Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
བྱིན་རྟེན་རིགས་སྦྱོར་ཚུལ་སོགས་ལས་བརྩམས་པའི་བཀའ་འདྲི་ཕེབས་ལན་མདོར་བསྡུས་སུ་གསོལ་བ།
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱིན་རྟེན་རིགས་སྦྱོར་ཚུལ་སོགས་ལས་བརྩམས་པའི་བཀའ་འདྲི་ཕེབས་ལན་མདོར་བསྡུས་སུ་གསོལ་བ། next

བྱིན་རྟེན་རིགས་སྦྱོར་ཚུལ་སོགས་ལས་བརྩམས་པའི་བཀའ་འདྲི་ཕེབས་ལན་མདོར་བསྡུས་སུ་གསོལ་བ།


JKT005_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རྟེན་རིགས་སྦྱོར་ཚུལ་སོགས་ལས་བརྩམས་པའི་བཀའ་འདྲི་ཕེབས་ལན་མདོར་བསྡུས་སུ་གསོལ་བ་བཞུགས་སོ།། །།ཨོཾ་སྭ་སྟི་སིདྡྷི་རསྟུ། །སྲས་བཅས་རྒྱལ་བས་བྱིན་རླབས་པའི། །རྟེན་ཅིང་འབྲེལ་འབྱུང་ཡེ་ཤེས་ཀྱིས། །དཔལ་ལྡན་བླ་མ་ཞབས་བརྟན་ཅིང་། །ཕན་བདེའི་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ། །སྔ་མར་བྱིན་རྟེན་གཏའ་སྤེལ་རིགས་ཕྲན་བུ་འབུལ་ལམ་ཞུས་པར་རྨད་དུ་བྱུང་བའི་ཐུགས་དགྱེས་པ་ཆེན་པོ་དང་། ཐུགས་བསྐྱེད་མཐའ་ཡས་པས་སླར་ཡང་རྒྱ་ཆེར་སྤེལ་བཞེད་དང་རྗེས་སུ་འབྲེལ་བར་བཀའ་འདྲི་རིན་པོ་ཆེའི་ཅོད་པན་སྤྱི་བོར་སྩལ་བ་བྱང་ཆུབ་བར་དུ་གཞལ་བར་དཀའ་བའི་བཀའ་དྲིན་དང་གུས་སྤྲོ་ཚད་ལས་


JKT005_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པར་གྱུར་ལགས་ཤིང་ཞུ་ལན་གྱི་རིམ་པ་རྨོངས་བློར་གང་དྲན་མཚོན་ཙམ་གསོལ་བ་འདེབས་རྒྱུར། སྤྱིར་རིང་བསྲེལ་ཞེས་པ་དཀོན་ཞིང་རིན་ཐང་ཆེ་བ་དང་སྙིང་པོར་གྱུར་པ་ཞིག་ལ་འཇུག་ཅིང་། དེ་ལ་བྱང་ཆུབ་རྒྱན་འབུམ་གྱི་གཟུངས་ལས་བཞི་དང་། ཆོ་ག་ཞིབ་མོ་ལས་ལྔ་ཞེས་གསུངས་པའི་ཕྱི་མ་ལྟར་ན། ཆོས་ཀྱི་རིང་བསྲེལ་གཟུངས་སྔགས་དང་། ཆོས་སྐུའི་རིང་བསྲེལ་སཱཙྪ་ལ་ངོས་འཛིན་པར་སྣང་བ་ལ། གཟུངས་གཞུག་གི་སྐབས་དེ་ལྔ་ཀ་འབུལ་བ་ཐམས་ཅད་ཀྱི་ཕྱག་བཞེས་སུ་མཛད་པ་ལྟར་དང་། དེའི་ནང་ཚན་སཱཙྪམ་གཏོགས་པའི་རིང་བསྲེལ་གཞན་བཞི་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པར་རྟེན་འདུས་ཀྱི་མཚན་གསོལ་བ་ནི་ཡོངས་སུ་གྲགས། རིང་བསྲེལ་བཞི་སོ་སོའི་རིལ་བུ་མཛད་པ་སྔར་གྲགས་ཆེ་བ་མི་སྣང་རུང་། དོན་དུ་རྟེན་འདུས་རིལ་བུར་རིང་བསྲེལ་བཞི་ཀ་གཏོང་བར་ཐམས་ཅད་བཞེད་པ་མཐུན་པས། དེས་ན་སོ་སོའི་རིལ་བུ་མཛད་ན་འགལ་བ་མེད་ཅིང་རྣམ་པ་གསལ་བ་སོགས་དགོས་པ་དུ་མ་གཟིགས་ནས་ཁམས་ཕྱོགས་སུ་རྡོ་རྗེ་འཛིན་པ་འགའ་ཞིག་གི་ཕྱག་བཞེས་སུ་བསྟར་བ་ལྟར། འཇམ་མགོན་བླ་མ་ཐམས་ཅད་མཁྱེན་གཟིགས་བློ་གྲོས་མཐའ་ཡས་པའི་ཞལ་སྔ་ནས་ཀྱང་ཕྱག་བཞེས་ཐུགས་རྩོལ་དང་ཁུངས་དག་དངོས་གཙང་གིས་སྤེལ་ཞིང་དཀར་ཆག་རྒྱས་པས་གཏན་ལ་ཕབས་པའི་དགོངས་དོན་


JKT005_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བརྩམས་ཏེ་ལག་ལེན་དང་སྒྲུབ་ཚུལ་སོགས་ཀྱི་བཀའ་འདྲི་སྩལ་བའི་ཐོག་མར་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཕྱོགས་བསྡུས་སྐབས། རིང་བསྲེལ་རྣམས་ཅོང་ཞི་སོགས་དང་ལྷན་ཅིག་གཏུན་བུ་སོགས་སུ་ཞིབ་པར་བརྡུང་བ་ནི་སྔར་ནས་རྟེན་འདུས་རིལ་བུ་དང་། རིན་ཆེན་རིལ་བུ་སོགས་ཀྱི་སྐབས་ཐམས་ཅད་ཀྱི་ཕྱག་བཞེས་སུ་མཛད། དེ་ལ་ཉེས་པ་ཡོད་མེད་ཀྱི་དཔྱོད་མཁན་སུའང་མ་བྱུང་། རྣམ་པར་དཔྱད་ན་སྐུ་གདུང་དེ་ཉིད་ལྷ་མིའི་བསོད་ནམས་ཀྱི་ཞིང་དུ་རྒྱ་ཆེར་སྤེལ་བའི་ལྷག་བསམ་བཟང་པོ་ལས། དེ་བཞིན་གཤེགས་པ་སོགས་ཡུལ་དེ་ལ་མནར་སེམས་པས་མ་ཡིན་པའི་ཕྱིར་ཉེས་པ་མེད་པར་མ་ཟད། སྐུ་གདུང་ནི་རྒྱས་པར་འགྱུར་རོ་ཞེས་པའི་ལུང་གཙོ་བོར་དེ་བཞིན་གཤེགས་པའི་གདུང་འཁོར་ལོས་སྒྱུར་བའི་གདུང་ལ་ཇི་ལྟར་བྱ་བ་བཞིན་ཆས་སུ་གཞུག་ཅིང་ཞུགས་ལ་བཞེན་པར་རྗེས་སུ་གནང་བ་ལྟར། དེ་ལ་བརྟེན་ནས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་བྲེ་བོ་ཆེ་མང་པོས་ལྷ་མིའི་ཡུལ་ཐམས་ཅད་དུ་ཁྱབ་པར་འགྱུར་བ་ལ་དགོངས་ཤིང་། ཤུགས་བསྟན་འདི་ལྟ་བུའི་སྒོ་ནས་སླར་ཡང་སྤེལ་བ་དང་། དེ་རྣམས་རྟེན་གྱི་ནང་དུ་བཅུག་ནས་ལྷ་མིའི་བསོད་ནམས་ཀྱི་ཞིང་དུ་བསྒྲུབ་པ་ལའང་དགོངས་པར་མངོན་པས་སྟོན་པའི་བཀའ་རྗེས་སུ་བསྒྲུབས་པའི་ཕན་ཡོན་གྱིས་མཚོན་དགོས་པ་རྒྱ་ཆེར་མཆིས་པར་སེམས། གལ་སྲིད་ཅི་ནས་ཉེས་


JKT005_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ན་སྐུ་གདུང་ཞུགས་ལ་ཕུལ་བ་དང་གདུང་རུས་བཏུལ་བ་སོགས་ལའང་མཚུངས་པས་ཧ་ཅང་ཐལ་བར་འགྱུར་རམ་སྙམ་པ་ཤར། སྤེལ་གཞི་རིགས་མཐུན་བློ་གྲོས་ཀྱིས་དཔྱད་ནས་གཏོང་བ་མ་གཏོགས་དམིགས་བསལ་གྱི་ཁུངས་མི་སྣང་བས། གངས་ཏིག་ནི་བྱང་ཆུབ་སེམས་དཔའི་རིང་བསྲེལ་ཞེས་བཤད་པས་གཙོར་བྱས། དེ་སྟེང་ཅུ་གང་། ཅོང་ཞི། མཆོད་རྟེན་གྱི་སྐུ་དཀར་སོགས་དང་། བཟང་དྲུག་གཞན་འདྲའང་གཏོང་ན་འགལ་བ་མེད་མོད། ཧ་ཅང་མང་ན་མདོག་དཀར་པོ་འོང་དཀའ། དམ་རྩི་དབང་ལག་དབང་ལེན་མ་ཡིན་པའི་དཔུས་ལེགས་གྲས་བཅས་གལ་ཆེ་བར་སྣང་། རིལ་བུ་ཚར་ནས་སྒྲུབ་ཚུལ་ནི། སྤྱིར་བྱིན་རྟེན་འདི་རིགས་རྙིང་མའི་ཕྱོགས་ལའང་སྐྱེ་བདུན་རིལ་སྒྲུབ་དང་བདུད་རྩིའི་སྒྲུབ་ཆེན་སོགས་ཀྱི་སྐབས་མདུན་དཀྱིལ་ཁར་ལྡིང་ཁྲི་བྱས་ཏེ། དེའི་སྟེང་དུ་ཐོད་པའམ་རིན་པོ་ཆེ་སྟེགས་སྣོད་ཇི་ལྟར་འོས་པར་བཞུགས་སུ་གསོལ་ནས་བདག་མདུན་དབྱེར་མེད་དང་། ཛཔ་ཁང་ཕྱེ་བ་སོགས་ཀྱིས་ལྷ་དང་གཉིས་མེད་དུ་བསྒྲུབ། བྱིན་དབབ། བརྟན་བཞུགས་བྱ་བ་སོགས་ལས་རེ་རེ་ནས་སྒྲུབ་ཚུལ་དམིགས་བསལ་མེད། གསར་མའི་ཕྱོགས་ལ་མཚོན་ནའང་བདེ་ཀྱེ་གསང་གསུམ་ལྟ་བུའི་སྒྲུབ་མཆོད་སྐབས་མདུན་དཀྱིལ་གྱི་ཉེ་ལོགས་སུ་བཀུར་སྟི་དང་བཅས་བཞུགས་སུ་གསོལ། མདུན་བསྐྱེད་ཀྱི་ཡེ་ཤེས་པ་


JKT005_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ་པའི་ཚེ་རྫས་ལའང་བསྟིམ་པའི་དམིགས་པས་ཁྱབ་པར་བྱས། རྗེས་སུ་བརྟེན་བཞུགས་སྐབས་བསྟིམ་པའི་ཡེ་ཤེས་པ་བརྟན་པར་མོས་པ་ཙམ་གྱིས་ཀྱང་ཆོག་པར་མ་ཟད། བྱིན་རླབས་ཀྱི་རྒྱུན་སྤེལ་བ་སྟེ། དཔེར་ན་བུམ་ཆུ་ཞལ་གསོས་པ་ལྟ་བུ་ཡིན་པས་དམིགས་བསལ་གྱི་སྒྲུབ་པ་མ་བྱུང་ཡང་སྦྱོང་ཁྲུས་དང་བརྟན་བཞུགས་ཤིས་བརྗོད་སྤྱི་ཁྱབ་རེ་མཛད་ཀྱང་རུང་སྙམ། མི་མང་པོར་དབང་བསྐུར་བའི་ཚེ་བུམ་ཆུས་@འདང་མིན་བྱུང་ན། ཐོག་མར་ཆུ་རྐྱང་པ་ལ་བུམ་ཆུས་ཕར་ཅུང་ཟད་སབ། སླར་དེ་ཉིད་ཚུར་བུམ་པར་བླུགས་ཏེ་འགྲིམས་པ་ལས་དེ་ཙམ་ལ་སྒྲུབ་ཐེངས་སུས་ཀྱང་མི་མཛད་པ་དང་མཚུངས་པས་སོ། །འོན་ཀྱང་གོང་གསལ་གྱི་སྒྲུབ་པ་ལྟ་བུ་རེ་བྱུང་ཚེ་བྱིན་རླབས་ལྷག་པར་ཆེ། ཅི་ནས་ཀྱང་རིགས་སོ་སོར་རིགས་མཐུན་གྱི་སྒྲུབ་པ་མཛད་ན་རབ་གནས་ཀྱི་རྟེན་བསྐྱེད་སོགས་ཀྱི་རིགས་པས། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཐམས་ཅད་ཀྱི་མཆོག་དང་། ཡེ་ཤེས་ལྔའི་དྭངས་མ་ལས་བྱུང་བ་ཡིན་པར་གསུངས་པས་བདག་གི་རྣལ་འབྱོར་དང་བུམ་པ་སྒྲུབ་པ་སོགས་སྔོན་ལ་འགྲོ་བས་མདུན་རྟེན་ལ་སྦྱོང་ཁྲུས་སྤྱི་ལྟར་དང་། དེ་ནས་ཀྱེ་རྡོར་ལྟ་བུ་ལ་མཚོན་ན་རིལ་བུ་མི་བསྐྱོད་པ་ཀྱེ་རྡོར་བསྐྱེད་པ་ནས་བཟུང་རབ་གནས་བསྡུས་པའི་ཆོ་ག་ལྟར་སྦྱར་ཞིང་། སྔགས་བཟླ་བར་འདོད་ནའང་སྔགས་ཀྱི་མངའ་དབུལ་སྐབས་རྩ་སྔགས་སམ་སྙིང་པོ་ཇི་ལྟར་


JKT005_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་སུ་པྲ་ཏིཥྛ་དང་སྦྲེལ་ནས་བཟླས་ན་རུང་བར་སེམས་ཤིང་། དེས་མཚོན་རྒྱུད་སྡེ་འོག་མའི་དབང་དུ་བྱས་ནའང་མི་བསྐྱོད་པ་དེའི་ལུགས་སུ་བསྐྱེད་པ་སོགས་མཛད་ན་རུང་ངམ་སྙམ་པ་ཟབ་དབྱིངས་རིན་པོ་ཆེར་ཞིབ་དཔྱད་བཀའ་དྲིན་ཞུ། ༈ །གཉིས་པ་ཆོས་ཀྱི་རིང་བསྲེལ་ནི། ཤོག་སེར་དང་རྒྱ་དཔེ་བོད་དཔེ་ཕྱག་བྲིས་བྱིན་ཅན་སོགས་ཀྱི་ཚལ་པ་ཅོང་ཞི་དང་དྲི་བཟང་བཅས་ལྷན་ཅིག་འདུར་ན་ལས་སླ་བར་སྣང་། སྤེལ་གཞི་སྤར་ཁྲུས་དང་། གཞན་བཟང་དྲུག་སོགས་བཟང་སྨན་རིགས་དང་། ལྷག་པར་འདི་ཁ་དོག་སེར་པོར་མཛད་སྣང་བ། དེ་ལྟར་ན་ཁ་ཆེ་གུར་གུམ་དང་། བལ་པོ་གུར་གུམ་སོགས་མང་ན་བཟང་། སྤྱིར་སེར་པོར་བསྒྱུར་དོན་ནི་ཤོག་སེར་གྱི་མཚན་དོན་ལ་དགོངས་འདྲ། གསུང་གི་བྱིན་རྟེན་དུ་བྱེད་ཚེ་དམར་པོར་མཛད་ཀྱང་ལེགས། སྒྲུབ་ཚུལ་ནི་འོད་དཔག་མེད་ཀྱེ་རྡོ་རྗེར་བསྐྱེད་པ་མ་གཏོགས་གོང་ཞུས་ལྟར་སྦྱར་ན་རུང་སྙམ། ༈ །གསུམ་པ་སྐུ་གདུང་གི་རིང་བསྲེལ་ནི། འཕགས་པ་གསུམ་གྱི་གདུང་རུས་དང་སྐུ་ཤ་སོགས་ནས་བཟུང་བླ་མ་བརྒྱུད་པ་རིམ་བྱོན་གྱི་གདུང་རུས། སྐུ་ཤ །ཤངས་མཚལ། བྱང་སེམས་སོགས་གདུང་གི་ཆ་ཤས་གང་རྙེད་ཐམས་ཅད་སྐུ་ཤ་རིལ་བུའི་སྐབས་སུ་བཤད་པའི་སྨན་རྣམས་དང་ཕྱོགས་གཅིག་ཏུ་བརྡུངས་ནས་བཟང་སྨན་གྱི་ཕྱེ་མ་དང་བཅས་རིལ་བུར་དྲིལ་བ་


JKT005_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སྒྲུབ་ཚུལ་ཀྱང་རྣམ་སྣང་ཀྱེ་རྡོ་རྗེར་བསྐྱེད་པ་མ་གཏོགས་འདྲ། ༈ །བཞི་པ་སྐུ་བལ་གྱི་རིང་བསྲེལ་ནི། དབུ་སྐྲ་དང་ན་བཟའ་སོགས་འདི་རིགས་བྱུང་ན་ཅོང་ཞི་ལྟ་བུའི་སྨན་རྡོ་དང་མཉམ་དུ་ཞིབ་པར་འདུར།། གལ་སྲིད་དེ་ལྟ་བུའི་བརྡུང་ཐུབ་མིན་ཚེ་རྫ་བུམ་སོགས་ཀྱི་ནང་དུ་རྒྱ་ཤོག་གིས་ལེགས་པར་དྲིལ་ནས་བཅུག །འཇིམ་པས་ཁ་གཅོད་དམ་པར་བརྒྱབས་ལ་དུ་བ་མི་ཤོར་བར་ནུས་ལྡན་དུ་བསྲེགས་པས་ཀྱང་རུང་སྟེ། གདུང་ཐལ་སོགས་དང་ཚུལ་མཚུངས་པ་ཡིན་ལ། དུ་བ་མི་ཤོར་བར་བསྲེགས་པ་ནི་སྨན་གྱི་རིགས་ཕལ་ཆེར་ནུས་ལྡན་དུ་བསྲེག་དགོས་པ་རྣམས་དུ་བ་མི་ཤོར་བར་བྱ་ཞེས་གསུངས་པའི་རིགས་འགྲེ་སྦྱར་བར་མངོན། གང་ལྟར་ཡང་དེ་ལྟ་བུ་དང་བཟང་དྲུག་སོགས་སྨན་ཕྱེ་བུངས་བསྐྱེད་དགོས་ཚེ་རིང་བསྲེལ་བཞི་ཀ་འབྲུ་དཀར་གྱི་ཕྱེ་དང་སྦྱར་ནའང་འགལ་བ་མེད་དེ་རྟེན་འདུས་རིལ་བུར་གྲགས་པ་ཐམས་ཅད་རིང་བསྲེལ་བཞི་ཕྱོགས་བསྡུས་ཁོ་ན་ལས་མ་འདས་ཀྱང་། འབྲུ་དཀར་གང་རིགས་ཀྱི་ཟན་དང་སྦྱར་ནས་རིལ་བུར་དྲིལ་བ་ཐམས་ཅད་ཀྱིས་ཕྱག་ལེན་དུ་མཛད་པས་སོ། །དེའང་འབྲས་དཀར་གྱི་ཕྱེ་མ་རྣམ་དཔྱོད་ཆེའང་། རྩི་བསྐོན་པའི་ཚེ་ཧ་ཅང་ལེགས་པ་འབྱུང་དཀའ་ཞིང་། རིལ་བུ་སྙི་སྐྱོན་ཙམ་འདུག་པས་ནས་དཀར་བཟང་པོ་རྗེན་འཐག་ཤིན་ཏུ་ཞིབ་པར་བྱས་པ་ཁོ་ན་ལེགས། རིལ་བུ་བསྒྲིལ་ཚར་འཕྲལ་རིལ་


JKT005_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཅུང་ཟད་བྱས་ལ་གྲིབ་མར་སྐམ། སྐམ་ཐག་ཆོད་ནས་རླུང་མི་འཆོར་བའི་སྣོད་བཟང་པོར་ཚགས་བྱས་ཏེ་ལོ་རེའམ། མ་མཐའ་ཟླ་བ་ཆ་ཤས་བཞག་མཚམས། མཚལ་ལྟ་བུ་རྩི་ཚོན་གང་ཡིན་དེ་ཟར་མའི་ཁུ་བ་གར་སླ་རན་པོ་ཞིག་གིས་སྦྱངས། དེ་ལ་ཤེལ་ཀར་ལེགས་པ་ཅུང་ཟད་རེ་བཏབ་ནས་རྩི་གསོལ། དེ་མ་ཐག་ཤེད་ཆེ་བས་རིལ་ཆགས་འཐེམ་པར་བྱ། འོད་ལེགས་པར་ཆགས་ནས་རིལ་ཆགས་འཕྲོ་བཞག་ན་མ་གཏོགས་ཧ་ཅང་རིལ་ཆགས་བྱེད་ཆེ་ན་འོད་མེད་པའི་སྐྱ་ཁ་ལྟ་བུ་ཞིག་རེད་འགྲོ་སྣང་བ་སོགས་རྒྱུས་ཡོད་ཀྱི་སྙན་ཞུ་གླེན་གཏམ་ཁོ་ནར་གསོལ་པ་ལགས་ཤིང་། བསྒྲུབ་ཚུལ་ནི། སྐུ་བལ་གྱི་རིང་བསྲེལ་འདི་རིགས་སྐུའི་རྒྱན་ལྟ་བུ་ཡིན་པས་རིན་ཆེན་འབྱུང་ལྡན་ཀྱེ་རྡོ་རྗེར་བསྐྱེད་ན་འཐད་པར་སེམས། ཁ་དོག་དམར་པོ་མཛད་པ་ན་བཟའ་སོགས་ཕལ་ཆེར་དམར་ཤས་ཆེ་བས་རྒྱུའི་མཚོན་དོན་ལ་དགོངས་པ་འདྲ། རིགས་ཀྱི་དབང་དུ་བྱས་ན་སེར་པོར་མཛད་ཀྱང་ལེགས་སྙམ་ཞུ། གཞན་ཡང་རིགས་ལྔ་ཀའང་རྡོ་རྗེ་སེམས་དཔའི་རིགས་ཀྱིས་ཁྱབ་པས་སྙིང་པོ་ཀྱེ་རྡོ་རྗེ་ཁོ་ནར་བསྐྱེད་ཀྱང་འགལ་བ་མེད་པ་དང་། སོ་སོར་བསྐྱེད་ཚེ་སྔགས་བཟླ་བར་སྤྲོ་ན་ཡུམ་གྱི་མཁའ་འགྲོ་ལྔ་རིགས་སོ་སོའི་སྔགས་བཟླས་ཀྱང་རུང་ཞིང་། སྤྱིར་དེ་བ་པི་ཙུས་ཀྱང་འཐུས་པར་སེམས། རྒྱུད་སྡེ་འོག་མའི་དབང་དུ་བྱས་ན། ཨོ་བཛྲ་ཨཀྟ་ཧྥུ་ཧཱུྃ།


JKT005_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་བཻ་རོ་ཙ་ན་ཨོ་སོགས་མཚན་སྔགས་བཟླ་བས་མཚོན་བླ་མེད་གཞན་གསང་འདུས་སོགས་ལ་སྦྱར་ནའང་རིགས་འགྲེ། ༈ །ལྔ་པ་བདུད་རྩི་ལྔ་སྤྱིར་བསྡུས་པ་ཆོས་སྨན་དང་། བྱེ་བྲག་སོ་སོ་བཅས་ལེའུ་ཚན་བདུན་ལས། ཆོས་སྨན་ནི་བདུད་རྩི་ལྔའི་སྨན་སྣ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པའི་སྟེང་། བུངས་བསྐྱེད་པ་ལ་འབྲས་བུ་གསུམ་དང་། བཟང་པོ་དྲུག་གཙོར་གྱུར་བཟང་སྨན་ཅི་རིགས་དང་བཅས་ཏེ་ཕུར་མ་བྱ་བ་དང་། བདུད་རྩི་དྲུག་གི་རིལ་བུ་རྣམས་སོ་སོའི་སྐབས་སུ་བཤད་པའི་སྐྱོབས་ཀྱི་སྨན་འདི་རིགས་གསར་མའི་བདུད་རྩི་རིལ་བུའི་རྫས་དང་། རྙིང་མའི་ཆོས་སྨན་གྱི་རྫས་གཙོ་ཆེ་རིགས་ཕྱོགས་བསྡེབས་མཛད་པ་ཡིན་འདུག་པས་འདི་ཁོ་ན་ལྟར་ལ། བུངས་བསྐྱེད་དགོས་ཚེ་སྨན་འཛོམ་སླ་བའི་རིགས་མང་བཅུག་ན་ཆོག་པ་ལགས་ཤིང་། གསང་ཆབ་རིལ་བུ་སྤེལ་སྤྱད་ཀྱི་ལྕེ་སོག་དཀར་པོ་ནི་སྤོས་དཀར་ཡིན། ཤེལ་ག་བུར་ནི་ག་བུར་ལ་རིགས་གསུམ་སྟེ། མང་ག་བུར། སྟག་ཟིལ་ག་བུར། ཤེལ་ག་བུར་ཞེས་གྲགས་པའི་ཕྱི་མ་སྟེ། དེའང་མདོག་དཀར་ཞིང་འོད་དང་ལྡན་པ་འཁྱགས་པ་ལྟར་གྲུམ་འགྲོ་བ་ཞིག་ཡོད་པའི་ཚུལ་དཔལ་ལྡན་རྒྱུད་ལས། ཤེལ་ནི་དཀར་ལ་ཀྲོན་ཏེ་འཁྱགས་པ་འདྲ། །ཤིན་ཏུ་བསིལ་བས་རྒྱས་ཚད་རྐྱང་པ་འཇོམས། །ཞེས་པ་དེ་ལགས་རུང་། དེང་སང་དོན་ཁུངས་ཅུང་དཀའ་བས། ཡོངས་


JKT005_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ཀྱི་ག་བུར་འདི་ཕལ་ཆེར་མང་ག་བུར་ཡིན་འདུག་པ་འདི་ཁོ་ནས་ཆོག །དབུ་ཀླད་དང་གདུང་རུས་ཕྱོགས་བསྡུས་གཡུ་ཞུན་འཁྱིལ་པའི་སྐབས་ཤ་ཆེན་གྱི་སྐབས་སུ་བཤད་པའི་སྨན་ཞེས་པ་ནི་སྐུ་ཤ་རིལ་བུའི་སྐབས་སུ་གསུངས་པའི་སྐྱོབས་རྣམས་ལ་གསུངས་པ་སྟེ། སྤྱིར་སྐུ་ཤ་ཐམས་ཅད་ཤ་ཆེན་ཡིན་པ་གཞིར་བཅས་དང་། བྱེ་བྲག་ཀླད་པ་དང་རུས་པ་ནི་ཤའི་དྭང་མ་ཡིན་པས་དེ་རྣམས་ངོ་བོ་གཅིག་པས་སྐྱོབས་ཀྱི་རྫས་རྣམས་ཀྱང་མཚུངས་པ་ལགས། འདི་རྣམས་སྒྲུབ་ཚུལ་བདུད་རྩི་རིལ་བུ་ཁོ་ན་ལྟར་མཛད་པས་འཐུས་ཏེ། གསར་མའི་བདུད་རྩི་རིལ་བུ་དང་། རྙིང་མའི་ཆོས་སྨན་གཉིས་སྨན་གྱི་ངོས་འཛིན། ལྷ་བསྐྱེད་ཚུལ། བཟླ་བྱའི་སྔགས་སོགས་ཀྱིས་མཚོན་ཆོ་གའི་ཆིངས་ཐ་དད་ཀྱང་། དོན་གྱི་གཙོ་བོ་ཤ་ལྔ་བདུད་རྩི་ལྔ་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་བྱིན་གྱིས་བརླབས་པ་ལ་གནད་གཅིག་པའི་ཕྱིར་ཏེ། དེས་ན་སྒྱུ བདུད་རྩི་ཆིག་སྒྲུབ་ཀྱི་ཕྱག་བཞེས་མདོར་བསྡུས་ཀྱི་ཚེ། སྨན་ཕྱེ་རིལ་ཐམས་ཅད་སྣོད་སོ་སོར་བླུགས་ཏེ་བདུད་རྩིར་བྱིན་གྱིས་བརླབས་པ་ཆབ་ཅིག་ཏུ་མཛད་པས་འཐུས་ཤིང་། ཚོགས་སྒྲུབ་ཕྱག་ལེན་རྒྱས་པ་ལྟར་ན། ཁྲོལ་སྒྲུབ་ཀྱི་སྐབས་བདུད་རྩི་དྲུག་སོ་སོར་ཕྱོགས་མ་འཁྲུལ་བར་བཞག་སྟེ་བསྒྲུབ། དེའི་ཚེ་ཆོས་སྨན་གྱི་རྫས་ལོགས་སུ་སྦྱར་བ་ཡིན་ན་དབུས་སུ་བཞག་པས་རུང་། དེ་མིན་བདུད་རྩི་དྲུག་སོ་སོའི་ཁྲོལ་


JKT005_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཚར་ནས་ཕྱེ་མ་བྱས། དེ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པ་ཚོ་གཅིག་ལ་ཆོས་སྨན་གྱི་ཕབ་གཏའ་སྦྱར་ཏེ་ཕུར་མ་བྱ་བ་དང་། ཚོ་གཅིག་སོ་སོར་བྱས་པར་སོ་སོའི་ཕབ་གཏའ་སྦྱར་ཏེ་རིལ་བུ་དྲིལ་ནས་བསྒྲུབ་ནའང་ལེགས་པ་སོགས་རིག་པས་དཔྱད་དོ།། ༈ །།དྲུག་པ་སྐྱེ་བདུན་རིལ་བུའི་གཏའ་སྤེལ་གྱི་སྨན་བྱ་རྒོད་ཤ་ནི་མཁའ་སྤྱོད་གྲུབ་པའི་རྟེན་འབྲེལ་དུ་ཕྲན་བུ་རེ་ཙམ་བསྲེས་ན་ཆོག་པས། དུག་འདོན་དམིགས་བསལ་མ་བྱུང་རུང་འགལ་བ་མེད། བྱེད་པར་སྤྲོ་ན་བཅུད་ལེན་སོགས་ཀྱི་ཤ་སྦྱོར་སྐབས། བྱ་ཤའི་དུག་ནི་ཚག་ཤས་འདོན། ཞེས་པ་ལྟར་བྱ་རྒོད་ཀྱི་སྙིང་དང་། མིག་འཛོམས་ན་ལེགས་ཤིང་། དེ་ལྟར་མིན་ཀྱང་ཤ་སྣ་གང་འཛོམས་མ་རུལ་མ་སུམ་པ་ཤིན་ཏུ་གལ་ཆེ། གང་ལྟར་ཡང་ཕྲོམ་ཕྲུམ་དུ་བརྡུངས་ལ་སེམས་ཅན་ཚག་པོའི་རྐང་པའི་ཤ་ལྟ་བུའི་དུམ་བུ་གྲིས་གཤགས་པའི་ནང་དུ་བཅུག །སྲུབ་བཅོམས་ཏེ་མེར་ཅུང་ཟད་བསྲེག །སེར་ཆོམ་གྱིས་ཚིག་ནས་བཏོན། ཚག་ཤ་དོར། བྱ་ཤ་སྨན་དུ་སྦྱར་བའམ། ཡང་ན་བྱ་ཤ་གང་གཏོང་ཡང་དུག་འབྱིན་ཏིལ་དཀར་པོ། ངར་འདོགས་དབང་ལག །རྣོ་འདོན་རྒྱ་ཚྭ་དང་ལྕམ་པའི་འབྲས་བུ་བཅས་འདི་རིགས་ཕྲན་བུ་རེ་དང་མཉམ་དུ་འདུར་ནས་གཏོང་བ་སྟེ། འདི་གཉིས་ཕྱག་བཞེས་སྟབས་གང་བདེ་མཛད་ན་འཐུས། ༈ །བདུན་པ་རྟེན་འདུས་རིགས་ཐམས་ཅད་འབྲས་བུ་


JKT005_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་། བཟང་པོ་དྲུག་གཙོར་གྱུར་བཟང་སྨན་གང་རིགས་ཀྱི་ཕྱེ་མ་དང་སྦྱར་ན་རུང་མོད། གཙོ་བོར་འབྲས་གསུམ་བཟང་དྲུག་ཁོ་ནས་འཐུས་ཤིང་། བུངས་བསྐྱེད་པའི་སླད་ནས་དཀར་གྱི་རྗེན་ཕྱེ་ཇི་ལྟར་རིགས་པའི་ཟན་དང་བཅས་བསྒྲིལ་ན་རུང་། སྔ་ཕྱི་འདི་གཉིས་གསར་མའི་ཆོ་ག་ཇི་ལྟ་བུའི་སྒོ་ནས་བསྒྲུབ་ཅེས་བཀའ་ཕེབས་པ། སྐྱེ་བདུན་ནི་གསར་མ་ལ་བདེ་ཀྱེ་སོགས་ཀྱི་རྒྱུད་དང་མན་ངག་ལས་རྒྱ་ཆེར་གསུངས་ཤིང་། ངོར་ཆེན་རྡོ་རྗེ་འཆང་གི་གསུང་རབ་ལས་ཀྱང་རིལ་བུ་ལ་བརྟེན་ནས་མཁའ་སྤྱོད་སྒྲུབ་པའི་ཐབས་སོགས་གསུངས་པ་དགོངས་མངའ་ལྟར་ལགས་མོད། དེང་སང་ཕྱག་ལེན་དུ་འདེབས་མཁན་མེད་པ་དང་། སྤྱིར་ཡང་རྒྱུད་སྡེ་ནས་གསུངས་པའི་ལས་ཚོགས་འགངས་ཆེ་རིགས་འདི་དག་གྲུབ་པ་ལ་སྦྱོར་ལམ་དྲོད་དམ། ཚོགས་ལམ་ཆེན་པོའི་ཡེ་ཤེས་བརྙེས་པ་ཞིག་དགོས་པར་བཤད་པས་དཀའ་བར་སྣང་། དེས་ན་སྐབས་དོན་སྐྱེ་བདུན་རིལ་བུ་འདི་ནི་གཙོ་བོར་རྙིང་མའི་ཕྱོགས་ཀྱི་གཏེར་བྱོན་གྱི་དམ་རྫས་དང་། སྒྲུབ་ཐབས་ལ་བརྟེན་པ་ཁོ་ན་ལགས་ཤིང་། གཏེར་ཁ་སྔ་ཕྱིའི་གཞུང་ཐམས་ཅད་ལས། ཐུགས་རྗེ་ཆེན་པོའི་སྒྲུབ་ཆེན་གྱི་སྒོ་ནས་བསྒྲུབ་ཚུལ་འབའ་ཞིག་གསུངས་པས་ན། གསར་མའི་ཕྱོགས་ལ་ཐུགས་རྗེ་ཆེན་པོ་ཚེམཱུ་ལུགས་ཀྱི་མ་ཎི་རིལ་སྒྲུབ་བྱ་ཚུལ་སྔར་ཕུལ་བ་དེ་ཀའི་གཞུང་ལྟར་སྒྲུབ་ན་འབྲེལ་


JKT005_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཤིང་། སྤྱིར་ཡང་བྱིན་རྟེན་རིགས་ཕལ་ཆེར་མྱང་གྲོལ་ལ་དམིགས་པ་ཤས་ཆེ་བས་མ་ཎི་རིལ་སྒྲུབ་ཁོ་ནས་བསྒྲུབ་ཀྱང་ལེགས་པར་སེམས། རྡོར་སེམས་རིལ་བུ་སྒྲུབ་ཚུལ་སྨིན་གླིང་གཏེར་གསར་རྡོར་སེམས་གྱི་གཞུང་ལྟར་མཛད་པར་སྣང་བས། རྫས་ནི་གཞུང་དེ་ཉིད་ལས། དཔའ་བོ་ཤ་ལྔ་བདུད་རྩི་ལཿ མཆོག་གྲུབ་གདུང་དང་རིག་བསྲེལ་དང་༔ བདུད་རྩི་སྒྲུབ་རྫས་སྨན་ཕབ་རྣམས༔ རྩ་བའི་རྫས་ཀྱིས་སྟོབས་བསྐྱེད་ལ༔ བཟང་དྲུག་འབྲས་བུ་གསུམ་ལ་སོགསཿ བདུད་རྩི་མཆོག་རྒྱུད་བཞིན་སྦྱར་ནསཿ ཡུངས་ཀར་འབྲུ་དགུའི་ཚད་དུ་དྲིལ༔ མཚན་ལྡན་ཕོ་མོའི་ཐོད་པར་བྲུབ༔ ཞེས་གསུངས་པ་ལྟར་ལག་ལེན་དུ་བསྟར་བ་ནི། སྨིན་གླིང་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེའི་ཟིན་བྲིས་ལས། འབྲས་བཟང་པོ་ཆུ་ཁྲུས་བྱས་པའི་ཕྱེ་མ་བྲེ་གསུམ་གྱི་ཚེ་ན། ཨ་རུ་གསེར་མདོག་རྡོག་བཅུ་ལ། སྐྱུ་རུ་ར་སུམ་ཅུ། བ་རུ་ར་རྡོག་བཅུ། ཛཱ་ཏི། ལི་ཤི། སུག་སྨེལ། གུར་གུམ། ཅུ་གང་། ཀ་ཀོ་ལ་སྟེ་བཟང་པོ་དྲུག་སོ་སོ་ནས་ཞོ་དོ་རེ་ཙམ་དང་། ཙནྡན་དཀར་དམར། གིའུ་ཝཾ། ཁ་ཆེ་རྣམས་ཞོ་དོ་རེ་ཙམ། དེ་ཕྱིན་སྨན་གཞན་མང་པོ་བཏང་ཡང་རོ་ནུས་ལ་གནོད་པས་བདུད་རྩི་སྨན་གྱི་སྒྲུབ་པའི་ལག་ལེན་ཚད་ལྡན་གྱིས་སྦྱར་བའི་བདུད་རྩི་ཆོས་སྨན་ཕོན་ཆེ་བ་ཙམ་བཏབ་ཕྱིན་དེ་ལ་མ་འདུས་པ་མེད་ཅིང་། ཕབས་གཏའ་ནི་མཆོག་


JKT005_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གི་དངོས་གྲུབ་བརྙེས་པ་རིག་འཛིན་བླ་མའི་གདུང་རུས། རིང་བསྲེལ། རྣམ་སྣང་། མི་བསྐྱོད། དེ་བཞིན་གཤེགས་པའི་འཕེལ་གདུང་། སེལ་མེད་ཀྱི་གོང་མ་དག་གི་སྒྲུབ་རྫས་རིལ་བུ་རྣམས་སོ། །ཤ་ལྔ་བདུད་རྩི་ལྔ་ནི་བདུད་རྩི་ཆོས་སྨན་ལ་ཡོད་པ་དེས་འཐུས་པར་མཛད་པས་གསར་དུ་མི་དགོས། དེ་ལྟར་རྫས་དེ་རྣམས་ཞིབ་ཏུ་བསྣུར་ཞིང་འདྲེས་པར་སྦོལ་བའི་ཕྱེ་མ་ལས་ཟན་གཡོས་ཏེ། རིལ་བུ་ཡུངས་ཀར་འབྲུ་དགུ་གཅིག་ཏུ་དྲིལ་བ་ཙམ་གྱི་ཚད་དུ་དྲིལ་ལ། གྲིབ་སྐམ་བྱས་ནས་མཚལ་གྱིས་ཁ་དོག་དམར་པོར་བསྒྱུར། ཅེས་གསུངས་པ་ལྟར་ལགས་ཤིང་། འོན་ཀྱང་གོང་གི་སྦྱོར་ཚད་ནི་ཁ་དོག་དང་། དྲི་རོ་བཟང་པོ་འབྱུང་བའི་དབང་དུ་བཏང་ནས། དེ་ལྟར་གསུངས་པ་ཙམ་ལས་མཐའ་གཅིག་ཏུ་ངེས་པ་མེད་པས་གང་འབྱོར་གྱིས་ཆོག །གསར་མའི་ཕྱོགས་ནས་བསྒྲུབ་ན་གཏའ་སྤེལ་ཙམ་ལ་བདུད་རྩི་རིལ་བུ་ཁོ་ན་བཞིན་སྒྲུབ་པར་མཛད་ཀྱང་འཐུས་ཏེ་སྨན་གྱི་སྦྱོར་ལུགས་སོགས་ལ་བརྟགས་ཚེ་བདུད་རྩི་རིལ་བུ་དང་གནད་གཅིག་པའི་ཕྱིར་རོ། །འོན་ཀྱང་དམིགས་བསལ་རྡོར་སེམས་ཀྱི་སྒོ་ནས་བསྒྲུབ་པར་སྤྲོ་ན་སྲད་རྒྱུད་ལུགས་ཀྱི་གསང་འདུས་རྡོར་སེམས་རིལ་སྒྲུབ་འདི་དགེ་ལྡན་ཕྱོགས་ལ་ཡོངས་སུ་གྲགས་པ་ཞིག་ཡིན་པར་འདུག་པས་རྗེས་གནང་གི་རྒྱུན་གསན་ཚེ་འདི་ལྟར་བསྒྲུབ་ན་ལེགས། ཟིན་ཐོ་འདི་སྔ་མ་རྗེས་གནང་དང་


JKT005_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་སོགས་ཞུས་སྐབས་ཡིག་ཆ་འགའ་ཞིག་ལས་ཕྲན་གྱིས་ཟིན་བྲིས་སུ་བཏུས་པ་ལགས། འདི་མཁོ་ཆེ་སྟབས་བསྙེན་སྒྲུབ་ལས་གསུམ་རྒྱས་པ་ཞིག་བསྒྲིགས་ནས་སྒྲུབ་ཐབས་ཀུན་བཏུས་སུ་བཞག་རྩིས་ཀྱང་དེ་སྔ་མ་གྲུབ། ལུགས་འདིའི་རྗེས་གནང་སོགས་གསན་མེད་ཚེ་ཆོ་གའི་ཆིངས་འདི་ལྟར་ལ་ལྷ་སྔགས་རྡོར་སེམས་ཧེ་རུ་ཀར་མཛད་ཀྱང་རུང་སྙམ། རིལ་བུའི་ཁ་དོག་གོང་དུ་དམར་པོར་གསུངས་པ་ནི་སྐྱེ་བདུན་སོགས་ཀྱི་མྱང་གྲོལ་སྤྱི་འགྲེ་དང་མཐུན་པར་མཛད་པ་ཡིན་འདུག །དེང་སང་ཕལ་ཆེར་གྱིས་རྡོར་སེམས་རིལ་བུ་དཀར་པོར་མཛད་པ་ནི་ལྷའི་སྐུ་མདོག་དང་མཐུན་པར་སྦྱར་བ་ལགས། ༈ །བརྒྱད་པ་ཚེ་སྒྲུབ་གསང་འདུས་རིལ་བུའི་སྨན་གྱི་སྐབས་བྱང་སེམས་དཀར་དམར་དང་། ཨ་མྲི་ཏ་དང་བླ་མའི་དྲི་ཆུ་གསུངས་པ་བཀའ་གནང་བཞིན་བྱང་སེམས་དཀར་དམར་རིལ་བུ། བདུད་རྩི་ཆོས་སྨན། གསང་ཆབ་རིལ་བུ་རྣམས་བཏབ་ན་ངེས་པར་འཐུས། གཞན་འདིའི་སྐབས་ནས་བཤད་པའི་དངུལ་ཆུ་ནི་རབ་གྲང་འདུལ་ཆེན་མོ་དང་། འབྲིང་གྲང་འདུལ་འབྲིང་པོ། ཐ་མ་གྲང་འདུལ་བསྡུས་པ་དགོས་པས་གྲང་འདུལ་ཆེན་མོ་ནི་རིན་ཆེན་རིལ་བུའི་སྐབས་སུ་གཏོང་རྒྱུ་དེ་ག་དང་། འབྲིང་བསྡུས་གཉིས་ཟླ་ཤེལ་ཆེན་མོའི་སྐབས་སུ་གཏོང་རྒྱུ་དེ་ལགས་པས། འདི་རིགས་ཀྱི་ལག་ལེན་མཐོང་བརྒྱུད་དང་གསོ་དཔྱད་ཀྱི་གཞུང་ལ་གཟིགས་ན་


JKT005_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་ཡི་གེ་ཉུང་ངུས་མཚོན་པར་མི་ནུས་པས་སྨན་པ་མཁས་པ་འདྲ་ལ་སྦྱར་བཅུག་པའམ། སྦྱར་ཟིན་བསླང་རྒྱུ་འདྲ་མཛད་ན་ཆོག་སྙམ། གང་ལྟར་ཡང་རྟེན་འབྲེལ་གྱི་ཆེད་རྫས་འཛོམ་ཙམ་མ་གཏོགས་ཧ་ཅང་མང་པོ་ནི་མེད་ཀྱང་ཆོག །མུ་ཟི་སེར་པོ་དངུལ་ཆུ་བཙོ་བཀྲུ་ཚང་བའི་ཁོངས་སུ་སོང་བས་ཟུར་དུ་གཏོང་མི་དགོས། དངུལ་ཆུ་བཙོ་བཀྲུ་ཆེན་མོ་རྫས་འཛོམ་ཙམ་འདི་ལྟར་འབུལ་ལམ་ཞུས་ཡོད་པས་རིལ་བུ་བྲེ་རེ་ཙམ་ལ་འདིས་ཆོག །ད་བྱིད་ནི་གངས་སྦལ་གྱི་ཤ་ཡིན་ནའང་དངོས་ནི་ཤིན་ཏུ་རྙེད་པར་དཀའ། ཚབ་རུང་དུ་ལྷོ་མོན་ནས་འབྱུང་བའི་ནགས་སྦལ་གྱི་ཤའམ། སྤུ་ཀོང་རོང་ཆེན་རྣམས་སུ་གཙང་ཨ ཕག་མགོ་གཉིས་ཤ་ཐམས་ཅད་ཚིལ་ཁོ་ན་ཡིན་པ་ཞིག་འབྱུང་བས་དེས་འཐུས་པར་མཛད། གང་ལྟར་ཡང་དུག་འདོན་ནི་ཨ་རུ་གསེར་མདོག །གླ་རྩི་གོ་བོའི་ཤ་གསུམ་ཕབ་འདེབས་པ་ཙམ་དང་། ངར་གདགས་པ་ལ་ཐལ་དཀར་རྡོ་རྗེ། རྣོ་འདོན་པ་ལ་གཡེར་མ་ཚྭ་འདེབས་ཙམ་རེ་དང་ལྷན་ཅིག་ཏུ་ཞིབ་པར་བཏགས་པ་ལགས། དེ་མིན་སྨན་གཞན་རྣམས་ལ་དུག་འདོན་དགོས་པ་མི་སྣང་། བཅུད་ལེན་དངོས་ཀྱི་སྐབས་ཚུ དབང་ལག་སོགས་ལ་རྫ་ཆབ་གཙང་མས་བཀྲུ་ཞིང་འོ་མར་བཙོ་བ་སོགས་དུག་འདོན་དང་། བཅུད་འགུགས་ཀྱི་རྣམ་པ་མང་དུ་བཤད་མོད། འདིར་རྟེན་འབྲེལ་གྱི་རྫས་ཙམ་ལས་ཧ་ཅང་མང་པོའང་འབྱོར་དཀའ་


JKT005_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། བུངས་བསྐྱེད་དགོས་ན་འབྲུ་དཀར་གྱི་ཕྱེ་སོགས་དང་སྦྱར་ནས་རིལ་བུ་དྲིལ་སྲོལ་སྣང་བས་དུག་འདོན་བཅུད་འགུགས་སོགས་རེ་རེ་ནས་མ་གྲུབ་ཀྱང་འགལ་བ་མེད་འདྲ། སྒྲུབ་ཚུལ་གྲུབ་རྒྱལ་ལུགས་ལྟར་མཛད་ན་ཤིན་ཏུ་འཐུས་ཏེ། ལྷ་ངོ་བོ་གཅིག་ཅིང་སྔགས་ཀྱང་ཨོ་གུ་རུ་ཨཱ་ཡུསིདྡྷི་ཧཱུྃ་ཧྲཱིཿཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་བླ་མའི་མཚན་སྔགས་ཀྱིས་ཐོག་དྲངས་པ་ཙམ་མ་གཏོགས་སྔགས་ཀྱི་དངོས་གཞི་གཅིག་པའི་ཕྱིར་རོ། ༈ །དགུ་པ་བུམ་ཆུ་ཁྲུས་ཆབ་ཀུན་འདུས་ནི། བུམ་རྫས་དང་། གུར་གུམ་སོགས་ཀྱིས་ཕུར་མ་བཟོས་པས་འཐུས་ཤིང་། འགའ་ཞིག་གིས་ཁྲུས་ཆུའི་ཕུར་མའི་རིགས་ལ་ཨར་སྐྱའམ། ཨ་གར་འབའ་ཞིག་ཏུ་གྲགས་པ་དང་། གཡའ་ཚན་དཀར་པོ། མཁན་དཀར་སོགས་གྲིབ་སེལ་གྱི་རྫས་ཅི་རིགས་པ་བསྲེས་པའང་སྣང་མོད། མ་འབྱོར་ཀྱང་འགལ་བ་མེད། བསྒྲུབ་ཚུལ་ནི། སྡིག་སྒྲིབ་སྦྱོང་བ་ལ་གཙོ་བོར་རྡོར་སེམས་དང་། གྲིབ་སེལ་ལ་རྣམ་འཇོམས་དང་སྨེ་བརྩེགས་གང་རུང་གི་བདག་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས་རྫས་ལ་སྦྱོང་ཁྲུས་བྱ། དེ་ནས་བུམ་པ་སྒྲུབ་པ་སྤྱི་ལྟར་ལ་ནང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་སྟེང་དུ་ཞེས་པ་ཙམ་ཁ་བསྒྱུར་བགྱིས་པས་འཐུས་ཤིང་། མཇུག་ཏུ་མཆོད་ཡོན་ཕུལ་སྐབས་ཀུ་ཤའི་འཐོར་ཡབ་ལྟ་བུས་འཐོར་བ་དང་། བུམ་པའི་ལྷ་འོད་དུ་ཞུ་བ་ལས་བཅུད་ནུས་པ་དང་ལྡན་


JKT005_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

པར་མོས་པས་ཆོག །ཡང་འདི་རིགས་ལ་གཟུངས་སྒྲུབ་བྱ་ཚུལ་གྱི་ལག་ལེན་འདི་ལྟར་ཡང་ཡོད་དེ། རྫས་རྣམས་བུམ་པའམ་ཀ་ཊོར་ལྟ་བུའི་སྣོད་དུ་བླུགས་པ་མདུན་དུ་བཞག །བདག་བསྐྱེད་མདོར་བསྡུས་སྦྱོང་ཁྲུས་རྒྱས་བསྡུས་གང་རིགས་བྱ། རྫས་བསང་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་སོགས་ནས། ནང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བཞེས་པའི་བར་བུམ་བསྐྱེད་སྤྱི་ལྟར་ལ། དེའི་སྟེང་དུ་ཟླ་བ་ལ་གནས་པའི་སྔགས་ཀྱི་ཕྲེང་བ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བཅུད་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། ཡི་གེ་བརྒྱ་པའམ། རྣམ་འཇོམས་དང་སྨེ་བརྩེགས་ལྟ་བུའི་སྔགས་གསང་བར་བཟླ། ཐུན་འཁོར་དང་སྔགས་ཕྲེང་གདན་དང་བཅས་པ་འོད་དུ་ཞུ་ནས་རྫས་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ནུས་པ་ཐམས་ཅད་དང་ལྡན་པར་གྱུར། ཞེས་ཚུ་བརྗོད་ཅིང་བསམས་ལ་བདག་བསྐྱེད་ཀྱི་མཇུག་ནི་བྱ་བ་སྤྱི་ལྟར་བྱའོ། །བུམ་པ་མེད་ན་སྟོང་པའི་ངང་ལས་རྫས་ཀྱི་སྟེང་དུ་ཟླ་བ་ལ་གནས་པའི་སོགས་བརྗོད་པས་ཆོག །འདི་ལྟ་བུའི་ཚུལ་ནི་རྒྱ་གཞུང་རྣམས་


JKT005_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཟུར་གྱིས་གསལ། བཀའ་གདམས་པའི་མན་ངག་རྣམས་ལས་ཀྱང་མང་དུ་འབྱུང་། རབ་གནས་ཀྱི་འཐོར་ནས་བསྒྲུབ་ཚུལ་དང་། སྨན་བླའི་མདོ་ཆོག་གི་གཟུངས་ཆབ་བྱིན་རླབས་སོགས་དང་ཡང་སྒོ་མཐུན་པས་ཤིན་ཏུ་ལེགས་པ་ཡིན་ལ། དེང་སང་ཡོངས་སུ་གྲགས་པའི་སྔགས་བདུག་དང་། སྔགས་འདག་སྟེ་ས་སྔགས་སོགས་ཀྱང་འདི་ལྟར་བསྒྲུབ་ན་ལེགས། གོང་དུ་ཞུས་པའི་རིལ་བུའི་རིགས་གཞན་ཐམས་ཅད་ཀྱང་སོ་སོའི་སྒོ་ནས་བསྒྲུབ་པ་རྒྱས་པ་མ་བྱུང་ན་འདི་ཙམ་གྱི་དམིགས་པས་ཁྱབ་པར་བྱས་ཏེ་སྔགས་སོ་སོར་བཟླས་པས་བྱིན་གྱིས་བརླབས་ཀྱང་གཏའ་སྤེལ་གྱི་རིགས་ལ་དེ་གས་ཆོག་པར་སེམས་ཤིང་། གང་ལྟར་ཡང་ཐུན་དུ་བཅད་དེ་ཡུན་རིང་ཐུང་ཇི་ལྟར་རིགས་པས་བསྒྲུབ་པར་བྱའོ།། ༈ །།བཅུ་པ་མི་ཞུ་བའི་ཁམས་ཀྱི་རིན་པོ་ཆེའི་དུག་འདོན་བྱེད་ཚུལ་གསོ་དཔྱད་ཀྱི་གཞུང་རྣམས་ལས་འདྲ་མིན་ཅི་རིགས་འབྱུང་མོད། ཞྭ་ལུ་རྡོ་རྗེ་འཆང་གི་ཕྱག་ལེན་འདི་ལྟར་སོར་བཞག་མཛད་ན་འཐུས། ཀླུ་སྨན་གྱི་རིན་པོ་ཆེ་རྣམས་ཀྱང་དུག་འདོན་བྱེད་ན་འདི་ལྟར་ཁོ་ནས་ཆོག །བཞུ་བའི་ཁམས་ཀྱི་རིན་པོ་ཆེ་གསེར་དངུལ་ཟངས་སོགས་གཡའ་ཕྱི་དུག་འདོན་གསོ་དཔྱད་ཀྱི་གཞུང་རྣམས་ལས་རྒྱ་ཆེར་འབྱུང་མོད། བུམ་རྫས་སོགས་ཀྱི་སྐབས་རྟེན་འབྲེལ་ཙམ་དུ་སིང་པོ་ལྟ་བུར་བཏབ་ནས་གཡའ་ཡང་ཡང་བཅད། དེ་ནས་ཆུ་ཚན་དུ་བཏབ་


JKT005_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཀོལ་བའི་ཆུ་ཕྱིར་ཕོ། ཆུ་འཁྱགས་ཀྱིས་བཤལ། དེ་འདྲ་ལན་མང་དུ་བྱས་པས་འཐུས། ལར་བུམ་རྫས་སོགས་རྒྱུད་དང་རྒྱ་གཞུང་གི་དངོས་བསྟན་ལྟར་ན་ཁྲོལ་བུ་དེ་བུམ་པའི་ནང་དུ་བླུགས་པ་རྟེན་འབྲེལ་གྱི་མཚོན་དོན་ཙམ་མ་གཏོགས་དེའི་ཁུ་བ་ཁོང་དུ་བཏང་བའི་ནུས་པ་ལ་བརྟེན་ནས་ནད་གདོན་ལ་ཕན་པའི་བྱ་བ་བྱེད་པ་སྨན་སྦྱོར་སོགས་དང་མི་མཚུངས་པས་དུག་འདོན་བྱ་དགོས་ཚུལ་རྒྱུད་དང་རྒྱ་གཞུང་བོད་སྔ་རབས་པའི་ཡིག་ཆ་སོགས་ནས་ཟུར་ཙམ་ཡང་མ་གསུངས། ཕྱིས་སྔགས་ཀྱི་ཆོ་ག་འགངས་ཆེ་བ་ཐམས་ཅད་གྲོང་པའི་སྐྱེ་བོར་རྙེད་འཚོལ་ལ་བཙོང་པའི་སྲོལ་དོད་པས་བུམ་རྫས་སོགས་ཀྱང་མང་པོ་འ དགོས་སྐབས་ཁྲོལ་བུ་བྱེད་པ་སྟབས་མི་བདེ་ཞིང་འབྱོར་དཀའ་བ་ལ་དགོངས་ཏེ་རིལ་བུ་དང་ཕུར་མ་ཅི་རིགས་མཛད་པར་སྣང་མོད། བུམ་པ་རྣམས་སུ་རྟེན་འབྲེལ་མཚོན་བྱེད་ཅུང་ཟད་རེ་མ་གཏོགས་སྨན་གྱི་ནུས་པ་འབྱིན་པའི་མང་པོ་ནི་བཏབ་སྲོལ་མེད་པས། དུག་འདོན་སོགས་ཀྱང་རྟེན་འབྲེལ་མཚོན་བྱེད་ཙམ་གྱིས་ཆོག་པར་སེམས། དེས་མཚོན་ཀླུ་སྨན་དུ་འབྱུང་བའི་གསེར་དངུལ་དུང་དང་གཟི་སོགས་འགའ་རེ་ དཀོར་ཆ་དང་། ལ་ལར་དབང་པོའི་ནད་སེལ་བའི་སྨན་དུའང་བཤད་པས་དཀོར་ཆའི་རིགས་རྣམས་སྨན་གྱི་ནང་དུ་གཏོང་བ་ལ་དགོས་པ་ཆེར་མ་མཆིས་མོད། དཀོར་ཆ་སོགས་སོ་སོར་མི་འཛོམ་པའི་དབང་དུ་


JKT005_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་བླ་མ་ཁ་ཅིག་གིས་ཕྱོགས་བསྡུས་སུ་མཛད། འགའ་ཞིག་གིས་དེ་མི་འཐད་པར་གསུངས། ལ་ལས་དུང་སོགས་སྲོག་ཆགས་ལས་བྱུང་བའི་རིགས་ཀླུ་སྨན་དུ་གཏོང་ན་མི་ལེགས་པས་དུང་ཕོར་གྱི་ཚབ་ཏུ་སྔོ་ཅུ་གང་སོགས་བཏང་ཞེས་གསུངས་པས་མཚོན་བཞེད་པ་མང་པོ་ཟིང་ཟིང་པོར་གྱུར་པས་ལེགས་པར་དཔྱད་ན་དབྱིག་དུག་སོགས་ཡོད་པར་དོགས་པའི་རིགས་རྣམས་བཞག་ནས་ཀླུ་སྨན་ཡིན་ངེས་ཁོ་ན་བསྡུས་ན་དངོས་གཙང་བར་སེམས་པ་ལགས། ༈ །།བཅུ་གཅིག་པ་ཀླུའི་སྤང་སྐོང་ནས་བཤད་པའི་ཀླུ་སྨན་གྱི་དུག་འདོན་བྱ་ཚུལ་ཐད་སྤྱིར་གོང་དུ་ཟུར་ཙམ་ཞུས་པས་ཁྱབ་ཅིང་། ཞིབ་པར་ན་ཀླུ་སྨན་གྱི་རིགས་བསྡུ་ཚུལ་མི་འདྲ་བ་ཤིན་ཏུ་མང་བ་ཞིག་མཐོང་བའི་ནང་ནས་གཙོ་ཆེ་བ་ནི་སེང་གེ་སྒྲའི་གདོན་༡ཁྲོལ་ལས་བྱུང་བ་དང་། དཔལ་རྒ་ལོའི་ཀླུ་༢གཏོར་ལས་བྱུང་བ་གཉིས་ནི་འཕགས་ཡུལ་གྱི་མན་ངག་ཡིན་དགོས་མོད། འདི་ལའང་རྩ་བའི་ཡིག་ཆ་རྣམས་སུ་སྨན་མང་པོ་མེད་ཀྱང་། ཡིག་ཆ་ཕྱི་མ་རྣམས་སུ་ཇེ་རྒྱས་སུ་བཏང་བ་འདྲ་ཞིག་སྣང་། གཞན་རྙིང་མའི་ཕྱོགས་ལ་གྲགས་ཆེ་བ་བླ་མ་དགོངས་འདུས་ཀྱི་ཆར་༣ཆོག་ལས་འབྱུང་བ་དང་། རྒྱ་ནག་ལུགས་ཀླུའི་སྤང་སྐོང་ནས་འགྱུར་༤བ་སྟེ་འདི་བཞི་གཙོ་བོར་སྣང་བས་བཞི་ཀ་ཕྱོགས་གཅིག་ཏུ་བསྡེབས་ནའང་རུང་། སོ་སོར་བྱུང་ན་ཤིན་ཏུ་ལེགས། གང་ལྟར་ཡང་སྨན་གྱི་ངོས་འཛིན་དང་


JKT005_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དུག་འདོན་བྱ་ཚུལ་སོགས་ཡི་གེ་ཞིབ་ཆ་ཞིག་དགོས་འདུག་པས་སླར་ཁུངས་དཔྱད་དེ་འབུལ་ལམ་ཞུ་རྩིས་དང་། བུམ་རྫས་ཉེར་ལྔ་ལ་དུག་འདོན་ཙམ་ནི་གོང་དུ་ཞུས་པས་ཁྱབ། སྤྱིར་རྒྱུད་དང་མན་ངག་གསར་རྙིང་བཀའ་གཏེར་རྣམས་ལས་བུམ་རྫས་མི་གཅིག་པ་མང་དུ་གསུངས། དེའང་སྨན་ལྔ་སོགས་ངོས་འཛིན་མི་གཅིག་པ་ཤིན་ཏུ་མང་བས་སོ་སོའི་ལུགས་སྲོལ་མ་འདྲེས་པའི་ཡིག་ཆ་ཞལ་གསལ་ཞིག་བྱུང་ན་གལ་ཆེ་བར་སྣང་བས་སླར་འབུལ་རྩིས་ལགས་ཤིང་། འོན་ཀྱང་རང་ལུགས་རྗེ་བཙུན་རྩེ་མོའི་ཀྱེ་རྡོར་དབང་ཆུ། ཀུན་མཁྱེན་གྱི་རྣམ་བཤད། དཀོན་མཆོག་ལྷུན་གྲུབ་པའི་མཛེས་རྒྱན་བཅས་དགོངས་པ་ཕྱོགས་མཐུན། རིན་པོ་ཆེ་ལྔ་ལས། དབང་ཆུར་དུང་དང་། མཛེས་རྒྱན་ལས་དེའི་མལ་དུ་མུ་མེན་ཞེས་སྣང་བས། སྔ་མ་ནི་རྒྱུད་རྣམས་ལས་རིན་པོ་ཆེའི་ལྔའི་གྲས་སུ་པདྨ་རཱ་ག་ཞེས་གསུངས་པ་འབྱོར་དཀའ་བས་དེའི་ཚབ་དུང་གིས་རུང་བ་ཨ་བྷ་ཡས་བཤད་པའི་རྗེས་སུ་འབྲང་བར་སྣང་ལ། ཕྱི་མ་ནི་པདྨ་རཱ་གའི་མལ་དུ་དཀྱིལ་ཆོག་བཟང་པོ་ཡོངས་བཟུང་ལས་མུ་མེན་ཞེས་གསུངས་པའི་དགོངས་པར་སྣང་བས་གང་ཚུ་རུང་ཞིག་བཏང་བའམ། གཉིས་ཀ་བཏང་ཡང་མི་འགལ། སྨན་ལྔའི་ནང་ནས་རྒྱ་མཚོ་ལྦུ་བ་དེང་སང་ཡོངས་སུ་གྲགས་པའི་དཀར་སོབ་འདི་ནི་འབུ་ཁོག་ཞིག་ཏུ་སྣང་བས་བུམ་རྫས་དད་སླུ་སྨན་སོགས་ལ་བཏང་


JKT005_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་ལེགས། དངོས་ནི་ཕྱིའི་རྒྱ་མཚོའི་རླབས་བྲག་ལ་རྒྱབ་པའི་གཉེར་མ་ཆུ་དྲག་ཏུ་ཆགས་པ་ས་མིན་རྡོ་མིན་ལྟ་བུའི་ནག་ངམ་ཆུ་རིས་ཅན་ཞིག་ཡོད་སྐད་ཀྱང་འབྱོར་དཀའ། དེའི་ཚབ་ཏུ་འགའ་ཞིག་གིས་ཆུ་མགོ་རྣམས་ཀྱི་ཕུག་ཏུ་ཆགས་པའི་ཆུ་བལ་ལྗང་གུ་འདི་སྲོག་ཆགས་མང་དུ་ཡོད་པ་ཆུ་ནང་དུ་དལ་བུས་བསལ་ནས་སྲོག་ཆགས་མེད་ངེས་ཀྱི་གཙང་མ་དེ་གྲིབ་སྐམ་དུ་བྱས་ཏེ་གཏོང་བ་དང་། ལ་ལས་སྨན་པ་རྣམས་ལ་གྲགས་པའི་སྔོ་ཆུ་སྲིན་སྡེར་མོ་ཞེས་པ། ས་རོང་རྣམས་ཀྱི་བྲག་ལ་སྔོ་ཆུ་སྲིན་གྱི་སྦར་ཁྱིམ་ལྟ་བུ་ཚོམ་བུར་ཡོད་པ་དགུན་ཀའང་སྐམ་པོ་བྲག་ལ་འབྱར་བ་ཞིག་འོང་བས་དེ་གཏོང་བར་སྣང་། རྫས་གཞན་རྣམས་ཀྱི་ངོས་འཛིན་ནི་མཁྱེན་སླ། དུག་འདོན་ཀྱང་རིན་པོ་ཆེ་ལྔ་ལ་གོང་དུ་ཞུས་པ་ལྟར་དང་། སྨན་ལྔའི་སྦེ་ཏྲེས་ཀྱི་ཤུན་པ་དོར། ཀཎྜ་ཀ་རི་བར་ཤུན་ཁོ་ན་གཏོང་། ལན་ཚྭ་འདིས་རོ་བསྒྱུར་བས་མང་པོ་མི་གཏོང་བ་ལེགས། དེ་མིན་གང་འབྱོར་གྱིས་ཆོག །མུ་ཏིག་མང་པོ་མ་རྙེད་ན། མུ་ཏིག་དོན་ཤུལ་ཡོད་པའི་ཉ་ཕྱིས་ཀྱིས་ཁ་བསྐང་ན་རུང་། གཞན་མཁྱེན་སླའོ།། ༈ །།བཅུ་གཉིས་པ་རབ་གནས་སྐབས་ཀྱི་ཤུན་པ་ལྔའི་ཤིང་ལྔ་དངོས་ནི་རྒྱ་གར་དང་བལ་ཡུལ་སོགས་ལས་བོད་དུ་མི་འབྱུང་། ཚབ་རུང་འོ་མ་ཅན་གྱི་ཤིང་གང་རུང་ལྔས་མཛད་ཅེས་སྔ་རབས་པའི་ཡིག་ཆར་འབྱུང་། ཕྱིས་བླ་མ་རྣམས་ཀྱིས་ངོས་འཛིན་མི་འདྲ་བ་


JKT005_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་རིགས་པ་མཛད་མོད། དཔྱད་གཟོད་ཅིང་འབྱོར་སླ་བའི་དབང་དུ་བྱས་ན། ཁམ་བུ། བལ་བུ། འོམ་བུ། ཤུག་པ། ལྕང་མ་དཀར་པོ་སྟེ་རྒྱ་ལྕང་དུ་གྲགས་པ་རྣམས་དཔྱིད་ཀ་ཤིང་ལོ་དང་པོ་སྔོ་བའི་དུས་ཤུན་པ་བཤུས་ཏེ་ཕྱིའི་ཀོག་པ་དོར་བའི་བར་ཤུན་ཁོ་ན་གཏོང་བ་ལེགས།། ༈ །།བཅུ་གསུམ་པ། ནང་གི་མཆོད་རྫས་སྨན་ཕུད་ནི་ནང་མཆོད་ཀྱི་རྫས་དང་གཅིག་པ་ཡིན་པས་རྙིང་མ་ལྟར་ན་བདུད་རྩི་ཆོས་སྨན་དང་། གསར་མ་ལྟར་ན་བདུད་རྩི་རིལ་བུ་ཁོ་ན་བཏབ་པ་ལས་ལོགས་སུ་མེད། རཀྟ་བཅུད་བསྡུས་དཔལ་སྤུངས་ནས་དཀར་ཆག་ཏུ་བཀོད་པ་མ་གཏོགས་སྦྱར་རྒྱུ་བྱུང་མིན་མ་ངེས་རུང་། ཕྲན་རང་ནས་དཀར་ཆག་ནང་ལྟར་ལག་ལེན་ཚད་ལྡན་གྱིས་བསྡུས་ཤིང་། བླ་མ་དགོངས་འདུས་ཀྱི་སྒྲུབ་ཆེན་གྱིས་བསྒྲུབས་པའི་རྫས་ཕྲན་བུ་འདི་ལྟར་ཕུལ་ཡོད་པ་ཟུར་གསུམ་འདི་ཕབས་གཏའ་དང་། བསྙེན་སྒྲུབ་ཡུན་རིང་ལྟ་བུའི་སྐབས་རཀྟའི་ཐོད་པའི་སྙིང་པོར་གཞུག་རྒྱུ་ལགས་ཤིང་། ཕུར་མ་འདི་གྲོང་ཆོག་ལྟ་བུའི་འཕྲལ་མཁོར་བཏབ་རྒྱུ་ལགས། མང་དགོས་ན་གཞུང་གསལ་གྱི་རྫས་ཚང་མ་སྣ་འཛོམས་བྱུང་ན་ཤིན་ཏུ་ལེགས་པ་གཞིར་བཅས། དེ་མིན་བྲག་ཞུན། སིནྡྷ་ར། ཙན་དམར། གུར་གུམ། བཙག །རྒྱ་སྐྱེགས། འབྲི་མོག །སྐྱུ་རུ་ར། མེ་ཏོག་ཨུག་ཆོས་སོགས་འབྱོར་སླ་བས་བུངས་བསྐྱེད་ཅིང་། གཡག་རྒོད་


JKT005_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དར་མའི་ཁྲག་སོགས་དང་སྦྱར་ནས་སྤེལ་ཆོག །ཞར་བྱུང་གཏོར་མའི་སྤྱོད་སྨན་འདིའང་རྙིང་མའི་ཕྱོགས་ལ་ཤིན་ཏུ་གལ་ཆེ་ཞིང་། གསར་མ་ལའང་བླ་མེད་ཀྱི་གཏོར་མའི་རིགས་ལ་བསྲེས་ན་ལེགས་པས་གཞུང་མཐུན་དུ་སྦྱར་ཞིང་བླ་མ་དགོངས་འདུས་སོགས་ཀྱི་སྒྲུབ་ཆེན་སྐབས་བསྒྲུབས་པའི་ཚད་ལྡན་ཕྲན་བུ་ཕུལ་ཡོད། འདིའི་ཐེབས་ཀྱུ་འདི་ཕབས་གཏའ་དང་། རྟེན་གཏོར་ལྟ་བུའི་ནང་དུ་གཞུག་རྒྱུ་ལགས་ཤིང་། ཕྱེ་མ་འདི་འཕྲལ་གཏོར་དང་ཚོགས་མཆོད་སོགས་ལ་བསྲེ་རྒྱུ་སྟབས་བདེར་བགྱིས་པ་ལགས། མང་དགོས་ན་གཞུང་གསལ་གྱི་རྫས་ཚང་མའམ། བདུད་རྩི་ཆོས་སྨན་དང་རིལ་བུ། ཤིང་ཏོག ། སྨན་སྣ། འབྲུ་སྣ། ཚ་བ་གསུམ་སོགས་སྤྱོད་སྨན་ཅི་རིགས་ཀྱིས་བུངས་བསྐྱེད་ནས་དཀར་གསུམ་མངར་གསུམ་དང་སྦྱར་ན་ཆོག །འདི་གཉིས་བསྒྲུབ་ཚུལ་རཀྟ་ནི་གསར་མའི་དམག་ཟོར་མའི་སྐོང་བའི་སྐབས་བཤད་པ་ཙམ་ལས་ཆེར་མ་མཐོང་བས། ས་ཕུར་གྱི་བསྙེན་སྒྲུབ་གསལ་བྱེད་ལྟ་བུའི་གཞུང་བསྲང་ནས་བྱིན་གྱིས་བརླབས་ན་ལེགས་ཤིང་། དེའང་མདུན་བསྐྱེད་ཀྱི་གཏོར་མའི་གཡོན་དུ་ཐོད་སྣོད་ལྟ་བུར་བླུགས། རཀྟ་བྱིན་རླབས་དཀྱུས་ནས་འབྱུང་བ་ལྟར། སྐབས་དེར་སྔགས་མང་དུ་བཟླས་པས་བྱིན་གྱིས་བརླབ་ན་ཆོག །གཏོར་མའི་སྤྱོད་སྨན་ནི། ས་ཕུར་ལྟ་བུ་ལ་མཚོན་ན་གཏོར་མ་དང་ལྷན་ཅིག་


JKT005_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བཤམ་ནས་སྔགས་མང་དུ་བཟླས་པས་བྱིན་གྱིས་བརླབ་པའམ། ཡང་ན་གསར་མའི་གཏོར་མ་བྱིན་བརླབས་བླ་མེད་སྤྱི་ལྟར་དང་། སྔགས་མང་དུ་བརླབ་པས་ཀྱང་ཁྱབ། སྤྱིར་རཀྟ་ལ་རྙིང་མའི་ཕྱོགས་ལ་རྒྱུད་དང་མན་ངག་ལས་ཚོགས་སོགས་མང་དུ་འབྱུང་ཞིང་། བྱིན་རླབས་ཀྱི་སྐབས་ཀྱང་དམིགས་པ་རྒྱས་པར་ཡོད། ས་ཕུར་ལས་མདོར་བསྡུས་ཙམ་ཞིག་མ་གཏོགས་མི་སྣང་། གང་ལྟར་ཡང་དེ་སྒྱུ་ཀས་འཐུས་པ་ལགས།། ༈ །།བཅུ་བཞི་པ་དབང་སྡུད་འཁོར་ལོ་སོགས་ཀྱི་རྫས་པདྨ་རཀྟ་ནི་གསོ་དཔྱད་བཤད་པའི་རྒྱུད་ལས། བུད་མེད་བཅུ་གཉིས་ལོན་ནས་ལྔ་བཅུའི་བར། །དྭང་མ་ལས་བྱུང་ཟླ་རེར་བསགས་པའི་ཁྲག །རྩ་ཆེན་གཉིས་ནས་ནག་ཅིང་དྲི་བྲལ་བ། །རླུང་གིས་མངལ་གྱི་སྒོར་འབྱིན་ཞག་གསུམ་འཛག །ཅེས་གསུངས་པ་ལྟར། ཟླ་མཚན་འབྱུང་བའི་དུས་ལོ་བཅུ་གཉིས་ནས་ཡིན་ཅིང་། དེའང་རབ་ཐོག་མ་ཁོ་ནར་བབས་པ་དེ་རྙེད་ན་མཚོན་སྲུང་དང་། ནད་ངན་དམར་བཤལ་གྱི་སྨན་སོགས་ལ་འདི་ཁོ་ན་ཆིག་རྒྱུག་ཏུ་བསྔགས་པས་མཚོན་ནུས་པ་ཤིན་ཏུ་ཆེ་བར་གསུངས་ཀྱང་དེ་འདྲ་ནི་རྙེད་ དཀའ་བས། འབྲིང་ལོ་བཅུ་གཉིས་ཀྱི་སྐབས་རང་དུ་བབས་པ་དང་། ཐ་མའང་ལོ་གྲངས་བཅུ་དྲུག་ཕན་ཆོད་ཙམ་གྱི་སྐྱེས་པས་མ་གོས་པའི་བུད་མེད་ཀྱི་རཀྟས་འཐུས། སྐྱེས་པ་དང་འབྲེལ་ཚར་ན་ནི་མངལ་


JKT005_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་མ་གཏོགས་པདྨ་རཀྟའི་ཐ་སྙད་མེད་པས་མངལ་ཁྲག་དམིགས་བསལ་འདྲ་དགོས་པ་ཡིན་ན་མ་གཏོགས་པདྨ་རཀྟའི་ཚབ་ཏུ་བཏང་སྲོལ་མེད། གང་ལྟར་ཡང་པད་རཀ་འཁྲུལ་མེད་སིནྡྷ་ར་དང་ཙན་དམར་སྦྱར་ཞིང་རྒྱ་སྐྱེགས་ཀྱི་ཁ་བསྒྱུར་བ་ཕྲན་བུ་ཕུལ་བ་འདི་ལྟར་ལགས། བྱང་སེམས་དཀར་པོ་ནི་གྲོང་པའི་ཆོས་ཀྱིས་མ་གོས་པའི་སྐྱེས་པའི་བྱང་སེམས་ཙམ་ལས། ལོ་གྲངས་ཀྱི་ཐ་སྙད་མེད་རུང་སྤྱིར་ན་ཚོད་ཉུང་ན་ཁམས་ཀྱི་ནུས་པ་ཆེ་བས་རབ་ལོ་བཅུ་གཉིས་ལྟ་བུའི་སྐབས་དང་པོར་བྱུང་བའི་བྱང་སེམས་དང་། དེ་མིན་བཅུ་དྲུག་ཕན་ཆོད་ཙམ་གྱི་བྱང་སེམས་བྱུང་ན་ལེགས་ཤིང་། ལྷག་པར་ནད་གཞི་སོགས་ཀྱི་སྐྱོན་མེད་པ་ཞིག་ངེས་པར་དགོས་པ་ལགས།། ༈ །།བཅོ་ལྔ་པ། བ་དམར་ཟལ་ནི་བ་དམར་མོ་སྒལ་ཚིགས་ཀྱི་སྤུ་དཀར་པོ་ཡོད་པ་དེ་ག་དང་། འབྲིའང་ནག་པོ་སྒལ་ཚིགས་ཀྱི་སྤུ་དཀར་པོ་ཡོད་པ་ལ་ངོས་འཛིན་ཏེ། །མདོ་ཁམས་ཟལ་མོ་སྒང་ཞེས་པའང་ཡུལ་གྱི་གཞུང་ཐམས་ཅད་གངས་རི་རྒྱན་མ་ཆད་པ་དཀར་པོས་ཐིག་བཏབ་པ་བཞིན་ཡོད་པ་ལ་བརྟེན་ནས་དེ་ལྟར་ཐ་སྙད་བཏགས་པས་མཚོན་ན། །བ་དཀར་ཟལ་ཟེར་བ་ནི་གྲོང་པའི་ཐ་སྙད་ཙམ་ཡིན་ན་མ་གཏོགས་གསོ་དཔྱད་སོགས་ཀྱི་གཞུང་ལས་ཆེར་འབྱུང་བ་མ་མཐོང་། བ་བྱུང་དང་། བུམ་རྫས། ཀླུ་སྨན་སོགས་ཀྱི་སྐབས་


JKT005_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ནི་བ་དམར་ཟལ་བེའུ་དང་པོ་སྐྱེས་པའི་གསར་པ་ཁོ་ན་ལགས་ཤིང་། དེའང་མི་གཙང་བ་ཟོས་པའི་ལྟོ་བཤལ་སླད་ཞག་ཤས་རྩྭ་ཆུ་གཙང་མས་བསོས་ཤིང་། ཐོག་མར་ཉིན་གཅིག་གཉིས་སྔ་མའི་ཟས་རོ་ཡོད་སྟབས་ཆུ་དང་འོ་མ་སོགས་ལོགས་སུ་དོར། དེ་ཕན་རིམ་པར་བསགས་ན་ལེགས་པ་ལགས། ༈ །བཅུ་དྲུག་པ་རྟག་དུ་རིགས་གསུམ་ལས་འཇམ་དབྱངས་དང་སྤྱན་རས་གཟིགས་རྟག་དུ་ཕྲན་བུ་འདི་ལྟར་ལགས་ཤིང་། ཕྱག་རྡོར་རྟག་དུ་ཕྲན་རང་མ་གཏོགས་འདི་ཕྱོགས་སྨན་པ་རྣམས་ཀྱིས་ངོས་མ་ཟིན། ཕྲན་ཡང་རི་ཁར་མི་འགྲོ་བས་གསར་དུ་སྐབས་ཐོབ་མ་རྙེད། སྔ་མ་བཏུས་པའི་རྙིང་པ་འདི་ལྟར་ཕུལ། དེ་མིན་བདུད་རྩི་རིལ་བུར་འགྲོ་བའི་སྔོ་སྨན་རིགས་སྔ་མོ་ཤིང་སྟག་ལོ་སྐོར་ཞིག་སྐྱབས་མགོན་མཁན་ཆེན་རྡོ་རྗེ་འཆང་ནས་བཀའ་གནང་ལྟར་མང་ཙམ་རེ་ཕུལ་ཡོད་ནའང་ད་ཆ་དེར་ཡོད་མིན་མ་ངེས། ལར་ལོ་གྲངས་ཀྱང་མང་དུ་སོང་བས་ནུས་པ་ཆུང་བ་གཞིར་བཅས་རུང་། སྨན་སྦྱོར་དངོས་དང་ནི་མི་འདྲ་བས་ཡོད་ཚེ་བཏང་ན་འགལ་བ་རང་མེད་སྙམ། གང་ལྟར་ཡང་འདི་ལོ་དབྱར་ཐོག་ཕྲན་བུ་ཚགས་རྩོལ་བྱེད་རྒྱུ་བྱུང་ན་ལས་ཕྲན་ནས་སྨན་གྱི་ལག་ལེན་མི་བྱེད་སྟབས་སྔ་མ་ཚགས་བྱས་པ་ནི་མི་སྣང་། ལོ་རྗེས་མའི་ནང་འབུལ་ཨེ་ཐུབ་ཡིད་འཇོག་ཞུ་བ་ལགས། ༈ །བཅུ་བདུན་པ་ས་ཆུ་


JKT005_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བཅུད་ཀུན་འདུས་རིལ་བུ་ཕབས་གཏའ་དང་། ཕུར་མ་བཅས་ཕྲན་བུ་ཞིག་འདུག་པ་འདི་ལྟར་འབུལ་ལམ་ཞུས་ཡོད། རྗེས་སུ་མང་ཙམ་སྦྱར་རྒྱུ་བྱུང་ན་རིམ་པར་ཕུལ་ཆོག་པ་དང་། ཞར་བྱུང་བསང་མཆོད་འདི་གྲུབ་མཐའ་ཐམས་ཅད་ལ་དར་སྲོལ་ཆེ་ནའང་། ཁུངས་ནི་རྙིང་མའི་གཞུང་ཁོ་ན་ལ་བཅོལ་བར་སྣང་། དེས་ན་ཕྱོགས་དེའི་གཞུང་ཁུངས་ཐུབ་ལས་འབྱུང་བའི་རྫས་ཀྱི་རིགས་ཚང་ན་ཤིན་ཏུ་ལེགས་པར་སེམས། དེའང་མངའ་བདག་ཉང་གི་གཏེར་བྱོན་བསང་གི་ཡིག་ཆུང་ཞིག་ཡོད་པ་ལས་རྫས་སྣ་ཉུང་ཙམ་བཤད། སྤྱིར་བསང་རྫས་བརྒྱ་རྩ་ཞེས་གྲགས་ཆེན་འང་ངོས་འཛིན་དམིགས་བསལ་གྱི་ཡིག་ཆ་ཤིན་ཏུ་དཀོན་པར་སྣང་བས་ཁུངས་དཔྱད་པ་ན། རྒྱ་མ་མི་འགྱུར་ལས་འཕྲོ་གླིང་པ་ཞེས་འཁྲུལ་མེད་ཀྱི་གཏེར་སྟོན་ཚད་ལྡན་འབྲི་གུང་རིན་ཆེན་ཕུན་ཚོགས་སོགས་མཁས་གྲུབ་མང་པོའི་བླ་མར་གྱུར་ཅིང་། གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་སོགས་དང་དུས་མཚུངས་དང་། དེའི་གཏེར་བྱོན་གྱི་ཡིག་ཆ་འདི་ལེགས་པར་སྣང་བས་འདི་གའི་དགོངས་དོན་ལྟར་འབད་པ་ཆེན་པོས་བསྡུས་པའི་བསང་རྫས་བརྒྱ་རྩ་ཕྲན་བུ་འབུལ་ལམ་ཞུས་ཡོད་པ་མང་དགོས་ན་བསང་རྫས་གང་འབྱོར་གྱིས་བུངས་བསྐྱེད་པ་དང་། བྱིན་རླབས་བྱ་ཚུལ་ཀྱང་གཞུང་གསལ་ལྟར་ལགས། ༈ །བཅོ་བརྒྱད་པ་


JKT005_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་རིལ་བུ་ཚོགས་སྒྲུབ་ཅིག་བྱུང་ན་རང་ལུགས་ཀྱི་དམ་རྫས་གཙོ་བོ་བདུད་རྩི་རིལ་བུ་ཁོ་ན་ཡིན་པ་དང་། འགྲོ་དོན་ཀྱང་ཤིན་ཏུ་ཆེ་བ་བཅས་གང་ཅིས་ལེགས་ཤིང་གལ་གནད་ཆེ་བར་སྣང་བས་རིམ་གྱིས་ཐུགས་བསྐྱེད་མི་འདོར་བ་དང་། ཕབས་གཏའ་ནི་ས་ངོར་གྱི་ཕབས་གཏའ་རྙིང་པ་ཁུངས་བཙུན་རིགས་དང་། རྟེན་འདམ་དཔེ་བྲལ་མ། གཏེར་བྱོན་ངོ་མའི་ཆོས་སྨན་དང་། གུ་རུ་ཡབ་ཡུམ་ལྷགྱི་བྱང་སེམས། བདུད་རྩི་ལྔའི་རིལ་བུ། སྐྱེ་བདུན་སོགས་གཞན་འདྲེས་མེད་པ་ལས་རྟེན་འདུས་སོགས་ཡོད་ཚད་ཐམས་ཅད་བསྲེ་བའི་སྲོལ་མེད་འདྲ་བས་ཁུངས་དག་དངོས་གཙང་ཁོ་ན་ལེགས་ཤིང་། བཀའ་གནང་ལྟར་སྨན་མང་ཉུང་ཅི་རིགས་བཤད་པ་གཙོ་བོའི་བརྡ་རྣམས་མ་ཆད་པ་ཞིག་ངེས་པར་དགོས་པ་ལས། ཡན་ལག་གི་སྨན་གང་འབྱོར་ཙམ་གྱིས་ཆོག་པས་ཀུན་དགའ་བཀྲ་ཤིས་ཀྱི་གསུང་ལྟར་ཚང་མ་འཛོམ་དགོས་པའི་ངེས་པ་མེད་མོད། ཨེ་འཛོམ་གཟིགས་ནའང་སྣེ་ཚང་ཙམ་ནི་མི་རྙེད་པའི་འབྱོར་དཀའ་བ་དེ་རིགས་མི་སྣང་། འདི་ལའང་དཔེ་དག་མིན་ཅི་རིགས་འདུག་པས་ཕྲན་གྱི་དཔེ་ཅུང་ཟད་དག་པ་ཡིན་རྩིས། མཇུག་ཏུ་འཕྲོས་དོན་ཕྲན་བུ་ཡོད་པ་འདི་ལྟར་འབུལ་ལམ་ཞུས་ཡོད་པ། འདི་ནང་བདག་ཆེན་རྡོ་རྗེ་འཆང་གི་སྒྲུབ་ཡིག་ནས་འབྱུང་བའི་སྨན་འདི་ཙམ་ཞིག་འཛོམ་ན་གལ་ཆེ་ཞིང་། ཁྲོལ་


JKT005_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་སོགས་ཀྱི་སྐབས་རོའི་བྱེ་བྲག་ལས་བརྩམས་ཏེ་རིགས་སོ་སོར་ཕྱེ་ནས་ཕྱོགས་མ་འཁྲུལ་བར་བཞག་དགོས་པའི་ངོས་འཛིན་ཀྱང་མཆན་བུས་གསལ་བ་ཡོད། དུག་འདོན་ནི་སྨན་སྒྲུབ་སོགས་ཀྱི་སྐབས་སུ་མཛད་སྲོལ་མེད་དེ། དེའང་དུག་རིགས་དངོས་ནི་ཆོས་སྨན་དང་བདུད་རྩི་རིལ་བུ་རྣམས་ཀྱི་རྫས་ལ་མི་འགྲོ་བས་དེར་ཟད། གཞན་སྨན་གྱི་རིགས་ཕལ་ཆེར་ལ་དུག་མེད་ཅིང་། འགའ་ཞིག་ཤུན་བ་ཕྲལ་དགོས་པ་སོགས་ཡོད་རུང་། དེ་རིགས་ཀྱང་གསོ་དཔྱད་ཀྱི་སྐབས་འཇམ་ཞིང་འཇུ་སླ་བ་ལ་དགོངས་པ་ཙམ་མ་གཏོགས་ཉེས་པ་ཆེར་ཡོད་ཚུལ་མ་གསུངས་པའི་ཕྱིར། སྐབས་འདིར་ནི། སྨན་ལྟ་བུ་དུས་རྒྱུན་འཐུངས་རྒྱུ་མ་ཡིན་པས་འཇུ་དཀའ་སླ་སོགས་ཀྱི་དཔྱད་པ་མ་དགོས། འོན་ཀྱང་གསོ་དཔྱད་དང་སྒོ་བསྟུན་ནས་དམིགས་བསལ་གྱི་དུག་འདོན་འགའ་ཞིག་ཟུར་དུ་བྲིས་པ་ལྟར་ལགས་ཤིང་། དེ་ལྟར་བཀའ་འདྲི་རྒྱ་ཆེར་གནང་བའི་ལན་ཇི་བཞིན་པར་ཞུ་བ་རྔོ་མ་ཐོགས་པར། རྨོངས་བློས་གང་དྲན་མདོར་བསྡུས་ཙམ་ཞིག་སྤྱི་བརྟོལ་བསྐྱེད་དེ་གསོལ་བར་སྒྲིབ་བྲལ་ཡེ་ཤེས་ཀྱི་གཟིགས་པ་དམ་པས་ལེགས་པར་དཔྱད་དེ་འགལ་འཁྲུལ་རྣམས་དག་ཅིང་གཙང་བར་མཛད་པའི་བཀའ་དྲིན་སྩོལ་བར་ཅི་གནང་ཞེས་ཐལ་མོ་སྦྱར་ཏེ་གུས་པས་གསོལ་བ་འདེབས་པ་ལགས། །ལེགས་བྲིས་བདུད་རྩིས་མཚོན་མིན་པའི། །ས་གསུམ་


JKT005_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་སེལ་རྫོགས་ལྡན་སྤྲིན། །རྒྱས་པར་དཀྲིགས་པའི་དགེ་མཚན་གྱིས། །ཕན་བདེའི་འདོད་དགུ་འཇོ་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།ཤུ་བྷཾ།


previousབྱིན་རྟེན་རིགས་སྦྱོར་ཚུལ་སོགས་ལས་བརྩམས་པའི་བཀའ་འདྲི་ཕེབས་ལན་མདོར་བསྡུས་སུ་གསོལ་བ། next