Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
  collapse section
   
ཤོག་ལྷེབ་ ༦༩ ནས་ ༡༠༠ བར།
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤོག་ལྷེབ་ ༦༩ ནས་ ༡༠༠ བར།next

ཤོག་ལྷེབ་ ༦༩ ནས་ ༡༠༠ བར།


JKT005_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཡཱ ན སྱ བི ས སྣེ ད རོ ཙ ན སྱ ཀཱ ཐ སུ བྷྱཱ ཎི ཏ ཙི ཀྲོ ད ཀ ནི དྷི ནཱ མ བི ཧ ར ཏི སྨ།།
ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་ལེགས་བཤད་ངོ་མཚར་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། །


JKT005_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དདྷབས༽གསལ་བྱེད་བཞིར་ངེས་རྐང་པ་གཅིག་གཉིས་བཞིར། ཆོད་པའི་ཟུང་ལྡན་ཚིག་རྒྱན་ཀུ་མུ་དཱ། སྡེབ་ལེགས་སྦྱོར་བ་རྗེས་སུ་བསྔགས་པ་ཡི། བྱེ་བྲག་མཁའ་དང་དབྱིངས་ཀྱི་ཆུན་པར་བཅིངས། །
དཪྴནནོདྷཱུལིརྻཐཱཀིཡནྟཱཀྵིཔྲཱགྲཧརཾསྱཛྙཱནཏཏྭཤུདྡྷོབཻ།
ཇི་ལྟ་ཇི་སྙེད་གཟིགས་པའི་རྡུལ་བྲལ་སྤྱན། །ཡེ་ཤེས་མཆོག་གི་དག་པ་དེ་ཁོ་ན། །རྟོག་པའི་དྲྭ་བ་རྣམ་བསལ་ཞིང་། །འཇམ་དཔལ་ཡེ་ཤེས་སེམས་དཔའ་རྒྱལ།། སྨྲ་བསམ་བརྗོད་པ་ལས་འདས་ཞིང་། །ཡུམ་ཆེན་ཤེས་རབ་ཕ་རོ་ལ་ཕྱིན།།


JKT005_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ ཛ ཡེ ཀོ བ རྟུ ལཾ བྷ བ ནཱ , པཱུ ཛ གུ རུ མུ ཛྷ ན ཡོ བི དྷཱ ལཾ ཧྲི། །
གཞན་མིན་རྒྱལ་ཀུན་ངོ་བོར་གཅིག་བཟླུམས་པའོ། །རྣམ་འདྲེན་བླ་མའི་ཞབས་རྡུལ་སྤྱི་བོས་མཆོད། ཛམ་གླིང་མཁས་པའི་གཙུག་རྒྱན་མཆོག །འཇམ་དབྱངས་ས་སྐྱ་པཎྜིཏ། །ཀུན་བཟང་དགོངས་པའི་གསང་མཛོད་ལ། །དབང་བསྒྱུར་དྲི་མེད་འོད་ཟེར་རྒྱལ།།


JKT005_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་བསམ་གྱིས་མི་ཁྱབ་ཆོས་ཉིད་དང་། །རྗེས་སུ་མཐུན་པར་བསྟན་པའི་ལམ་གྱི་རིམ། །ཟབ་ཅིང་རྒྱ་ཆེའི་སྒོ་འཕར་བགྲང་ཡས་པ། །བརྗོད་ནུས་མིན་ཀྱང་མདོ་ཙམ་རྣམ་པར་དབྱེ། །དེ་ལ་གསུམ་སྟེ། སོར་བཞག་ལྷ་མིའི་ཐེག་པ་དང་། ལོག་རྟོག་མུ་སྟེགས་ཀྱི་ཐེག་པ། ཡང་དག་སངས་རྒྱས་ཀྱི་ཐེག་པའོ། །དང་པོ་ནི། འདི་ལྟར་རང་གཞན་གྱི་གྲུབ་པའི་མཐའ་གང་གིས་ཀྱང་བློ་མ་བསྒྱུར་བའི་འཇིག་རྟེན་པ་དག་གི་ཆོས་ལུགས་གཉིས་སུ་འདོད་དེ། དེ་ཡང་ངོ་ཚ་དང་། ཁྲེལ་ཡོད་ཀྱིས་ཀུན་ནས་བསླངས་ཏེ། ཇི་སྐད་དུ། དཔལ་ལྡན་ནཱ་གཱ་རྫུ་ནས། མི་དགེ་བཅུ་པོ་སྤངས་པའི་སྟེང་། །ཆང་མི་འཐུང་དང་འཚོ་བ་བཟང་། །རྣམ་པར་མི་འཚེ་གོས་སྦྱིན་དང་། །མཆོད་འོས་མཆོད་དང་བྱམས་པ་སྟེ། །མདོར་ན་ཆོས་ནི་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་མི་ཆོས་བཅུ་དྲུག་གིས་མཚོན་པའི་གཞུང་ལུགས་རྣམ་པར་དག་པ་ལ་སྤྱོད་པ་ནི་སྐྱེ་བོ་དམ་པའོ། །དེ་ལས་ལྡོག་སྟེ་ངོ་ཚ་དང་ཁྲེལ་མེད་ཀུན་སློང་ལས་སུ་མ་རུངས་པས་རང་གཞན་ཐམས་ཅད་ཡིད་དུ་མི་འོང་བའི་རྒྱུ་འབྲས་ལ་སྦྱོར་བར་བྱེད་པ་ནི་སྐྱེ་བོ་དམན་པ་སྟེ། དེས་ན་སྔ་མའི་དོན་ལ་ཀུན་གྱིས་བཤེས་པར་བྱ་བའི་ཚུལ་ནི། དབུ་མ་བཞི་བརྒྱ་པ་ལས། འཇིག་རྟེན་ཚུལ་ལུགས་གང་དང་གང་། །དེ་དང་དེ་ལ་ཆོས་རྗེས་འཇུག །དེ་ཡི་ཕྱིར་ན་ཆོས་ལས་ཀྱང་། །འཇིག་རྟེན་སྟོབས་


JKT005_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ལྟ་བུར་སྣང་། ཞེས་དང་། ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་འགྲོ་བ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེག་ན་ཐར་པའང་གམ་ན་ཡོད། ཅེས་སོ། །དེས་ན་འདི་ནི་ཡང་དག་གི་ལམ་ལ་ཞུགས་པ་དག་གིས་ཚར་བཅད་པའི་ཡུལ་ཀྱང་མ་ཡིན། བླང་བྱ་ཡང་མ་ཡིན་པས་སོར་བཞག་གི་ཐེག་པར་བརྗོད་དོ། །ཤེས་པར་འདོད་ན་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་བརྒྱ་པ་དང་། ཙན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས། སྐྱེ་བོ་གསོ་བའི་ཐིགས་པ། རྗེ་བཙུན་ས་སྐྱ་པཎྜི་ཏས་མཛད་པའི་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལ་སོགས་པ་ལས་རྟོགས་པར་བྱའོ། །གཉིས་པ་ལ་ཡང་གཉིས། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། འདི་ལྟར་གྲུབ་མཐའ་ལོག་པ་ལ་བློ་ཞུགས་ནས་བདག་ཏུ་འཛིན་པའི་ལྟ་བས་སྲིད་པའི་རྩ་བ་སླར་ཡང་སྐྱེད་པ་ཕྱི་རོལ་མུ་སྟེགས་པ་སྟེ། དེ་ལ་ཡང་རང་རང་གི་བློས་བཏགས་པའི་ནང་གསེས་དཔག་ཏུ་མེད་ཀྱང་། བསྡུ་ན་ལྔར་འདུ་སྟེ། གྲངས་ཅན་པ། དབང་ཕྱུག་པ། ཁྱབ་འཇུག་པ། རྒྱལ་བ་པ། ཕུར་བུ་པའོ། །དང་པོ་ནི། དྲང་སྲོང་སེར་སྐྱའི་རྗེས་སུ་འབྲངས་ནས་ཤེས་རིག་གི་སྐྱེས་བུ་མཚན་ཉིད་ལྔ་དང་ལྡན་པར་འདོད་དེ། དབུ་མ་འཇུག་པ་ལས། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་


JKT005_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མུ་སྟེགས་རྣམས་ཀྱིས་བཏགས། །ཞེས་སོ། །དེ་ལས་སྐྱེས་བུ་དེའི་ཤེས་པའི་ཤེས་བྱ་གཙོ་བོ་དང་། རང་བཞིན་དང་། རྣམ་འགྱུར་ལས་རྡུལ་མུན་སྙིང་སྟོབས་གསུམ་གྱི་བྱ་བའི་ཡོན་ཏན་མཉམ་པའི་ཚེ་གཙོ་བོ་ཞེས་བྱ་ལ། མི་མཉམ་པའི་ཚེ་འགྲོ་བར་བརྗོད་ཅིང་། །དེ་ཡང་ཆོས་དེ་གསུམ་དང་ལྡན་པ་སྟེ། དེ་ཡི་རྣམ་འགྱུར་ནི། སྐྱེས་བུ་ཡུལ་ལ་ཞེན་པར་བྱེད་པའི་རང་བཞིན་ལ་ཆེན་པོ་ཞེས་བྱའོ། །ཆེན་པོ་དེ་ལས་ཀྱང་ང་རྒྱལ་རྣམ་པ་གསུམ་འབྱུང་སྟེ། དང་པོ་རྣམ་འགྱུར་གྱི་ང་རྒྱལ་ལས་ཀྱང་གཟུགས་སོགས་ཡུལ་དེ་ཙམ་ལྔ་དང་། དེ་ཙམ་ལྔ་ལས་འབྱུང་བ་ལྔ་འབྱུང་བའོ། །སྙིང་སྟོབས་ཀྱི་ང་རྒྱལ་ལས་དབང་པོ་བཅུ་གཅིག་བློ འབྱུང་སྟེ། མགོ་དང་ལག་པ། རྐང་པ། བཤང་ལམ། ཆུ་སོ་སྟེ་ལས་ཀྱི་ལྔ་དང་། མིག །རྣ་བ། སྣ། ལྕེ། ལུས་ཏེ་བློ་ཡི་ལྔ། གཉིས་ཀའི་བདག་ཉིད་ཡིད་ཀྱི་དབང་པོའོ། །མུན་པ་ཅན་གྱི་ང་རྒྱལ་གྱིས་ནི་གོང་མ་གཉིས་ཀྱི་གྲོགས་བྱེད་པའོ། །དེ་ཡང་སྐྱེས་བུ་ནི་རང་བཞིན་དང་རྣམ་འགྱུར་གཉིས་ཀ་མ་ཡིན་ལ། གཞན་རྣམས་ནི་གཙོ་བོ་དང་། རང་བཞིན་དང་། རྣམ་འགྱུར་གསུམ་གྱིས་ཁྱབ་སྟེ། དང་པོ་ནི། མཉམ་པར་གནས་པ་གསུམ་མོ། །གཉིས་པ་ནི་ཆེན་པོ་དང་ང་རྒྱལ་དེ་ཙམ་ལྔའོ། །གསུམ་པ་ནི་དབང་པོ་བཅུ་གཅིག་དང་། འབྱུང་བ་ལྔའོ། །དེ་སྐད་དུ་ཡང་། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། དེ་


JKT005_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཚོགས་ནི་རྣམ་པ་བཅུ་དྲུག་འབྱུང་། དེ་ལྟར་བཅུ་དྲུག་བྱུང་བ་དེ་ལས་ཀྱང་། དེ་ཙམ་ལྔ་ལས་འབྱུང་བ་རྣམ་ལྔ་འབྱུང་། ཞེས་སོ། །དེ་དག་ཀྱང་ནམ་ཞིག་རྣམ་འགྱུར་ཡིན་པར་ཤེས་ནས་བསམ་གཏན་ལ་མཉམ་པར་གནས་པས། རིམ་གྱིས་ཕྱི་མ་རྣམས་ཀྱང་སྔ་མ་ལ་ཐིམ་སྟེ་བདག་སྐྱེས་བུ་འབའ་ཞིག་གསལ་བར་གནས་པ་ནི་ཐར་པ་ཡིན་པར་འདོད་ལ། དེས་ན་དེ་ཁོ་ན་ཉིད་གྲངས་ཉི་ཤུ་རྩ་ལྔར་སྨྲ་བས་གྲངས་ཅན་པ་ཞེས་བྱ་སྟེ། ཁྱབ་འཇུག་གི་ཞལ་སྔ་ནས། རལ་པའམ་བྱི་བོ་ཅོད་པན་གྱི། །ཆ་ལུགས་གང་གིས་གནས་ཀྱང་རུང་། །དེ་ཉིད་ཉི་ཤུ་ལྔ་ཤེས་ན། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། ཅེས་སོ། །འདི་ནི་མུ་སྟེགས་པའི་གཞུང་ལུགས་ཐམས་ཅད་ཀྱི་ཕྱི་མོ་ཡིན་ཏེ། འཇུག་པ་ལས། དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་མང་ལུགས་ནི་ཐ་དད་འགྱུར། །ཞེས་སོ། །གཉིས་པ་ནི་འགྲོ་བ་ཐམས་ཅད་དབང་ཕྱུག་གིས་བྱས་ཤིང་། དེ་མཉེས་ན་མཐོ་རིས་དང་། མ་མཉེས་ན་ངན་སོང་དུ་འགྲོ་བར་འདོད་དེ། ཇི་སྐད་དུ། སྐྱེ་བོ་ཤེས་པ་ཡོད་པ་མ་ཡིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བསྐུལ་ཡང་ན་མཐོ་རིས་དང་། །གཡང་ས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཞེས་སོ། །གསུམ་པ་ནི། སྣོད་བཅུད་ཀྱི་རྒྱུ་རྡུལ་ཕྲ་རབ་གཅིག་རྟག་པར་འདོད་ཅིང་། གཞན་དུ་ཚངས་


JKT005_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇིག་རྟེན་ཐམས་ཅད་སྤྲུལ་པ་དང་། དེའི་གདོང་པ་བཞི་ནས་ཐོག་མ་མེད་པའི་དུས་ནས་རྟག་པར་ཡོད་པའི་རིག་བྱེད་ཆེན་པོ་བཞི་ཕྱུང་བས་དེ་ཉིད་ཚད་མར་འདོད་དོ། །ཁ་ཅིག་ཐམས་ཅད་ཀྱི་བྱེད་པོ་དུས་ཡིན་པར་འདོད་དེ། འབྱུང་བ་རྣམས་ནི་དུས་ཀྱིས་འབྱིན། །དུས་ནི་སྐྱེ་དགུ་རྣམས་སྡུད་ཅིང་། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ནི་འདའ་བར་དཀའ་བ་ཡིན། །ཞེས་སོ། བཞི་པ་ནི། རྒྱལ་བྱེད་ལས། གཅེར་བུ་པ་ནི་དེ་བཞིན་བདུན། །དཀའ་ཐུབ་སྡོམ་པ་ཉོན་མོངས་དང་། །བཅིངས་པ་དང་ནི་གྲོལ་བ་དང་། །སྲོག་དང་སྲོག་མིན་རྣམ་གཉིས་སོ། །ཞེས་རྣམ་གྲངས་བདུན་པོ་ཉིད་འདོད་དེ། ཟས་གོས་འཁྲིག་པ་ལ་ཆགས་པ་ནི་འཁོར་བའི་རྒྱུའི་གཙོ་བོ་ཡིན་པས་སྤོང་བར་བྱེད་པས་མཚོན་དཀའ་ཐུབ་སྣ་ཚོགས་པ་དང་། དེ་བཞིན་དུ་མི་དགེ་བ་བཅུ་སྤང་བའི་སྡོམ་པ་དང་། ཉོན་མོངས་པ་ནི་དུག་གསུམ་ལ་སོགས་པར་འདོད་ཅིང་། ཐར་པ་ནི་སྲིད་པའི་རྩེ་མོ་ན་མདོག་དབྱིབས་ཅན་དང་། སྲོག་ཡོད་པ་ནི། འབྱུང་བ་བཞི་དང་། ཤིང་དང་། དབང་པོ་གཉིས་པ་ནས་ལྔ་པའི་བར་རོ། །ཤིང་ལ་སྲོག་ངེས་པར་ཡོད་དེ་དེ་བཅད་ན་འཁུམ་པའི་ཕྱིར་འཆི་བའོ་ཞེས་སྨྲ་བ་དང་། སྲོག་མེད་པ་ནི་སྒྲ་དང་། དྲི་དང་། རོ་དང་། འོད་ལ་སོགས་པའོ་ཞེས་འདོད་དེ། འདི་ལ་གཅེར་བུ་པ་དང་། དཀའ་ཐུབ་པ་དང་། །ཐལ་བ་པ་


JKT005_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྤྱོད་ལམ་གྱི་རྗེས་སུ་འགྲོ་བའི་མིང་ཐ་དད་པ་ཡོད་དོ། །ལྔ་པ་ནི། འབྱུང་བ་བཞི་དོན་སྡོམ་དུ་འདོད་པ་དང་། །ལུས་སེམས་རྫས་གཅིག་པ་དང་། ཚེ་སྔ་ཕྱི་མེད་པ་དང་། ལས་རྒྱུ་འབྲས་མེད་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་མེད་པ་དང་། མ་མཐོང་བའི་འགྲོ་བ་མེད་པ་དང་། རྗེས་དཔག་ཚད་མ་ཡིན་པ་བདུན་དུ་འདོད་ཅིང་། མདོར་ན་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་ལ་སྐུར་པ་འདེབས་ཤིང་། །ངོ་བོ་ཉིད་རྒྱུར་སྨྲ་བ་སྟེ། ཇི་སྐད་དུ། ཉི་ཤར་ཆུ་བོ་ཐུར་དུ་འབབས་པ་དང་། །སྲན་ཟླུམ་ཚེར་མ་གཟེང་རིང་རྣོ་བ་དང་། །རྨ་བྱའི་མདོངས་ལེགས་ལ་སོགས་ཆོས་རྣམས་ཀུན། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །ཞེས་སོ། །འདི་ལ་ཡང་ཚུ་རོལ་མཛེས་པ་དང་། །འཇིག་རྟེན་རྒྱང་འཕེན་པ་སོགས་མིང་གི་རྣམ་གྲངས་ཐ་དད་དོ། །དེ་དག་ཐམས་ཅད་ཀྱང་བསྡུ་ན་རྟག་ཆད་གཉིས་སུ་འདུ་སྟེ། སྔ་མ་བཞི་ནི་བདག་ཡོད་པས་རྟག་པ་དང་། ཕྱི་མ་གཅིག་ནི་བདག་མེད་པས་ཆད་པར་འདོད་དེ། དེས་ན་བདག་ཡོད་པར་ཐམས་ཅད་མཐུན་པ་ཡིན་ནོ། །གཞན་ཡང་མངོན་པ་ལས། ད་ལྟ་འཇིག་རྟེན་འདིར་ནི་སྡིག་པས་གོས། །སྐྱེ་དགུ་མ་རུངས་པ་ཡི་བསམ་པ་ཅན། །རྟོག་གེ་དྲུག་དང་རྗེས་སུ་སྒྲོགས་པ་དྲུག །སྙོམས་པར་འཇུག་པ་དྲུག་གིས་འཇིག་རྟེན་དཀྲུགས། །ཞེས་རྣམ་གྲངས་དྲུག་གསུམ་བཅོ་བརྒྱད་དུ་གསུངས་པས་མུ་


JKT005_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་པ་དག་གི་གྲུབ་མཐའི་དབྱེ་ཚུལ་བསམ་གྱིས་མི་ཁྱབ་མོད་ཀྱི། དེ་དག་ཕལ་ཆེར་ནི་སྔ་མ་དག་གི་ནང་དུ་འདུའོ། །གཉིས་པ་ནི། སྤྱིར་དེ་དག་གི་ལྟ་བ་ཐམས་ཅད་ཀྱང་འཇིག་པར་ལྟ་བའི་ནང་དུ་འདུས་ཤིང་། དེ་དག་ཀྱང་རྟག་ཆད་གཉིས་སུ་འདུ་བའི་ཕྱིར། དེ་ཉིད་འགོག་པ་ན་དམ་བཅའ་ཐམས་ཅད་དོན་གྱིས་ཞིག་སྟེ། དེས་ན་ཡུལ་དང་ཤེས་པ་ཐམས་ཅད་འགྱུར་ཞིང་རགས་ཕྲ་གང་དུའང་དཔྱད་མི་བཟོད་པའི་ཕྱིར་རྟག་པའི་གཞིར་མི་རུང་བ་དང་། ཡོད་པར་སྣང་བ་ཐམས་ཅད་ནི་རང་གི་རྒྱུ་རྐྱེན་ལ་ལྟོས་ཤིང་། ནམ་མཁའ་ལ་སོགས་པ་ནི་ཆད་པའི་རྒྱུར་ཡང་མ་གྲུབ་པས་ཆད་པ་མེད་དོ། །འོ་ན་བདག་རྟག་གོ་ཞེ་ན། དེ་ཉིད་ཕུང་པོ་དང་གཅིག་གམ་ཐ་དད། སྔ་མ་ལྟར་ན་ཕུང་པོ་སྐྱེ་འཇིག་བྱེད་པ་ལྟར་བདག་ཀྱང་སྐྱེ་འཇིག་བྱེད་པར་འགྱུར་ལ། ཕྱི་མ་ལྟར་ན་ཕུང་པོ་ལས་གཞན་པའི་བདག་མ་གྲུབ་ཅིང་། དེ་ཉིད་རགས་པ་རྡུལ་ཕྲན་ཆ་མེད་དང་། སྐད་ཅིག་ཆ་མེད་ཡིན་ཕྱིར་བདག་མ་གྲུབ་བོ། །མདོར་ན་གཟུགས་བདག་མ་ཡིན་ཏེ་དེ་བཞིན་དུ་མི་རྟག་པར་འགྱུར་དགོས་པའི་ཕྱིར་རོ། །བདག་ལ་གཟུགས་མི་གནས་ཏེ་མི་འདོད་བཞིན་དུ་འཇིག་པའི་ཕྱིར་རོ། །གཟུགས་ལ་བདག་ངོ་བོ་ཉིད་ཀྱིས་གནས་པ་ཡང་མི་རུང་སྟེ་བདག་གི་འདོད་པས་འཇུག་ལྡོག་མི་ནུས་པའི་ཕྱིར་རོ། །བདག་ལ་གཟུགས་ངོ་བོ་ཉིད་ཀྱིས་ཡོད་པ་ཡང་མ་ཡིན་ཏེ་བདག་


JKT005_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མེད་བཞིན་དུ་ཕྱི་ཡི་གཟུགས་ལ་སོགས་པ་མཐོང་ཆོས་སུ་གནས་པའི་ཕྱིར་རོ། །དེ་སྐད་དུ་ཡང་སློབ་དཔོན་ཀླུས། གཟུག་ནི་བདག་མ་ཡིན་ཞེས་གསུངས་ཏེ་བདག །གཟུགས་དང་ལྡན་མིན་གཟུགས་ལ་བདག་གནས་མིན། །བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ། །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་བགྱི། །ཞེས་སོ། །གཞན་ཡང་བྱེ་བྲག་ཏུ་དགག་པའི་ཚུལ་གྱི་ལུང་རིགས་རྒྱས་པ་ནི་གཞན་དུ་ཤེས་པར་བྱའོ། །འོ་ན་འདི་ཉིད་ཐེག་པར་བཞག་པ་དོན་མེད་དུ་འགྱུར་རམ་ཞེ་ན། མ་ཡིན་ཏེ། དེ་ཉིད་ཀྱི་སྒྲ་དོན་ནི་གོང་ནས་གོང་དུ་འདེགས་པ་ལ་འཇུག་པའི་ཕྱིར། །འདིར་སོར་བཞག་ལྷ་མིའི་ཐེག་པ་ལ་བརྟེན་ནས་ལོག་རྟོག་མུ་སྟེགས་ཀྱི་ཐེག་པ་དག་ཚར་བཅད་ནས། ཡང་དག་པའི་ཐེག་པ་ཉོན་མོངས་དང་བྲལ་བའི་ཐེམ་སྐས་ལ་འཛེགས་པ་སྟེ། དེ་སྐད་དུ། རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པས་ངས་འཇིག་ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་ཏོ། །ཞེས་བདེན་པར་སྨྲ་བས་གསུངས་པ་ལྟར། རང་བཞིན་ངན་པའི་ལམ་དེ་དག་ཤེས་པས་དེར་མི་འཇུག་པ་དང་། རང་གི་རྒྱུད་ལ་དེ་དག་གི་ལྟ་སྤྱོད་བག་ཉལ་ལམ་ལྷན་སྐྱེས་སུ་ཡོད་པ་ཐམས་ཅད་ཀྱང་བསལ་བའི་ཕྱིར་བརྗོད་པ་ལ་དགོས་འབྲེལ་ཁྱད་པར་ཅན་ཡོད་དེ། འཇིག་ཚོགས་ལ་ལྟ་བ་དེ་དག་གི་རྒྱུ་ཤེས་པར་བྱ། ལམ་ཤེས་པར་བྱ། འབྲས་


JKT005_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཤེས་པར་བྱ། ཤེས་ནས་ཀྱང་སྤང་བར་བྱ། ཞེས་བསྟན་པའི་ཕྱིར་རོ། །དེ་ལྟར་སོར་བཞག་དང་ལོག་རྟོག་གི་ཐེག་པ་གཉིས་ཀྱི་འདོད་ཚུལ་མདོ་ཙམ་ཞིག་གླེང་ནས། སྤྱི་དོན་གསུམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པའི་བརྗོད་བྱ་རྣམ་པར་དབྱེ་བ་ལ་གཉིས། སྔ་མ་ལས་ཁྱད་པར་དུ་འཕགས་ཚུལ་དང་། ཁྱད་པར་གྱིས་གཞུང་གི་མཚན་ཉིད་དངོས་དབྱེ་བའོ། །དང་པོ་ནི། སྤྱིར་ཕྱོགས་རེ་ཙམ་ནས་བརྗོད་ན་འཕགས་ཆོས་བསམ་གྱིས་མི་ཁྱབ་ཀྱང་། མདོར་བསྡུ་ན། གྲུབ་མཐས་བློ་བསྒྱུར་ཀྱང་ཡང་དག་པའི་བསླབ་པ་གསུམ་ལ་མི་སློབ་ཅིང་བདག་ལྟའི་རྒྱུ་འབྲས་སླར་ཡང་སྤེལ་བ་ནི་ཕྱི་རོལ་པ་དང་། གྲུབ་མཐས་བློ་བསྒྱུར་ནས་ཡང་དག་པའི་བསླབ་པ་གསུམ་ཚུལ་ཁྲིམ་ཏིང་འཛིན་ཤེས་རབ་བོ། །བདག་གིར་བྱེད་ཅིང་སྲིད་པའི་རྩ་བ་བདག་ལྟའི་རྒྱུ་འབྲས་དྲུང་ནས་འབྱིན་པ་ནི་ནང་པའོ། །གཉིས་པ་ལ་ཡང་གསུམ། ཐེག་པའི་སྒྲ་དོན་སྤྱིར་བསྟན་པ། ཆོས་འཁོར་གསུམ་གྱི་མཚན་ཉིད་བྱེ་བྲག་ཏུ་བཤད་པ། རིམ་པ་དགུའི་གྲུབ་མཐའ་ཐ་དད་དུ་དབྱེ་བའོ། །དང་པོ་ལ་ཡང་། ངོ་བོ། ངེས་ཚིག །དབྱེ་བའོ། དང་པོ་ནི། འདི་ལྟར་རིགས་ཅན་གསུམ་གྱི་སྐལ་བ་དང་འཚམས་པ་ཉིད་ཀྱིས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་ལ་རིམ་པར་སྦྱོར་བའི་ཁྱད་པར་གྱི་ཆོས་དང་ལྡན་པ་དེ་ཉིད་དོ། །གཉིས་པ་ནི། ཡཱ་ནའི་སྒྲ་ལས་དྲངས་ན་ཐེག་


JKT005_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། དེ་ཉིད་བཞོན་པ་དང་ཕྱོགས་སོགས་ལའང་འཇུག་པས་ན། དེ་ལ་བརྟེན་ནས་ཇི་སྲིད་གོང་ནས་གོང་དུ་རིམ་པར་བགྲོད་པའི་ཕྱིར་ཏེ། སྡུད་པ་ལས་ཀྱང་། དེ་གང་ཞོན་ནས་སེམས་ཅན་མྱ་ངན་འདས་ལ་ཟློ། །ཐེག་པ་འདི་ནི་མཁར་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཐེག་པའི་མཆོག །ཅེས་སོ། །གསུམ་པ་ནི། སྤྱིར་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་རྟོག་པའི་བྱེ་བྲག་དང་བློ་ཡི་འཇུག་ཚུལ་ཀྱང་བསམ་པར་མི་ནུས་པའི་ཕྱིར་ལམ་གྱི་བགྲོད་ཚུལ་དང་། ས་དང་ཏིང་ངེ་འཛིན་གྱི་འཇོག་ཚུལ་དཔག་ཏུ་མེད་དོ། །དེ་སྐད་དུ་ལངྐར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་གི་བར། ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་དང་། འཇམ་དཔལ་སྒྱུ་དྲྭ་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །ཞེས་སོ། །འོན་ཀྱང་འདིར་རེ་ཞིག་དབང་པོ་དམན་འབྲིང་མཆོག་ལ་སོགས་པའི་ངོ་སྐལ་དུ་གྲངས་ཀྱི་དབྱེ་བསྡུ་ཐ་དད་པ་ལྟར་ཅུང་ཟད་བརྗོད་ན་དྲུག་སྟེ། དང་པོ་ནི། དམ་ཆོས་པད་དཀར་ལས། དྲང་སྲོང་རྣམ་ཀྱིས་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ནི་ཐབས་ལ་མཁས་པ་སྟེ། ཐེག་པ་གཅིག་ལས་གཉིས་སུ་མ་མཆིས་སོ། །ཞེས་པ་ལྟར་ཐ་དད་དུ་དབྱེ་བའི་ཐེག་པ་མཐའ་དག་ཀྱང་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་ལ་འབྲས་བུ་གཅིག་ཏུ་


JKT005_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་སྟེ། འཇམ་དཔལ་སྒྱུ་དྲྭ་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། ཞེས་སོ། །གཉིས་པ་ནི། ཇི་སྐད་དུ། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་རྣམ་པ་གཉིས་སུ་བསྟན་ཏེ། དེ་ཡང་སྔ་མ་ནི་དབང་པོ་རྟུལ་པོ་དང་། ཕྱི་མ་ནི་དབང་པོ་རྣོན་པོའི་སྤྱོད་ཡུལ་ཙམ་སྟེ་ཁྱད་པར་གསུམ་ལ་སོགས་པས་དབྱེ་བ་བཞིན་ནོ། །གསུམ་པ་ནི། གང་ཟག་དམན་འབྲིང་མཆོག་གི་བློ་ངོར་ཉམས་སུ་ལེན་པའི་ཚུལ་གྱི་ཐེག་པ་སྟེ། དེ་སྟོན་པར་བྱེད་པ་ཡང་སྡེ་སྣོད་གསུམ་གྱིས་ཁྱབ་སྟེ། འདུལ་བས་ཉན་ཐོས། མདོ་སྡེས་རང་རྒྱལ། མངོན་པས་བྱང་སེམས་ཀྱི་གཞུང་སའི་གཙོ་བོ་སྟོན་པ་དང་། འདིའི་སྐབས་སུ་སྔགས་ཀྱི་ཚུལ་ནི། འགའ་ཞིག་གིས་མངོན་པ་དང་། གཞན་ཡང་མདོ་སྡེ་དང་། གསུམ་ཀས་བསྡུས་པར་འདོད་པ་སོགས་འཕགས་ཡུལ་གྱི་སློབ་དཔོན་རྣམས་ཀྱང་བཞེད་པ་ཐ་དད་ལ། དེ་སྐད་དུ་ཡང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོར་ཐེག་དབྱེར་མ་མཆིས་ཀྱང་། །ཁྱོད་ཀྱི་ཐེག་པ་གསུམ་པོ་ནི། །འགྲོ་བ་འདུལ་ཕྱིར་བསྟན་པ་ལགས། །ཞེས་སོ། །བཞི་པ་ནི། ལངྐར་གཤེགས་པ་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་ཉན་ཐོས་དག་དང་ནི། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་ཐ་དད་པར་བཤད་


JKT005_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཞེས་མངོན་མཐོ་ངེས་ལེགས་ཀྱི་ལམ་ཐེག་པར་བསྡུས་ནས་དབྱེ་བ་དང་། ལྔ་པ་ནི། སྔ་འགྱུར་གྱི་རྒྱུད་སྡེ་ལས། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་ཀུན་འབྱུང་འདྲེན་པའི་ཐེག་པ་ཉན་རང་བྱང་སེམས། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་བྱ་སྤྱོད་རྣལ་འབྱོར་གསུམ། དབང་བསྒྱུར་ཐབས་ཀྱི་ཐེག་པ་ནང་རྒྱུད་སྡེ་གསུམ་སྟེ་དབང་བསྐུར་གྱི་དབྱེ་བས་གནས་སྐབས་དང་མཐར་ཐུག་གི་དྲང་ངེས་སུ་བཞག་པས་ཤེས་ལ། འོ་ན་རྣམ་གྲངས་ལྔ་པོ་དེ་ལས་གཞན་དུ་དབྱེ་མི་རུང་བའི་ཆོས་ཅན་ནམ་ཞེ་ན། མ་ཡིན་ཏེ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག །ཐེག་པ་བཞི་ཡི་ངེས་འབྱུང་ལས། ཞེས་སྡེ་སྣོད་གསུམ་དང་རིག་པ་འཛིན་པ་སྟེ་བཞིར་དབྱེ་བའི་ཚུལ་བྱེ་བྲག་ཕྱེད་པར་བསྟན་ཅིང་། གཞན་དུ་ཡང་གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། ཐེག་པའི་རྣམ་པ་བཅུ་དྲུག་མགོན། །ཞེས་སོར་བཞག་ལྷ་མིའི་ཐེག་པ་གཉིས། །རྟག་ཆད་མུ་སྟེགས་ཀྱི་ཐེག་པ་གཉིས། །ཕྱོགས་རྟོགས་ཉན་ཐོས་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ། །ཇི་བཞིན་དུ་ཡང་དག་པར་མ་རྟོགས་པ་སེམས་ཙམ་པ་དང་། ཐལ་རང་གཉིས་ཏེ་གསུམ། འདུལ་བ། དགོངས་པ། གསང་བ། རང་བཞིན་གསང་བའི་དོན་རྒྱུད་སྡེ་བཞིའི་མ་དྲུག །འོད་གསལ་


JKT005_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྙིང་པོའི་ཐེག་པ་དང་བཅུ་དྲུག་ཏུའང་དབྱེ་སྟེ། རྡོར་སེམས་སྒྱུ་དྲྭ་ལས་ཀྱང་། མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་དང་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་ནའང་གོང་དུ་བསྟན་པ་ཐམས་ཅད་ཀྱི་ནང་དུ་དོན་གྱིས་འདུ་བས་ན་རྣམ་གྲངས་ཙམ་སྟེ། གཞན་དུ་ནི་སྔ་མ་ལས། ཡང་དག་རྟོག་པས་རབ་བརྟགས་ནས། །རང་བཞིན་མེད་པར་ཅི་ཡང་འགྲུབ། །ཞེས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཆེན་པོ་དེ་ཉིད་མངོན་དུ་བྱ་བའི་ཐབས་ཚུལ། ལམ་བགྲོད་དུ་ཡོད་པ་དང་། མེད་པ་དང་། གཅིག་ཅར་བ་དང་། རིམ་གྱིས་པ་དང་། ཐབས་མེད་པ་དང་། ཐབས་ཀྱིས་ཟིན་པ་སོགས་ཀྱི་ལམ་ཐམས་ཅད་ལ་རྟོག་པས་བརྟགས་ན་དབྱེ་བ་གཞན་ཡང་འགྲུབ་པའི་ཕྱིར་རོ། །འོ་ན་རྣམ་གྲངས་ཀྱི་འདོད་ཚུལ་དེ་ཐམས་ཅད་ཐ་དད་ཅིང་མི་མཚུངས་པས་ན་སྐྱོན་དུ་འགྱུར་བར་ཐལ་ཞེ་ན། མ་ཡིན་ཏེ། སྔར་སྨོས་པ་ལྟར་དེ་བཞིན་གཤེགས་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་ཁམས་དབང་བསམ་པའི་རིམ་པ་ཇི་བཞིན་དུ་མཁྱེན་པས། དེ་ཉིད་འདུལ་བའི་ཐབས་ཀྱང་དེ་སྙེད་དུ་སྟོན་པ་ནི་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་བླ་ན་མེད་པ་སྟེ། རྒྱུད་བླ་མ་ལས། སངས་རྒྱས་


JKT005_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་གི་བརྗོད་བྱའི་དོན་ནི་མ་རྟོགས་པ་དང་ལོག་རྟོག་དག་གི་འདོད་ཚུལ་སུན་འབྱིན་པ་དང་བཅས་པ་ནི་གོང་དུ་བསྟན་ཟིན་ལ། གཞན་དུ་ཡང་དག་པའི་ལམ་འཁོར་དང་བཅས་པ་ནི་འཆད་འགྱུར་ལས་ཤེས་སོ། །གཉིས་པ་ལ་ཡང་གསུམ་སྟེ། ངོ་བོ། ངེས་ཚིག །དབྱེ་བསྡུའོ། དང་པོ་ནི། ཉོན་མོངས་པ་སྤངས་པས་སྲིད་པ་ལས་ངེས་བར་འབྱིན་པ་དང་། རྣམ་པར་དག་པའི་ལམ་ཚུལ་བཞིན་དུ་རྟོགས་པས་ཐར་པའི་གོ་འཕང་ལ་སྦྱོར་བར་བྱེད་པའོ། །གཉིས་པ་ནི། བི་ཀོཊ་ཞེས་འབྲུའི་ཕུང་པོ་གཞལ་བའི་བྲེ་བོ་ཆེ་སོགས་ལ་འཇུག་པས་ན་སྡེ་སྣོད་དེ། །དུག་གསུམ་གྱི་གཉེན་པོ་མཐའ་དག་འདུས་པའི་ཕྱིར་རོ། །ཡང་ན་སུ་བྷ་ཥིཏ་ཞེས་ཕྱིན་ཅི་མ་ལོག་པས་ན་ལེགས་པར་གསུངས་པ་སྟེ་ཐོག་མཐའ་བར་གསུམ་དུ་དགེ་ཞིང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྦྱོར་བས་ན་དོན་བཟང་པོ། །དེ་ལ་ལོག་པར་རྟོག་པའི་དགག་སྒྲུབ་ཀྱི་ཡུལ་ལས་འདས་པའི་ཕྱིར་ཚིག་འབྲུ་བཟང་པོ། །དབང་པོའི་རིམ་པའི་འཇུག་སྒོ་དང་འདུལ་བའི་ཐབས་ཚུལ་མ་འདྲེས་པར་སྟོན་པས་དམན་འབྲིང་མཆོག་གི་རེ་བ་སྐོང་


JKT005_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐབས་ཚུལ་ཐམས་ཅད་ཚང་ལ་མ་ནོར་བར་སྟོན་པའི་ཕྱིར་ཡོངས་སུ་རྫོགས་པ། ཉོན་མོངས་པ་བག་ཉལ་ཐམས་ཅད་ཀྱི་གཉེན་པོ་འགྱུར་པའི་ཕྱིར་ནད་མེད་པ། མྱུར་བ་ཉིད་དུ་ཐར་པ་ལ་བཀྲི་ཞིང་། རྟག་ཏུ་འགྲོ་བ་འདུལ་བའི་ཕྱིར་སྟོན་པས་དུས་ཆད་པ་མེད་པ། ཕྱི་རོལ་གྱི་སྡེ་པས་བརྟགས་པའི་གཞུང་ལྟར་སྲིད་པའི་རྒྱུ་འབྲས་འཕེལ་བར་བྱེད་པ་ལས་ལྡོག་པས། ཞུགས་པ་ཙམ་ནས་ཐར་བ་དེའི་འབྲས་བུ་སྦྱིན་པའི་ཕྱིར་འདི་མཐོང་བ་ལ་དོན་ཡོད་པ། སྡུག་བསྔལ་གྱི་རྒྱ་མཚོ་ལས་ངེས་པར་འབྱུང་བའི་ཕྱིར་ཉེ་བར་གཏོད་པ། རྟོག་གེ་པ་རྣམས་ཀྱིས་བརྟག་ཏུ་མི་ནུས་ཤིང་། བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ཅན་གྱི་མཁས་པ་དག་གི་ངོ་སྐལ་དུ་གྱུར་པས་སོ་སོ་རང་གིས་རིག་པར་བྱ་བ་སྟེ། དེ་ལྟ་བུའི་ངེས་ཚིག་དང་ལྡན་པའོ། །གསུམ་པ་ནི། བརྒྱད་སྟོང་འགྲེལ་པར། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླིང་གཞི་དང་། །རྟོག་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པ་སྟེ། །གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་དབྱེ་བ་ཉིད། བསྡུ་ན་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དུ་འདུ་སྟེ། དེ་སྐད་དུ་ཡང་ལུང་ཕྲན་ཚེག་ལས། །མདོ་ཡི་སྡེ་དང་དབྱངས་སུ་བསྙད་པའི་སྡེ། །ལུང་བསྟན་ཚིགས་སུ་བཅད་པའི་སྡེ་དང་ནི། །ཆེད་དུ་བརྗོད་པ་ལྔ་ནི་མདོ་


JKT005_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྡེར་བསྡུས། །གླིང་གཞིའི་སྡེ་དང་རྟོག་པ་བརྗོད་པ་དང་། །ད་ལྟར་བྱུང་པའི་སྡེ་ཞེས་བྱ་བ་དང་། །སྐྱེས་པ་རབས་དང་བཞི་ནི་འདུལ་བར་བསྡུས། །ཤིན་ཏུ་རྒྱས་དང་རྨད་དུ་བྱུང་བ་དང་། །གཏན་ལ་དབབ་པ་གསུམ་ནི་མངོན་པར་བསྡུས། །ཞེས་སོ། །དེ་ལ་ཡང་བརྗོད་བྱའི་སྒོ་ནས་བསླབ་པ་གསུམ་དང་། རྗོད་བྱེད་ཀྱི་སྒོ་ནས་སྡེ་སྣོད་གསུམ་དུ་གནས་པ་སྟེ། དང་པོ་ནི། དབུ་མ་བཤེས་པའི་སྤྲིང་ཡིག་ལས། །ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་དང་། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བགྱི། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་གཅིག་ཀྱང་། །གསུམ་པོ་འདི་ནང་ཡང་དག་འདུ་བར་འགྱུར། ཞེས་འདུལ་བའི་སྡེ་སྣོད་ཀྱི་བརྗོད་བྱའི་གཙོ་བོ་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པ་སྟེ། ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་ལས། ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་སོ། །དེ་བཞིན་དུ་མདོ་སྡེའི་སྡེ་སྣོད་ཀྱིས་ལྷག་པ་སེམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་སྟེ། སྔ་མ་ལས། གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨྲ་ཕྱིར་མདོ་ཡིན་ནོ། །ཞེས་སོ། །མངོན་པའི་སྡེ་སྣོད་ཀྱིས་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་སྟེ། དེ་ཉིད་ལས། མངོན་དུའི་ཕྱིར་དང་ཡང་ཡང་དང་། །ཟིལ་གནོན་རྟོགས་ཕྱིར་མངོན་


JKT005_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས། །ཞེས་སོ། །གཉིས་པ་ནི། འདི་ལྟར་བདག་ཅག་གི་སྟོན་མཆོག་རྫོགས་པའི་སངས་རྒྱས་དོན་ཀུན་གྲུབ་པ་དེ་ཉིད་རྡོ་རྗེ་གདན་གྱི་སྤོ་ལ་བྱང་ཆུབ་ཀྱི་སྙིང་པོ་མངོན་དུ་མཛད་ནས་རིང་པོར་མ་ལོན་པ་ན། ཡུལ་ཝཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་འཁོར་ལྔ་སྡེ་བཟང་པོས་མཚོན་ཉན་ཐོས་ཀྱི་འདུས་པ་མཐའ་དག་ལ་བཀའ་དང་པོ་བདེན་པ་བཞིའི་ངེས་འབྱེད་འདུལ་བའི་སྡེ་སྣོད་དཔག་ཏུ་མེད་པ་བསྟན་པ་སྟེ། དེ་ཡང་ལུང་སྡེ་བཞི་ལ་སོགས་པ་རྣམས་སོ། །གནས་བྱ་རྒོད་ཕུང་པོའི་རི་ལ་ཚངས་པ་ལ་སོགས་ཏེ་ཐེག་པ་ཆེན་པོའི་རིགས་ཅན་ཤ་སྟག་ལ་བཀའ་བར་པ་རྣམ་ཐར་སྒོ་གསུམ་གྱི་དོན་སྟོན་པའི་མཚན་ཉིད་མེད་པའི་ཆོས་འཁོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་ཏེ་མདོ་སྡེའི་སྡེ་སྣོད་བསམ་གྱིས་གྱིས་ཁྱབ་པ་གསུངས། གནས་གཅིག་ཏུ་མ་ངེས་པར་འཁོར་གདུལ་བྱ་སྣ་ཚོགས་པའི་རིགས་ཅན་རྣམས་ལ། ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་གཏན་ལ་ཕབ་སྟེ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གཞལ་དུ་མེད་པ་བསྟན་པ་དེ་དག་ནང་གསེས་སུ་དབྱེ་ན་དགུ་སྟེ། དང་པོ་འདུལ་བ་ལ། འདུལ་བའི་འདུལ་བ་བཅས་དང་རང་བཞིན་གྱི་རྣམ་གཞག་རིགས་པ་གཏན་ལ་དབབ་པ། འདུལ་བའི་མདོ་སྡེ་ཏིང་འཛིན་དང་ཚངས་སྤྱོད་ཀྱི་རིམ་པ་དབང་དུ་བྱ་བའི་རྣལ་འབྱོར། འདུལ་བའི་


JKT005_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པ་དེ་རྣམས་ཀྱི་ངེས་པར་འབྱེད་པ་རྒྱས་པར་བསྟན་པ་རྣམས་སོ། །གཉིས་པ་མདོ་སྡེ་ལ། མདོ་སྡེའི་འདུལ་བ་བྱང་སེམས་ཀྱི་བསླབ་བྱའི་རྣམ་གཞག །མདོ་སྡེའི་མདོ་སྡེ་ཏིང་ངེ་འཛིན་སྒྲུབ་པ་ཟབ་ཅིང་རྒྱ་ཆེ་བ། མདོ་སྡེའི་མངོན་པས་ལམ་གཟུངས་དང་ཏིང་འཛིན་སོགས་ཀྱི་རྣམ་གཞག་ཕྲ་བར་སྟོན་པ་རྣམས་སོ། །གསུམ་པ་མངོན་པ་ལ། མངོན་པའི་འདུལ་བ་ཚེགས་ཆུང་ངུའི་ཐབས་ཀྱིས་བཟུང་བས་ཉོན་མོངས་པ་གདུལ་བའི་རིམ་པ། མངོན་པའི་མདོ་སྡེ་དེ་ཁོ་ན་ཉིད་ཟབ་མོའི་དོན་ལ་རྩེ་གཅིག་ཏུ་འཇུག་པའི་དོན་ལ་སྟོན་པ། མངོན་པའི་མངོན་པ་ཡོངས་གྲུབ་བདེ་གཤེགས་སྙིང་པོའི་གནས་ལུགས་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་སོགས་ཟབ་ཅིང་རྒྱ་ཆེ་བར་སྟོན་པ་གང་ཡིན་པའོ། །དེ་ཡང་མདོར་བསྡུ་ན་སྤང་བྱ་གསུམ། བསླབ་བྱ་གསུམ། ཤེས་པར་བྱ་བ་གསུམ་སྟེ། དང་པོ་ནི། ངལ་ཞིང་དུབ་པ་དང་། འདོད་པ་བསོད་ནམས་ཀྱི་མཐའ་གཉིས་པོ་སྤང་བའི་ཕྱིར་འདུལ་བའི་སྡེ་སྣོད་བཞག་ལ། དེ་བཞིན་དུ་རྩ་བའི་ཉོན་མོངས་དང་ཐེ་ཚོམ་གྱི་གཉེན་པོར་མངོན་པའི་སྡེ་སྣོད་དུ་བསྟན་ནོ། །གཉིས་པ། དབྱིག་གཉེན་གྱིས། མདོ་སྡེས་ནི་བསླབ་པ་གསུམ་ཀ་བཤད་དོ། །འདུལ་བས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པས་སེམས་བསྒྲུབ་པ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་མེད་པ་སོགས་རིམ་གྱིས་ཏིང་ངེ་འཛིན་


JKT005_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་ཡིན་ནོ། །ཆོས་མངོན་པས་ནི་ལྷག་པའི་ཤེས་རབ་བསྒྲུབ་པ་ཡིན་ཏེ། དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་རོ། །ཞེས་གསུངས་ཤིང་། གསུམ་པ་ཡང་། དེ་ཉིད་ཀྱིས། མདོ་སྡེས་ནི་ཆོས་དང་དོན་བཤད་དོ། །འདུལ་བས་ནི་ཆོས་དང་དོན་སྒྲུབ་པ་སྟེ། །ཉོན་མོངས་པ་འདུལ་བ་ལ་རབ་ཏུ་བརྩོན་པས་དེ་གཉིས་རྟོགས་པའི་ཕྱིར་རོ། །ཆོས་མངོན་པས་ནི་འབེལ་བའི་གཏམ་རྣམ་པར་དབབ་པ་ལ་མཁས་པ་ཞེས་བྱའོ། །ཞེས་གསུངས་པས་རྟོགས་པར་ནུས་སོ། །གསུམ་པ་བྱེ་བྲག་ཏུ་ཐེག་པའི་རྣམ་པར་དབྱེ་བ་ལ། སྔར་སྨོས་པ་ལྟར་སྤྱིར་གྲངས་ཀྱི་དབྱེ་བསྡུ་བསམ་གྱིས་མི་ཁྱབ་མོད་ཀྱི། འདིར་རེ་ཞིག་སྔ་འགྱུར་རྫོགས་པ་ཆེན་པོའི་དགོངས་པའི་རྗེས་སུ་འབྲངས་ཏེ་ཐེག་པ་རིམ་པ་དགུར་དབྱེ་བ་ཉིད་ཅུང་ཟད་གཏན་ལ་དབབ་ན་བཀོད་པ་ཆེན་པོ་ལས། ཆུང་ངུ་གསུམ་ལ་བསྟན་པ་ནི། མཚན་མར་འཛིན་ལ་ཉན་ཐོས་ཏེ། །འདུ་བྱེད་ཅན་ལ་རང་རྒྱལ་ཉིད། །རྟོག་འཇུག་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་གསུམ་ལ་བསྟན་པ་ནི། །སེམས་ཡས་པ་ལ་བསྐྱེད་རིམ་སྟེ། །སེམས་བཅུད་ཅན་ལ་རྫོགས་རིམ་ཉིད། །མཆོག་གསང་རང་ལ་རྫོགས་པ་ཆེ། །ཞེས་གསུངས་པ་ལྟར། དང་པོ་ཉན་ཐོས་ཀྱི་ཐེག་པ་ལ་།


JKT005_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུའོ། །དང་པོ་ལ་ཡང་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ་གཉིས་ལས། དང་པོ་ནི། ཆོས་ཐམས་ཅད་ཟག་བཅས་ཟག་མེད་གཉིས་ཀྱིས་ཁྱབ་པར་འདོད་དེ། འདི་ལྟར་ཕུང་པོ་ལྔས་བསྡུས་པའི་ཉེར་ལེན་ཐམས་ཅད་ནི་ཟག་བཅས་ཡིན་ཏེ་འཇིག་ཚོགས་ལ་ལྟ་བའི་ཚོགས་ཀྱང་དེ་ལས་བྱུང་བའི་ཕྱིར་རོ། །ལམ་བདེན་ནི་འདུས་བྱས་ཡིན་ཀྱང་ཟག་བཅས་མ་ཡིན་ཏེ། སྤང་བྱ་རྣམས་སྤོང་བར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལས། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་སོ། །གཞན་དུ་རེག་ཐོགས་མེད་པའི་ནམ་མཁའ་དང་། །ཉོན་མོངས་པ་སོ་སོར་གཉེན་པོས་བརྟགས་ཤིང་བྲལ་བའི་ཚེ་སླར་ཡང་མི་སྐྱེ་བས་ནི་སོ་སོར་བརྟགས་འགོག །འགོག་པའི་སྙོམས་འཇུག་ཏུ་འཇུག་པའི་ཚེ་མི་སྐྱེ་བའི་ཆོས་རང་བཞིན་དུ་བྲལ་བ་དེ་ལ་སོ་སོར་བརྟགས་མིན་འགོག་ཏུ་འདོད་པ་གསུམ་པོ་ཟག་མེད་དུ་འདོད་དོ། །དེ་ཡང་བྱེ་སྨྲ་རྣམས་ཤེས་བྱ་ཐམས་ཅད་གཞི་ལྔར་འདུས་པར་ཡང་བཞེད་དེ། །མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་མིག་ལ་སོགས་པ་དབང་པོ་ལྔ་དང་། དེའི་ཡུལ་གཟུགས་སོགས་དོན་ལྔ་སྟེ་བཅུ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་བཅུ་གཅིག་པོ་ལ་སྣང་


JKT005_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཟུགས་ཀྱི་གཞི་ཞེས་འདོད་པ་ནི་འབྲས་བུའི་གཟུགས་ཡིན་ལ། འབྱུང་བ་དག་ནི་ས་ཁམས་དང་། །ཆུ་དང་མེ་དང་རླུང་ཁམས་དང་། ཞེས་པ་བཞི་པོ་ནི་རྩོམ་གཞི་སྟེ་རྒྱུ་ཡི་གཟུགས་སུ་དབྱེ་བས་བཅོ་ལྔར་འགྱུར་ལ། དེ་ལ་ཡང་རྣམ་པར་རིག་བྱེད་ཀྱི་གཟུགས་ནི། ཕྱི་རོལ་གྱི་འབྱུང་བ་བཞི་དང་། ཁ་དོག་དྲི་རོ་རེག་བྱའི་རྡུལ་ཏེ་བརྒྱད་ལས་ནང་དུ་ལུས་ཀྱི་དབང་པོ་བརྒྱད་དང་། དེ་ཉིད་ཀྱི་རྡུལ་ཏེ་དགུ། མིག་ སོགས་དབང་པོ་སོ་སོའི་རྡུལ་དང་བཅུའོ། །རྣམ་པར་རིག་བྱེད་མ་ཡིན་པ་ལ་དབྱེ་ན། སྔ་མ་ལས། རྣམ་རིག་མིན་རྣམ་གསུམ་ཞེས་བརྗོད། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་དགེ་བ་རྒྱུན་ཆགས་སུ་འབྱུང་བ་སྡོམ་པ། །མི་དགེ་བ་རྒྱུན་ཆགས་སུ་འབྱུང་བ་སྡོམ་མིན། དེ་གཉིས་ཁས་བླངས་ཀྱང་དོན་ལ་གཡེལ་བ་བར་མའི་རིག་མིན་གྱི་གཟུགས་སོ། །མིག །རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་རྣམ་ཤེས་ཏེ་དྲུག་པོ་ཉིད་ཕུང་པོ་བཞི་པོ་སྐྱེས་པའི་ལུང་མ་བསྟན་གྱི་གནས་སྐབས་ཏེ། དེ་ལ་རྟེན་དང་བརྟེན་པ་དམིགས་ཡུལ་བཅས་འབྲེལ་བ་དེ་ལས་སྐྱེ་མཆེད་བསྐྱེད་དེ། །དེ་དག་གཙོ་བོ་སེམས་ཀྱི་གཞི་ཞེས་བྱའོ། །འདུ་བྱེད་ཀྱི་ཕུང་པོ་བཞི་བཅུ་རྩ་དགུའི་སྟེང་དུ་ཚོར་བ་འདུ་ཤེས་གཉིས་ཀྱང་བསྣན་པས་ལྔ་བཅུ་རྩ་གཅིག་འབྱུང་བ་གང་ཡིན་པ་ནི། འཁོར་སེམས་བྱུང་གི་གཞི་སྟེ། ཇི་སྐད་དུ། ཚོར་བ་འདུ་ཤེས་སེམས་པ་དང་། །འདུན་དང་


JKT005_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང་། །ཏིང་ངེ་འཛིན་སེམས་ཐམས་ཅད་པའོ། །ཞེས་སེམས་ཀྱི་ས་པ་བཅུ། །དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང་། །ཞེས་དགེ་བའི་ས་པ་བཅུ། །རྨོངས་དང་བག་མེད་ལེ་ལོ་དང་། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་། །ཞེས་ཉོན་མོངས་པའི་ས་པ་དྲུག ། མི་དགེ་ལ་ནི་ཁྲེལ་མེད་དང་། །ངོ་ཚ་མེད་པའོ། །ཞེས་མི་དགེ་བའི་ས་པ་གཉིས། ཁྲོ་དང་། ཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་འཚིག་པ་སེར་སྣ་དང་། །སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་ཞྭ མོངས་ཆུང་ངུའི་ས་པ་རྣམས། །ཞེས་ཉོན་མོངས་ཆུང་ངུའི་ས་པ་བཅུ་སྟེ་སུམ་ཅུ་རྩ་བརྒྱད་དང་། དེ་སྟེང་དབྱིག་བཤེས་ཀྱིས། རྟོག་དང་དཔྱོད་དང་འགྱོད་པ་དང་། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང་། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། ཅེས་ངེས་པ་མིན་པ་བརྒྱད་དེ་བཞི་བཅུ་རྩ་དྲུག་པོ་ནི་མཛོད་རྗེས་འབྲངས་དང་བཅས་པས་བཞེད་ལ། གཞན་དུ་དེ་སྟེང་། གཏི་མུག་མེད་པར་ལྟ་བ་ཤེས་བཞིན་མ་ཡིན་པ་རྣམ་གཡེང་བརྗེད་ངས་ཏེ་ལྔ་པོ་བསྣན་པ་སྟེ། འོན་ཀྱང་དབྱེ་བསྡུའི་ཁྱད་པར་ཙམ་མོ། །ཐོབ་དང་མ་ཐོབ་སྐལ་མཉམ་འདུ་ཤེས་མེད། འདུ་ཤེས་མེད་དང་འགོག་པའི། སྙོམས་འཇུག་རྣམ་


JKT005_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྲོག་དང་མཚན་ཉིད་བཞི། སྐྱེ་རྒ་ན་འཆི། །མིང་ཚིག་ཡི་གེ་རྣམ་པ་བཅུ་བཞིའོ། །ཞེས་པ་ནི་ལྡན་མིན་འདུ་བྱེད་བཞིའོ། །གོང་དུ་སྨོས་པའི་ཟག་མེད་འདོད་པ་ནམ་མཁའ་སོགས་གསུམ་པོ་ནི་འདུས་མ་བྱས་ཀྱི་གཞི་སྟེ་ལྔའོ། །དེ་ཡང་སོ་སོ་ནས་རྫས་སུ་གྲུབ་པར་འདོད་ཅིང་བདེན་གྲུབ་ཆ་རེ་ཡང་ཡོད་པར་འདོད་པ་དང་། རགས་པ་རྒྱུན་གྱི་དངོས་པོ་བདེན་མེད་དུ་འདོད་ལ། ཡུལ་དང་དབང་ཤེས་བདེན་པར་གྲུབ་པས་རྣམ་ཤེས་སྐྱེ་ཞིང་། གཟུགས་སོགས་མིག་གིས་དངོས་སུ་མཐོང་བར་འདོད་དེ་འདི་དག་ནི་བྱེ་བྲག་བཤད་མཛོད་ཆེན་མོའི་རྗེས་སུ་འབྲང་བ་སྟེ། དེ་ལ་ཡང་ནང་གསེས་བཟང་ངན་དབྱེ་རུ་ཅུང་ཟད་ཡོད་དོ། །འདི་ལྟར་འཇིག་ཚོགས་ལ་ལྟ་བའི་ཕྱི་རོལ་པ་རིམ་གྱིས་དྲང་པའི་སླད་དུ་ཡུལ་དང་དབང་ཤེས་སོགས་བདེན་གྲུབ་ཏུ་སྟོན་པ་ནི་གྲུབ་མཐའ་ཤིན་ཏུ་རགས་པའི་རྣམ་གཞག་དེ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་སོགས་ནི་འདུས་བྱས་སྐད་ཅིག་གིས་མི་རྟག་པ་དང་། གང་ཟག་གི་བདག་ཀྱང་བློས་བཏགས་ཙམ་ལས་རྫས་སུ་མི་འདོད་པས་ཕྱི་མ་འདི་སྔ་མ་ལས་བཟང་བར་འདོད་དོ། །གཞན་ཡང་གྲུབ་མཐའ་འདི་ཡི་བདེན་གཉིས་ཀྱི་འདོད་ཚུལ་ནི། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞལ། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་གཞན་ཡིན་ནོ། །ཞེས་གང་བཅོམ་དུ་རུང་བའི་མཚན་ཉིད་ཅན་རྫས་


JKT005_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་ལྟ་བུ་དང་། གཟུགས་སོགས་ཡན་ལག་གི་ཆོས་བློའི་ཤེས་རབ་ཀྱིས་སོ་སོར་ཕྱེ་ན། དེ་དེའི་བློ་མི་འཇུག་པ་བུམ་ཆུ་ལྟ་བུ་སྟེ། དེ་ཉིད་གློ་བུར་གྱི་ཐ་སྙད་དུ་གཉིས་ཀ་ཡོད་པར་ཁས་བླངས་ཀྱང་ཡོད་པའི་ཕྱིར་བདེན་པར་འགྱུར་བ་ལྟ་བུ་ནི་ཀུན་རྫོབ། བཅོམ་པ་དང་ཡན་ལག་ཐ་དད་དུ་དབྱེ་ཞིང་གཞིག་པ་དང་བསལ་བར་མི་ནུས་པ། ཕྲ་རབ་ཀྱི་རྡུལ་དང་། ཆ་མེད་ཀྱི་ཤེས་པ། ནམ་མཁའ་ལ་སོགས་པ་བཞིན་དུ་རང་དབང་དུ་སྐྱེད་པར་བྱེད་པ་ནི་དོན་དམ་བདེན་པའི་མཚན་ཉིད་དུ་གནས་པར་བཞེད་དོ། །གཉིས་པ་ནི། དེ་ཡང་བསྟན་བཅོས་ལ་གཙོ་བོར་བྱེད་པ་མི་རིགས་ཏེ། དེ་ལ་འཁྲུལ་པའང་ཡོད་ཅིང་། གསུང་པ་པོ་སངས་རྒྱས་ལ་གུས་པ་ལྷོད་པར་འགྱུར་བ་དང་། བསྟན་བཅོས་ཉིད་ཀྱང་མདོ་སྡེ་ལ་བརྟེན་པའི་ཕྱིར་དང་། འདུས་མ་བྱས་པའི་ཆོས་ཐམས་ཅད་རྫས་སུ་མེད་དེ་རྐྱེན་གྱིས་མ་བསྐྱེད་པའི་ཕྱིར་ཞེས་པ་མི་ལ་སོགས་པས་སྔ་མའི་ལོག་རྟོག་བཀག་ནས། རང་ལུགས་ཐེག་པ་ཆུང་ངུའི་མདོ་སྡེ་རྣམས་དང་བསྟུན་ཏེ། དེ་ཡང་ཕལ་ཆེར་བྱེ་སྨྲའི་ཕྱོགས་དང་མཐུན་ཏེ་རྫས་སུ་ཡོད་པར་འདོད་མོད་ཀྱི། འོན་ཀྱང་གཟུགས་དང་སེམས་དང་སེམས་བྱུང་གསུམ་རྫས་སུ་འདོད་ཀྱང་། མི་ལྡན་པའི་འདུ་བྱེད་དང་འདུས་མ་བྱས་ཀྱི་གཞི་ནི་རྫས་སུ་མི་འདོད་ལ། གཞན་ཡང་གཟུགས་རགས་རྒྱུན་ཡང་། ཤེས་པའི་རྒྱུན་བདེན་མེད་ཡིན།


JKT005_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རིག་མིན་གྱི་གཟུགས་དང་དུས་གསུམ་བཏགས་ཡོད་ཙམ་དུ་འདོད་ཅིང་། མིག་གིས་གཟུགས་སོགས་མི་མཐོང་ལ། མིག་ཤེས་ཀྱིས་གཟུགས་མཐོང་ཡང་མིག་ཤེས་ཉིད་ལ་གཟུགས་ཀྱི་རྣམ་པར་ཤར་བ་དེ་དང་འདྲ་བར་ཉམས་སུ་མྱོང་བ་ལ་མཐོང་ཞེས་འཇོག་པ་ལས་དངོས་སུ་མི་མཐོང་བ་མིན་པར་འདོད་པ་སོགས་ཀྱིས་ཁྱད་པར་དུ་ཕྱེ་བ་ཡིན་ནོ། །གཉིས་པ་ནི། དེ་ལྟར་འདོད་པ་གཉིས་ཀའི་ལམ་སྒོམ་པ་ནི་བདེན་བཞི་རྣམ་པ་བཅུ་དྲུག་ཏུ་ཕྱེ་བ་གང་ཡིན་པ་སྟེ། དེ་ཡང་བདེན་པ་བཞི་ནི། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་བདེན་ཏེ། དེ་ཡང་སྔ་མ་ལ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་སྡུག་བསྔལ། ཆོས་རྣམས་སྟོང་པ། མྱང་འདས་ཞི་བ་སྟེ་བཞིར་དབྱེ་ལ། དེ་བཞིན་དུ་གཉིས་པ་ལ་ཡང་། ཐམས་ཅད་ཀྱི་ས་བོན་ཡིན་ཕྱིར་རྒྱུ། དེ་ལས་འབྱུང་བའི་ཚུལ་གྱིས་འོང་བས་ཀུན་འབྱུང་། འབྲེལ་པའི་ཚུལ་གྱིས་རབ་ཏུ་སྐྱེ་བ། མངོན་པར་འགྲུབ་པའི་དོན་གྱིས་རྐྱེན། གསུམ་པ་ལ། ཕུང་པོ་ཞིག་པའི་ཕྱིར་འགོག་པ། དུག་གསུམ་ཞི་བའི་ཕྱིར་ཞི་བ། འཚེ་བ་མེད་པའི་ཕྱིར་གྱ་ནོམ་པ། སྐྱོན་ཐམས་ཅད་ལས་འདས་ཕྱིར་ངེས་འབྱུང་དང་། བཞི་པ་ལ་ཡང་། བགྲོད་བྱའི་ཕྱིར་ལམ། དེ་ཉིད་འཐད་པ་དང་ལྡན་ཕྱིར་རིགས་པ། ཡང་དག་པར་སྒྲུབ་པའི་ཕྱིར་སྒྲུབ་པ། ཤིན་ཏུ་ཡང་དག་པར་འདའ་བར་བྱེད་པའི་ཕྱིར་ངེས་པར་འབྱིན་


JKT005_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་བཅུ་དྲུག་པོ་དེ་ཉིད་བསྒོམ་ཞིང་། ཉོན་མོངས་པ་ཅན་དང་། །ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གཉིས་སྤང་བྱར་བསྟན་པ་སྟེ། མཛོད་ལས། བདེན་པ་དག་ནི་བཞིར་བཤད་དོ། །སྡུག་བསྔལ་དེ་བཞིན་ཀུན་འབྱུང་དང་། །འགོག་དང་ལམ་སྟེ་དེ་ལྟར་ན། །དེ་དག་ཇི་ལྟར་མངོན་རྟོགས་རིམ། །ཞེས་པ་ལ་སོགས་པས་སྟོན་པ་བཞིན་ནོ། །གསུམ་པ་ནི། རང་ཉིད་ཞི་བདེའི་བསམ་པས་སོ་ཐར་རིགས་བདུན་གང་རུང་བླངས་ཏེ། ཉེས་སྤྱོད་ཀྱི་ཚོགས་ཐམས་ཅད་སྤང་ཞིང་། དེ་དང་མཐུན་པའི་ཚུལ་ཁྲིམས་ལེགས་པར་སྤྱད་པས་ཏིང་ངེ་འཛིན་ལས་རུང་དུ་བསྒྲུབ་པ་སྟེ། དེ་ཡང་། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་ཚུལ་ཅན་ནོ། །བཞི་པ་ནི། ཚོགས་ལམ་ལ་སོགས་པའི་ཉན་ཐོས་རང་སའི་ལམ་ལྔ་འདོད་ཅིང་། རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་སྟེ་བཞི་པོ་ཉིད་ལ། ཞུགས་པ་དང་། གནས་པ་གཉིས་སུ་ཕྱེ་བས་གང་ཟག་ཟུང་བཞིའམ། ཡ་བརྒྱད་དུ་འདོད་ལ། དེ་ཡང་བདེན་བཞི་བཅུ་དྲུག་ཏུ་ཕྱེ་ནས་བསྒོམས་པའི་མཐུས་གང་ཟག་གི་བདག་མེད་མངོན་དུ་རྟོགས་ཤིང་། སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ཉོན་མོངས་པ་བག་ཆགས་དང་བཅས་པ་ཡོངས་སུ་བཅོམ་པས་དགྲ་བཅོམ་པ་ཐོབ་པར་བཞེད་


JKT005_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །གཉིས་པ་རང་རྒྱལ་གྱི་ཐེག་པ་ལ་ཡང་བཞི་སྟེ། །དང་པོ་ལྟ་བ་ནི། ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་རྟོགས་པར་ཁས་བླངས་ཀྱང་། གཟུང་བའི་ཡུལ་རྡུལ་ཕྲན་ཆ་མེད་དོན་དམ་དུ་འདོད་པ་གང་ཞིག་ལམ་འདིས་ཕྱི་རོལ་གྱི་དོན་ཀྱང་བདེན་མེད་དུ་རྟོགས་པས། །ལྟ་བ་སྔ་མའི་སྟེང་དུ་བདག་མེད་ཕྱེད་ཙམ་རྟོགས་པས་ཁྱད་པར་དུ་འཕགས་པ་སྟེ། འོན་ཀྱང་འཛིན་པ་སེམས་ཀྱི་རང་བཞིན་བདེན་མེད་དུ་མ་རྟོགས་པས་ན་བདག་མེད་ཕྱེད་དང་གཉིས་རྟོགས་སུ་བཞེད་པ་སྟེ། །རྒྱན་ལས། གཟུང་དོན་རྟོག་པ་སྤངས་ཕྱིར་དང་། །འཛིན་པ་མ་སྤངས་ཕྱིར་དུ་ན། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་སོ། །ལམ་སྒོམ་པ་ནི། བདེན་བཞི་རྣམ་པ་བཅུ་དྲུག་གི་སྟེང་དུ། །རྟེན་འབྲེལ་ཟབ་མོའི་ལམ་བསྣན་ནས་ཉམས་སུ་ལེན་པ་སྟེ། དེ་ཡང་འདི་ལྟར་འཁོར་བའི་འཁོར་ལོ་རྒྱུན་མི་ཆད་པར་འཁྱམས་པའི་རྩ་བ་ནི་རང་གིས་རང་ཉིད་མ་རིག་པའི་རྒྱུ་ཁོ་ན་ལས་བྱུང་སྟེ། དེ་ལ་བརྟེན་ནས་འདུ་བྱེད། འདུ་ཤེས། མིང་དང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་ཀུན་རིམ་པར་སྔ་མ་ལ་བརྟེན་ཏེ་ཕྱི་མ་བྱུང་ཞིང་། །ཕན་ཚུན་རྒྱུན་ཆགས་སུ་འབྲེལ་པར་གནས་པ་ཉིད་རྟེན་འབྲེལ་ལུགས་འབྱུང་ཞེས་བྱ་སྟེ། དེ་ཉིད་ཀྱི་རྩ་བ་མ་རིག་པ་ནི་གང་ཟག་གི་བདག་མེད་


JKT005_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པས་བཅོམ་པས་རིམ་པར་འབྲེལ་བ་ཅན་ཕྱི་མ་རྣམས་ཀྱང་འགགས་པ་ནི་ལུགས་ལྡོག་འཕགས་པའི་བདེན་པ་ཞེས་བྱའོ། །དེ་ལ་ཡང་ཕྱི་ནང་གི་རྟེན་ཅིང་འབྲེལ་འབྱུང་གཉིས་དང་། སྤྱོད་པ་འདི་། ཉན་ཐོས་དང་ཆ་འདྲ་སྟེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་པ་བསྲུངས་ཤིང་རང་ཉིད་གཅིག་པུ་བྱང་ཆུབ་ཀྱི་གོ་འཕང་དོན་དུ་གཉེར་བ་སྟེ། དེ་ཡང་བསེ་རུ་ལྟ་བུར་གཅིག་པུར་གནས་པ། ནེ་ཙོ་ལྟར་ཚོགས་ན་སྤྱོད་པ་གཉིས་སུ་ཡོད་དོ། །འབྲས་བུ་ནི་སྔ་མ་བསྐལ་ཆེན་བརྒྱ་དང་། ཕྱི་མ་ནི་མྱུར་ན་མི་ཚེ་གསུམ་གྱིས་ཀྱང་རང་རྒྱལ་དགྲ་བཅོམ་ཐོབ་པར་འདོད་དེ། མཛོད་ལས། མྱུར་བ་སྲིད་པ་གསུམ་གྱི་མཐར། །བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་སོ། །དེ་ཡང་སྦྱོར་ལམ་དྲོད་ནས་མི་སློབ་པའི་ལམ་གྱི་བར་སྟན་ཐོག་གཅིག་ཏུ་བསྒྲུབས་ཏེ་ནམ་ཞིག་རང་འབྲས་མངོན་དུ་བརྙེས་པའི་ཚེ་ཡང་ལུས་ཀྱི་རྣམ་རིག་ཙམ་གྱིས་ཆོས་སྟོན་པ་ལས་འགྲོ་དོན་གཞན་མི་འབྱུང་བར་བཞེད་དོ། །དེ་ལྟར་གཉིས་ཀ་ཡང་ཐེག་དམན་གྱི་སྡེ་སྣོད་གསུམ་ལ་བརྟེན་ནས་བསྒོམས་པས་དབང་པོ་རྣོ་རྟུལ་གྱི་ཁྱད་ཙམ་ལས་བྱུང་བའོ། །ཉན་རང་གཉིས་པོས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་མི་འདོད་ཅིང་། མི་མཇེད་ཀྱི་ཞིང་ལས་གཞན་པའི་སྟུག་པོ་བཀོད་པ་སོགས་ལོངས་སྐུའི་གནས། རྟེན་དང་བརྟེན་པར་བཅས་པ་ཁས་མི་ལེན་ལ། ཤཱཀྱ་ཐུབ་པའི་སྐུ་ནི་


JKT005_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དངོས། ཐུགས་ནི་ཆོས་ཀྱི་སྐུ་ཡིན་པ་དང་། སོ་སོ་སྐྱེ་བོ་རང་རྒྱུད་ཀྱི་འཆིང་བ་ཅན་ཞིག་ཚོགས་བསགས་ནས་འཇིག་རྟེན་འདིར་འཚང་རྒྱ་བ་ལས་གཞན་དུ་མ་ཡིན་པ་སོགས་འདོད་ཚུལ་མང་ལ་དེ་སྟོན་པར་བྱེད་པའི་བསྟན་བཅོས་ནི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ལ་སོགས་པ་རྣམས་སོ། །གསུམ་པ་བྱང་སེམས་ཀྱི་ཐེག་པ་ནི། སྔ་མ་ལས་ཁྱད་པར་འཕགས་ཚུལ་དང་། འདོད་པ་དངོས་བསྟན་པའོ། །དང་པོ་སྤྱིར་གཞན་དོན་ལ་དམིགས་པ། ཐབས་ཤེས་ཟུང་འབྲེལ་དུ་སྒྲུབ་པ། བདག་མེད་གཉིས་ཀྱིས་སྟོང་པར་རྟོགས་པའི་ཡེ་ཤེས་ལྡན་པ། བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པར་བྱང་ཆུབ་ཀྱི་སྤྱོད་པ་ལ་སྦྱོར་བའི་བརྩོན་འགྲུས་རྩོམ་པ་ཆེ་བའི་བཤད་པ། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པས་དོན་གཉིས་བདེ་བླག་ཏུ་སྒྲུབ་པའི་ཐབས་ལ་མཁས་པ། སྟོབས་དང་མི་འཇིགས་པ་དང་མ་འདྲེས་པའི་ཆོས་ལ་སོགས་པ་ཁྱད་པར་ཅན་གྱི་ཡོན་ཏན་ཡང་དག་པར་གྲུབ་པ། ཡང་དང་ཡང་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་མངོན་དུ་གཟིགས་པ་སོགས་མ་འགགས་པའི་མཛད་པ་མཐའ་ཀླས་པས་སངས་རྒྱས་ཀྱི་ཕྲིན་ལས་བདག་གིར་བཞེས་པ་སྟེ། ཆེན་པོ་བདུན་གྱིས་ཁྱད་པར་དུ་འཕགས་པའི་ཚུལ་ཀྱང་། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་ཉིད་དག་དང་། །ཡེ་ཤེས་བརྩོན་འགྲུས་


previousཤོག་ལྷེབ་ ༦༩ ནས་ ༡༠༠ བར།next