ སོགས་སྣང་། ཐུགས་ཀྱི་རྗེས་གནང་མི་འདུག་པས་དཔྱད།། ༈ །།སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་ཐུན་མིན་དབང་རབ་གསུང་རྒྱུན་མཁན་ཆེན་མཉྫ་བྲིས་གྲུབ་མཆོག་བསོད་ནམས་སྣང་བྱེད་ལ་གནང་དུས་དེའི་གསན་ཡིག་ལ་བཀོད་པ་དང་། གནས་གསར་བས་བསྟན་པ་ཚེ་རིང་ལ་གནང་དུས་ཁྲིད་ཡིག་དང་ཞབས་བརྟན་འབུལ་བའི་གོ་རིམ་དང་མཚུངས་པ་ཡིན་ཞེས་གྲུབ་དབང་སངས་རྒྱས་རྒྱ་མཚོའི་གསན་ཐོ་ལས་བྱུང་།། ༈ །།ཆོས་རྗེ་བཀའ་ལྔ་པ་ལ་འཕགས་པ་སྤྱན་རས་གཟིགས་ཀྱིས། མ་ནམ་མཁར་གྲགས་པའི་ཕྱི་ནང་གསང་གསུམ་གྱི་སྐྱབས་འགྲོ་འདི་གནང་ནས། ཆོས་འདི་དགེ་སློང་བརྩོན་འགྲུས་བཟང་པོ་ལ་© བྱིན་ཅིག །འདིས་འཛམ་བུའི་གླིང་གི་མི་ཐམས་ཅད་ལ་བསྒྲགས་ནས། གནས་སྐབས་ཀྱི་ནད་གདོན་བར་ཆད་ཐམས་ཅད་བསལ་ནས། ངན་སོང་གསུམ་གྱི་སྡུག་བསྔལ་ལས་སྐྱོབ་པར་བྱེད་དོ་གསུངས།། ༈ །།གྲུབ་


JKT004_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཆེན་པོས་རང་གི་ཡུམ་གཤེགས་པའི་དགོངས་རྫོགས་སུ་མ་ཎི་དུང་ཕྱུར་གྱི་ཚོགས་དཔོན་མཛད་པའི་སྐབས། ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཀྱི་ཐོ་རངས་ལ་མདུན་གྱི་ནམ་མཁར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་གཉིས་པ་དང་། ཕྱག་བཞི་པ། བཅུ་གཅིག་ཞལ་ཕྱག་བརྒྱད་པ་དང་། ཕྱག་སྟོང་སྤྱན་སྟོང་རྣམས་མས་རིམ་ནས་བརྩེགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨཱ བསམ་གྱིས་མི་ཁྱབ་པས་བསྐོར་པ་ཞལ་གཟིགས་པ་ན། སྐུ་ལུས་གྲངས་མེད་པར་སྤྲུལ་པའི་ཕྱག་དང་། ཏིང་ངེ་འཛིན་གྱི་མཆོད་སྤྲིན་ནམ་མཁའ་གང་བས་མཆོད་པ་སོགས་ཡན་ལག་བདུན་པ་ཕུལ་ནས། དུས་ངན་སྙིགས་མའི་སེམས་ཅན་ལ་ཐུགས་རྗེས་གཟིགས་སུ་གསོལ། ཞེས་གསོལ་བ་བཏབ་པས་འཕགས་པའི་ཞལ་ནས། ཁྱོད་ཀྱི་དགེ་བའི་བཤེས་གཉེན་ང་ཡིན་པས། །སྒྱུ་མ་ལྟ་བུའི་ཟས་ནོར་ལོངས་སྤྱོད་ཀྱིས། །སྤུ་ཡིག་དྲུག་རིག་སྔགས་ཟློས་པས་རང་དང་གཞན། །ཚོགས་གཉིས་རྒྱ་མཚོར་འཕེལ་བ་ཤིན་ཏུ་ལེགས། །ཁ་བ་ཅན་གྱི་ཆུ་ཀླུང་ཆེ་རྣམས་ལ། །གྲུ་དང་རིན་ཆེན་ལྕགས་ཟམ་བརྟན་པོར་ཚུགས། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ནས། །སྙིགས་མའི་སེམས་ཅན་བསོད་ནམས་འཕེལ་བར་མཛོད། །མཐོང་ཐོས་དྲན་ཞིང་རེག་པ་ཙམ་གྱིས་ཀྱང་། །ངན་འགྲོའི་སྒོ་འགེགས་མངོན་མཐོའི་ལམ་བརྟེན་པའི། །


JKT004_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྔགས་རྒྱལ་པོ་ཡི་གེ་དྲུག་པའི་སྒྲས། །ཡངས་པའི་རྒྱལ་ཁམས་ཐམས་ཅད་གང་བར་གྱིས། །ཞེས་གསུངས་སོ།། #div2 དགེ་སློང་པདྨ་དཀར་པོའི་གསོལ་འདེབས་སྨོན་ལམ་ཡིད་བཞིན་ནོར་བུ། དགེ་སློང་པདྨ་དཀར་པོའི་གསོལ་འདེབས་སྨོན་ལམ་ཡིད་བཞིན་ནོར་བུ་བཀྲ་ཤིས་ཡིན་ལུགས་མ་རྣམས་གྲུབ་ཐོབ་ཆེན་པོའི་གསུང་འཁྲུལ་མེད་དོ།། ༈ །།གྲངས་མེད་འགྲོ་ལ་ཐུགས་རྗེས་བརྩེར་དགོངས་ཤིང་། །ས་བཅུའི་དབང་ཕྱུག་རྒྱལ་སྲས་ཚུལ་བཟུང་ནས། །ལུས་ཅན་ཀུན་ལ་ཐར་པའི་ལམ་སྟོན་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་མཚན་ཙམ་ཡིད་ལ་དྲན་པས་ཀྱང་། །ངན་འགྲོའི་སྡུག་བསྔལ་མ་ལུས་སེལ་མཛད་ན། །རྩེ་གཅིག་གསོལ་བ་འདེབས་པའི་སྐྱེ་བོ་ལ། །ཐུགས་རྗེ་ཅན་ཁྱོད་ལྷག་པར་ཅིས་མི་གཟིགས། །འཇིགས་རུང་སྲིད་གསུམ་ཁྲི་མུན་ཉམ་ང་བར། །གཟུང་འཛིན་ལྕགས་སྒྲོག་དམ་པོས་བཅིངས་གྱུར་པའི། །ཐར་མེད་སྡུག་བསྔལ་མྱོང་བའི་འགྲོ་རྣམས་ལ། །ལྷ་མཆོག་ཁྱེད་ཀྱིས་མྱུར་དུ་བསྐྱབ་ཏུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། གྲུབ་ཆེན་གྱི་གསུང་ངོ་།། ༈ །བླ་ཆེན་རྣམས་ཞིང་གཤེགས་དུས། ཐུགས་དམ་སྐུ་གནད་དྲང་པོར་བཞུགས་ཡོད་ན་ཆས་ཞུགས་ཧ་ལམ་དགོས་པ་གཞིར་བཅས་དང་། དེ་མིན་ཀྱང་སྐུ་ཚུགས་ཅུང་བཅོས་ནས་ཆས་ཞུགས་མཚོན་བྱེད། མདུན་དུ་ཉེར་སྤྱོད་སོགས་མཆོད་པའི་བྱེ་བྲག་བཤམ། གནས་ཁང་གཞན་དུ་རྡོར་སེམས་བདེ་ཕག་ལྟ་བུའི་གསར་རྙིང་།


JKT004_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་དཀྱིལ་འཁོར་བདག་མདུན་སྒྲུབ་མཆོད་མདོ་ཚང་དང་། ལས་བུམ་རྣམ་དམེ་གང་རུང་གིས་ཚད་ལྡན་དུ་བསྒྲུབ། དེ་ནས་སྦྱོང་ཁྲུས་ཞིབ་ཆ་སྔོན་དུ་འགྲོ་བས། གསར་མལ་ཀྱེ་རྡོར་ལྟ་བུར་མཚོན་ན། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །ཅེས་པས་མཚོན་བདེ་ཕག་སོགས་གང་འབྲེལ་གྱི་ཞུ་བ་གླུས་བསྐུལ་དབྱངས་རོལ་དང་བཅས་ལན་གསུམ་གྱིས་འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་པ་ལས། སླར་ཡང་ཡེ་ཤེས་པ་བསྟིམ་པའི་ཚུལ་གྱིས། མི་བཟད་བདུད་སྡེའི་དཔུང་གིས་ཕྱག་བྱས་པའི། ཞེས་སོགས་སམ། མ་ལུས་སེམས་མགོན་ལྟ་བུས་མཁའ་ཁྱབ་ཀྱི་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམས་པའི་སྤྱན་སྔར་མཆོད་ཕྲེང་དང་། སྤྱི་བསྟོད་མདོར་བསྡུས། འདོད་གསོལ་སྤྱི་དང་ཁྱད་པར་སྤྲུལ་སྐུ་མྱུར་འབྱོན་བློ་འཁུལ་བའི་གདངས་ཀྱིས་ལན་གསུམ་སོགས་བརྗོད་པའི་མཐར། ཡི་གེ་བརྒྱ་པ་ལན་མང་དུ་བཟླ་ཞིང་། སྤྲོ་ན་སྤྱི་བཤགས་ཇི་ལྟར་རིགས་པའི་མཐར། ཨོ། ཁྱེད་ཀྱིས་སེམས་ཅན་ལྟ་བུས་དམ་ཡེ་དབྱེར་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཆོས་སྐུའི་དབྱིངས་སུ་སླར་གཟུགས་སྐུར་འབྱོན་བཞེད་བཞིན་པས་གཤེགས་པར་བསམས་ལ་བསྟན་པ་རྒྱས་པའི་སྨོན་ལམ་གཙོར་གྱུར་སྨོན་ལམ་དང་བཀྲ་ཤིས་རྒྱས་པར་བརྗོད། དེ་ནས་སྐུ་གདུང་རིལ་བུ་དྲི་བཟང་གི་ཆུ་དང་ཁྲུས་ཆབ་ཀྱིས་དག་པར་བཀྲུས་ཤིང་། བདུད་རྩི་ཆོས་སྨན་དང་


JKT004_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བུ་སོགས་དྲི་བཟང་ལ་སྦྱར་བ་དང་། ག་བུར་བཟང་སྨན་ཕྱེ་མ་སོགས་ཀྱིས་བྱུགས། ཆས་ཞུགས་ལེགས་པར་བསྒྲུབས་པའི་མདུན་དུ་མཆོད་པ་སོགས་བཤམས་ནས་གདུང་མཇལ་འདྲ་གཏོང་མིན་སྐབས་དང་སྦྱར། དེའི་མདུན་དུ་བླ་མཆོད་སོགས་སྐབས་སུ་གང་བབ་ཞུགས་འབུལ་མ་རན་པར་བསྒྲུབ་སྲོལ་དང་། ལྷག་པར་ཆོས་གསན་པའི་བླ་མ་འདྲ་བཞུག བསྡུས་པ་དེ་ཕུལ་སྲོལ། དེའི་སྐབས་ཡེ་ཤེས་པ་སྤྱན་དྲངས་པའི་ཚུལ་གྱིས་ཐུགས་རིག་པ་སྟིམས་ནས་དབང་བསྐུར་བ་སོགས་བྱས། མཐར་གཤེག་སུ་གསོལ་བར་གསུངས་སྣང་། གོང་གི་ཞུ་བ་གླུས་བསྐུལ་རྙིང་མ་ལྟར་ན། ཡོད་མེད་སྟོང་པ་དབྱངས་ཆེན་དང་བཅས་བརྗོད་པ་དང་། ཡེ་ཤེས་སྤྱན་འདྲེན་ཉི་མ་ལྷོ་ནུབ་མའི་བཞེངས་སྐུལ་བཏང་སྲོལ་ཡོད་ཅེས་བཤད།། ༈ །།ཨོཾ་སྭ་སྟི། འཆི་མེད་འཕགས་མའི་སྙིང་ཏིག་གི་བསྙེན་པའི་སྐབས་ལམ་མོས་བསྒོམ་གཙོ་བོར་བཏོན་པའི་དབང་དུ་བྱས་ན་བསྙེན་སྒྲུབ་ལས་གསུམ་དང་སྦྱར་བའི་བསྙེན་པ་དཀྱུས་མ་དང་། ངེས་རྫོགས་ཁྱད་པར་ཅན་གྱི་དབང་དུ་བྱས་ན་བསྙེན་སྒྲུབ་ཡན་ལག་བཞིའི་སྒྲོམ་ནས་འདོན་པ་སོགས་རྣམ་གཞག་མང་པོ་མཆིས་ཀྱང་། སྐབས་དོན་ལས་བྱང་རང་གི་དངོས་བསྟན་ཙམ་གྱི་བསྙེན་སྒྲུབ་ལས་གསུམ་ལ། དུས་གྲངས་རྟགས་གསུམ་ལས། དུས་དབང་པོ་རབ་


JKT004_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་དུ་བྱས་ཏེ་བསྙེན་པ་ལ་བདུན་གསུམ། སྒྲུབ་པ་ལ་བདུན་གཅིག །ལས་སྦྱོར་ལ་ཞག་གཅིག །དངོས་གྲུབ་བླང་བ་དང་བཅས་ཟླ་བ་གཅིག་ཏུ་གསུངས། འབྲིང་ལ་དེ་སུམ་འགྱུར་བྱས་པའི་ཟླ་བ་གསུམ། ཐ་མལ་ཟླ་བ་དྲུག་ཤུགས་ཀྱིས་ཐོབ། གྲངས་བསྙེན་ཀྱང་རབ་འབྲིང་ཐ་མའི་དབང་པོའི་ངོ་སྐལ་དུ་བྱས་ན། དེ་དང་དེའི་དུས་ཀྱི་ཡུན་ཚད་ལ་ཇི་ཙམ་གྲུབ་པ་ཡིན་མོད། སྤྱིར་བཏང་གྲངས་གཙོ་ཆེ་བའི་དབང་དུ་བྱས་ན། གཙོ་མོའི་ཡིག་བཅུ་འབྲུ་འབུམ། དྲིལ་སྒྲུབ་ཀྱི་བསྙེན་སྔགས་འབྲུ་བཅུ་དགུ་པ་འབུམ་ཕྲག་བདུན། ཡེ་ཤེས་སེམས་དཔའ་དང་། སྤྲུལ་པའི་སེམས་མའི་སྔགས་འབུམ་ཕྲག་བཞི་རེ། སྒྲོལ་མ་རིགས་བཞིའི་སྒྲུབ་སྔགས་འབུམ་ཕྲག་རེ་རེ། ལས་སྦྱོར་སྒྲོལ་མ་བཞིའི་སྔགས་ཁྲི་ཕྲག་བཞི་རེ་ཉུང་མཐའ་བྱས་པ་བཟླས་ན་གྲངས་བསྙེན་འབྲིང་པོ་དང་། དུས་བསྙེན་དབང་པོ་འབྲིང་གི་ཟླ་བ་གསུམ་བཞི་མཐུན་པར་འགྱུར་བས་ཤིན་ཏུ་ལེགས། ལས་རུང་ཙམ་པ་ནི། གཙོ་མོའི་ཡིག་བཅུ་འབུམ་ཕྲག་བཞི། དྲིལ་སྒྲུབ་འབུམ་ཕྲག །ཡེ་སེམས་དང་སྤྲུལ་པའི་སྔགས་ཁྲི་བཞི། སྒྲུབ་སྔགས་ཁྲི་རེ། ལས་སྦྱོར་ཉིན་གཅིག་ཅི་འགྲུབ་བྱས་པས་དབང་པོ་རབ་ཀྱི་དུས་བསྙེན་དང་གཞི་མཐུན། རྟགས་བསྙེན་རབ་འབྲིང་ཐ་གསུམ་ནི་སྤྱི་ལྟར། ༈ །དངོས་གྲུབ་ལེན་ལུགས་ནི་ཁྱད་པར་བ་ལ་སྒྲུབ་ཆེན་ཁོག་ཕུབ་དང་སྦྱར་བའི་ཚུལ་ཡོད་ཀྱང་།


JKT004_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱུས་ཙམ་ལ་ལས་སྦྱོར་གྱི་སྔགས་གྲངས་དེ་རིང་ཐེམ་པའི་ནངས་པར་སྔ་བར་མཆོད་གཏོར་སོགས་གསར་པ་བཤམ། དངོས་གྲུབ་ཀྱི་རྫས་འདུ་བྱ། བཟླས་པ་རྫོགས་ནས་སྟོང་ཚིག་གིས་མཆོད་བསྟོད་རྗེས། དངོས་གྲུབ་བསྐུལ་བའི་ཛབྲ། དྲིལ་སྒྲུབ་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སོགས་བཏགས་པ་ཅི་རིགས་པ་བཟླ། དེ་ནས་ཡེ་ཤེས་སྐུ་མཆོག་གི་བཤགས་པ་དང་། གཞུང་གི་བྱིན་འབེབས་བཅས་སྔོན་དུ་འགྲོ་བས། མཆོད་བསྟོད་བྱས་པའི་མཐར། ཨོྃ༔ རྗེ་བཙུན་འཕགས་མ་སོགས་ཀྱིས་དངོས་གྲུབ་གསོལ་ཏེ། དམིགས་པ་སྤྱི་ལྟར་དང་བཅས་བུམ་པ་མགོ་བོར་བཞག་ཅིང་བུམ་ཆུ་མྱང་། བདུད་རྩི་མགྲིན་པར་བཞག་ཅིང་རོལ། ཚེ་འབྲང་སྙིང་གར་བཞག །ཐོད་པའི་རྫས་མྱོང་ཞིང་ལྷག་མ་ཡུན་དུ་བསྟེན་པ་སོགས་སྤྱི་ལྟར། དེ་ནས་ཚོགས་མཆོད་རྒྱས་པས་མཚོན་ལས་མཇུག་བསྡུ་བར་བྱ་བ་ཡིན་ནོ། ༈ །ཡང་གར་དབང་གི་སྐུ་མདོག་གཞུང་དུ། རང་འོད་ཐབས་མཆོག་གར་གྱི་དབང་། ཞེས་རང་གི་འོད་ལས་སྐྱེས་པའི་ཐབས་ཀྱི་སྣང་ཆ་ཡིན་པས་དཀར་པོ་ཡིན་པ་གཞིར་བཞག་ལ། ཡབ་ཡུམ་གོ་ལྡོག་ལྷན་སྐྱེས་འདི་རིགས་ཡུམ་ལས་ཡབ་ཆགས་ཉམས་ཆེ་བར་བཤད་པས་དམར་མདངས་ཆགས་པ་ཞིག་བསྒོམ་པ་དང་། བྲི་བའི་སྐབས་སུའང་འདི་ཁོ་ན་ལེགས། ༈ །སྔགས་ཕྲེང་འཁོར་ལུགས། བསྙེན་པ་ལ་བཀོད་པ། ཉེ་བསྙེན་ལ་འཁོར་བ།


JKT004_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ལ་དོ་ལི། སྒྲུབ་ཆེན་ལ་སྤྲོ་བསྡུ་གཙོ་བོར་གསུངས་མོད། དཀྱུས་ཙམ་ལ་བཀོད་པའི་དམིགས་པ་ཁོ་ནས་འཐུས། དེའི་ཚེ་ལྷ་མོའི་རིགས་དང་། མ་རྒྱུད་སྐོར་ཕལ་ཆེར་ལ་གཡོན་དུ་བཀོད་པ་ཤས་ཆེ་མོད། འདིར་ནི་གསར་མའི་རྒྱུད་སྒྲུབ་ཐབས་རྣམས་ལས་ཀྱང་གཡས་སྐོར་དུ་བཀོད་པ་ཤ་སྟག་བཤད་པས། རྩ་སྔགས་དྲིལ་སྒྲུབ། ཡེ་སེམས་དང་སྤྲུལ་པའི་སྔགས་བཅས་གཡས་སྐོར་དུ་དགོད་ཅིང་། དེ་ལ་སེམས་བཟུང་ནས། ཟིན་པ་ན་འོད་ཟེར་སྤྲོ་བསྡུ་དང་བཅས་བཟླས་པ་བྱས་པས་འཐུས། བཀོད་པའི་དམིགས་པ་ཤིན་ཏུ་གསལ་ན་འཁོར་བའི་དམིགས་པ་གསལ་གདབ་ཀྱང་རུང་། དེ་ཡང་རྩ་སྔགས་བཟླ་སྐབས་དེ་རྐྱང་པ་དང་། དྲིལ་སྒྲུབ་སྐབས་དེའི་མཇུག་ཏུ་སྔགས་དེ་མཐུད་ནས་གསལ་གདབ། ཡེ་ཤེས་སེམས་དཔའི་སྐབས་དེའི་དམིགས་པ་བཞག་ནས་ཐུགས་སྲོག་ཏུཾ་ཧཱིརུ་བསྒྱུར་བའི་མཐར་རང་སྔགས་བཀོད། སྤྲུལ་པར་ཐུགས་ཀར་ཉི་ཟླའི་གའུའི་དབུས་སུ་ཧཱུཾ་མཐར་སྔགས་ཕྲེང་བཀོད་པའོ། །སྒྲུབ་པའི་སྔགས་སོགས་ལའང་རང་རང་གི་ཐུགས་ཀར་པད་ཟླའི་སྟེང་དུ་ཐུགས་སྲོག་ཧཱུཾ་ཧཱུཾ་ཧཱིཧཱུྃ་ཛཧཱུྃ་བཾ་ཧོ༔ བཅས་རང་མདོག་གི་མཐར་སྔགས་ཕྲེང་བཀོད་པ་སོགས་བྱས་པས་འཐུས། ༈ །སྒྲུབ་གཏོར་ཆེན་མོ་ནི། འདིའི་སྒྲུབ་ཁོག་མཆོག་གྱུར་གླིང་པའི་ས་གཏེར་ལས་བྱོན་པའི་ཤོག་སེར་མ་ལས་རྒྱས་པར་བཤད་ཀྱང་། སྒྲུབ་ཆེན་དུས་ཡིན་ན་ལས་དཀྱུས་སུ་མི་དགོས་


JKT004_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། དཔེའུ་རིས་ལྟ་བུ་ཞིབ་ཆ་ཞིག་བྱས་ན་མ་གཏོགས་བཅའ་བཟོ་དཀའ་བ་ཞིག་ཡིན། དཀྱུས་སུ་དཀྱིལ་ཐང་ཡོད་ན་དགྲམ་པའམ། མེད་ན་མཎྜལ་ཚོམ་བུ་ཙམ་དང་། གཙོ་བོར་ཐོད་པ་རིལ་བུ་བཅས་སྒྲུབ་རྟེན་ཁྱད་པར་བ་ཡིན་པས་སྒྲུབ་གཏོར་ལོགས་སུ་མ་དགོས། མཆོད་གཏོར་ནི་རིན་ཆེན་འབར་བ་སྤྱི་འགྲེས་འཐུས། དེ་ལས་ཤེས་པ་བཞི་ལྡན་སོགས་ཀྱི་ཐ་སྙད་སྦྱར་ན་སྒྲུབ་གཏོར་དང་མཆོད་གཏོར་གཞི་མཐུན་པ་ཡིན། ཚེ་འབྲང་ནི། ཚེ་ཞེས་ནས་རྗེན་འཐག །གལ་ཞེས་ཆང་གིས་སྦྲུས་པའི་ཟན་བུམ་དབྱིབས་སྤྱི་འགྲེ་མཐར་རིལ་བུས་བསྐོར་བ་ཁ་དོག་དམར་པོར་བྱས་པའོ།། །།ཞེས་པའང་ཀཐོག་སི་སྤྲུལ་པའི་མཆིད་ལན་དུ་པདྨ་འོད་གསལ་མདོ་སྔགས་གླིང་པས་ཟིན་ཐོར་སྨྲས་པ་ཀཱ་ཡཱ་ཡུ་ཥོ་དྷཱ་ཛ་ཏིཥྛནྟུ།།


previousཤོག་ལྷེབ་ ༦༠༡ ནས་ ༧༡༧ བར།no next