Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
  collapse section
   
   
   
རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་རྣམ་པར་བཤད་པ་ཉུང་ངུའི་ངག
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་རྣམ་པར་བཤད་པ་ཉུང་ངུའི་ངག next

རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་རྣམ་པར་བཤད་པ་ཉུང་ངུའི་ངག


JKT005_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་རྣམ་པར་བཤད་པ་ཉུང་ངུའི་ངག་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་ཞེས་བྱ་བའི་དོན་རྣམ་པར་བཤད་པ་ལ་ལྔ། མཛད་པ་པོ། བསྟན་བཅོས་ཀྱི་མཚན། འགྱུར་གྱི་ཕྱག །གཞུང་དོན་དངོས། མཇུག་གི་དོན་བཤད་པའོ། །དང་པོ་ནི། འདིར་མཁས་པ་ཁ་ཅིག །སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པར་བཞེད། གཞན་དག་སྔོན་འཕགས་ཡུལ་དུ་པཎྜི་ཏ་ལྔ་བརྒྱས་འཇམ་དཔལ་ལ་བསྟོད་པ་མཛད་པར་བགྲོས་ཏེ། དེ་ལྟར་ཞུགས་པས་འཇམ་


JKT005_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དབྱངས་ཀྱི་བྱིན་རླབས་ཀྱིས་པཎྜི་ཏ་ཀུན་གྱིས་མཛད་པའི་བསྟོད་པ་ཐམས་ཅད་གཅིག་ཁོ་ནར་གྱུར་པས། འཇམ་དཔལ་གྱི་བྱིན་རླབས་ལས་བྱུང་བར་ཡིད་ཆེས་ཤིང་། བསྟོད་པའི་མཚན་ལའང་མཁན་པོའི་མཚན་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་པ་ཉིད་བཏགས་ཞེས་འདོད། གང་ལྟར་མཛད་པ་པོ་ནི་ཡིད་ཆེས་པའི་གནས་སོ། །གཉིས་པ་ནི། བསྟན་བཅོས་འདིའི་མཚན་ལ། རྒྱ་གར་འཕགས་པའི་ཡུལ་ན་ལེགས་པར་སྦྱར་བ་ལྷ་ཡི་སྐད་དུ། ཤྲཱི་ཛྙཱ་ན་གུ་ཎ་ཕ་ལ་ནཱ་མ་སཱུ་ཏི། ཞེས་འབྱུང་། དེ་ཉིད་བོད་སྐད་དུ། དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ། ཞེས་སོ། །གསུམ་པ་ནི། བཅོམ་ལྡན་འདས་དཔལ་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། ལོ་ཙཱ་བས་འགྱུར་མཛད་པའི་སྔ་ལོགས་སུ་དགོས་པ་ཁྱད་པར་ཅན་གྱི་སླད་དུ་ཕྱག་མཛད་པའོ། །བཞི་པ་ལ་གཉིས། བསྟོད་པ་དངོས་དང་། ཕན་ཡོན་ནོ། །དང་པོ་ལ་གསུམ། ཐུགས། གསུང་། སྐུ་ལ་བསྟོད་པའོ། །དང་པོ་ལ་གཉིས། མཁྱེན་པའི་སྒོ་ནས་བསྟོད་པ་དང་། བརྩེ་བའི་སྒོ་ནས་བསྟོད་པའོ། །དང་པོ་ནི། རྒྱལ་ཀུན་ཡབ་གྱུར་འཇམ་དཔལ་གཞོན་ནུ་གང་གི་མཁྱེན་པའི་བློ་གྲོས་ནི། སྤང་བྱ་འདོད་ཆགས་ལ་སོགས་ཀྱི་རྩ་བ་ཉོན་མོངས་པ་དང་། གཉིས་སྣང་འཁྲུལ་པའི་རྩ་བ་ཤེས་བྱའི་སྒྲིབ་པ་གཉིས་ཀྱི་མུན་པ་མཐའ་དག་


JKT005_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ནས་བཅོམ་པའོ། །ཚུལ་ཇི་ལྟར་ན་དེ་ཡང་ཡོད་དེ། དཔེར་ན་རྡུལ་དང་སྤྲིན་སོགས་ཀྱི་སྒྲིབ་བྱེད་དང་བྲལ་བའི་ཉི་མ་ལྟར་ཉིད་ཀྱི་མཁྱེན་པ་དེའང་ཆོས་ཀུན་གཟིགས་པ་ལ་སྒྲིབ་བྱེད་འཁྲུལ་པའི་དྲི་མ་དེ་དག་ཤིན་ཏུ་རྣམ་པར་དག་ཅིང་ཤེས་བྱ་མཐའ་དག་ལ་འཇུག་པའི་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་གསལ་བས་སོ། །ཡེ་ཤེས་དེས་ཡུལ་ཇི་ལྟར་གཟིགས་པའི་ཚུལ་ཡང་ཡོད་དེ། གཟུགས་ནས་རྣམ་མཁྱེན་བར་གྱི་ཀུན་བྱང་གིས་བསྡུས་པའི་ཆོས་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱི་ངོ་བོ་དང་ཁྱད་པར་གྱི་དོན་ཕྲ་ཞིང་ཕྲ་བ་ཀུན་ཀྱང་ཇི་ལྟ་བ་བཞིན་སྒྲིབ་མེད་མངོན་སུམ་དུ་གཟིགས་པ་དེའི་ཕྱིར་རོ། །ཉིད་ཀྱི་ཐུགས་ཀར་རྒྱལ་སྲས་རྣམས་ཀྱི་ཟབ་རྒྱས་ལམ་རིམ་ཐམས་ཅད་རྫོགས་པར་སྟོན་པའི་ཤེར་ཕྱིན་གྱི་གླེགས་བམ་འཛིན་པའི་རྒྱུ་མཚན་ཡང་ཡོད་དེ། གོང་དུ་བཤད་པ་ལྟར་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་གཟིགས་པའི་མཁྱེན་པ་དེ་ལྟ་བུ་མངའོ་ཞེས་མཚོན་པར་བྱ་བའི་ཆེད་དུའོ། །གཉིས་པ་ནི། གཏན་པ་དེ་དང་བྲལ་བའི་སེམས་ཅན་གང་དག་སྲིད་པའི་རྩེ་ནས་མནར་མེད་བར་གྱི་འཁོར་བའི་བཙོན་རར་ཆུད་ཅིང་། དེའི་ནང་དུའང་བདག་དང་བདག་གིར་འཛིན་པའི་མ་རིག་པའི་མུན་ནག་སྟུག་པོར་སྒོ་གསུམ་ཀུན་ནས་འཐུམས་ལ། དེ་ལ་བརྟེན་ནས་སྡུག་བསྔལ་གསུམ་གྱིས་གཟིར་བའི་འགྲོ་བ་མ་ལུས་པའི་ཚོགས་ཀུན་ལ་ཤིན་ཏུ་བརྩེ་བའི་སྙིང་རྗེ་


JKT005_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་ཕྱིར། དཔེ་ཇི་ལྟར་ན་དེ་ཡང་ཡོད་དེ། འདི་ན་བུ་གཅིག་ཁོ་ན་ལས་མེད་པའི་མ་དེས་རང་གི་བུ་ལ་སྙིང་བརྩེ་བ་དེ་ལྟར་འཇམ་པའི་དབྱངས་ཉིད་ཀྱིས་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པ་ལས་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་བརྩེ་བ་དང་ལྡན་པའི་ཕྱིར། གཉིས་པ་ནི། ཇི་སྐད་བཤད་པའི་བརྩེ་བ་ཆེན་པོ་དེས་ཀུན་ནས་དྲངས་ཏེ་ཉིད་ཀྱིས་ཇི་ལྟར་གཟིགས་ཤིང་བརྙེས་པའི་གོ་འཕང་མཆོག་ལ་འགྲོ་བ་ཐམས་ཅད་འགོད་པའི་ཆེད་དུ། བླང་དོར་གྱི་གནས་ཀུན་གསལ་བར་སྟོན་པའི་གསུང་གཅིག་ཉིད་ལའང་ཡན་ལག་དྲུག་ཅུ་ཚང་བའི་དབྱངས་དང་ལྡན་པའི་གསུང་ངོ་། །དེའི་བྱེད་ལས་ཇི་ལྟ་བུ་ཞེ་ན། ཡོད་དེ། དཔེར་ན་ནམ་མཁའི་དབྱིངས་སུ་འབྲུག་གི་རང་སྒྲ་ཤིན་ཏུ་ཆེ་བར་སྒྲོག་ཅིང་སྒྲ་དེས་སེམས་ཅན་གཞན་གཉིད་ལས་སད་པར་བྱེད་པ་ལྟར། སྔར་སྨོས་པའི་ཁྱད་པར་དེ་ལྡན་གྱི་གསུང་གིས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གདུལ་བྱའི་རྣ་བར་ལེགས་པར་ཆེས་ཆེར་སྒྲོག་པར་མཛད་པས། འགྲོ་ཀུན་ཉོན་མོངས་པའི་གཉིད་མཐུག་པོ་ལས་སློང་ཞིང་། འཁོར་བར་འཕེན་པ་དང་། འགྲུབ་པ་དང་། འཆིང་བར་བྱེད་པའི་ཟག་བཅས་ཀྱི་ལས་ཀྱི་ལྕགས་སྒྲོག་དམ་པོ་འགྲོལ་བར་མཛད་ཅིང་། ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་ལ་དབུགས་འབྱིན་པར་མཛད་པའི་ཕྱིར། ཉིད་ཀྱི་གཡས་ན་སངས་


JKT005_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ངོ་བོ་ཤེས་རབ་ཀྱི་རལ་གྲི་བསྣམས་པའི་མཚོན་དོན་ཡང་ཡོད་དེ། གོང་དུ་བཤད་པ་ལྟར་གྱི་མཁྱེན་བརྩེ་དེ་ལ་བརྟེན་ནས་གསུང་གི་ཕྲིན་ལས་དེས་སེམས་ཅན་ཐམས་ཅད་ཀྱི་གནས་ལུགས་མཐོང་བར་བྱེད་པ་ལ་སྒྲིབ་པའི་ང་དང་ང་ཡིར་འཛིན་པའི་མ་རིག་པའི་མུན་པ་ཀུན་སེལ་བར་བྱེད་ཅིང་། མ་རིག་པ་དེས་བསྐྱེད་པའི་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་གྱི་མྱུ་གུ་ཇི་སྙེད་ཡོད་པ་གཅོད་པར་མཛད་པ་ལ་ཐོགས་པ་མེད་པའི་བྱེད་ལས་དང་ལྡན་པའི་ཡེ་ཤེས་ཀྱི་རལ་གྲི་བསྣམས་པ་མཚོན་པའི་ཕྱིར། གསུམ་པ་ནི། ངེས་དོན་དུ་འཇམ་དཔལ་ཁྱོད་ནི་གདོད་ནུས་ཏེ་བསྐལ་པ་གྲངས་མེད་པ་མང་པོའི་སྔོན་རོལ་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ཅིང་རབ་དགའ་ལ་སོགས་པའི་ས་བཅུའི་མཐར་སོན་ནས་སྤངས་རྟོགས་ཀྱི་ཡོན་ཏན་མཐའ་དག་གི་ལུས་ཡོངས་སུ་རྫོགས་པའི་སངས་རྒྱས་དངོས་ཡིན་ཀྱང་། དྲང་དོན་དུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་དྲུང་དུ་རྒྱལ་སྲས་སེམས་དཔའ་ཀུན་གྱི་ཐུ་བོ་སྟེ་གཙོ་བོར་གྱུར་པའི་སྐུའི་རྣམ་པས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་ཚུལ་དུ་བཞུགས་སོ། །གླུ དེ་ཡང་སྔགས་ཕྱོགས་ལྟར་ན་འཇམ་དཔལ་སངས་རྒྱས་ཡིན་པར་ཐེ་ཚོམ་མེད་མོད། མདོ་ལས་ཀྱང་། འཇམ་དཔལ་ཞིང་བཀོད་ཀྱི་མདོ་ལས་སྟོབས་བཅུ་རྫོགས་པ་དང་། དཔའ་བར་འགྲོ་བ་དང་། སོར་མོའི་


JKT005_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བའི་མདོ་གཉིས་ལས་ཀྱང་སངས་རྒྱས་སུ་གསལ་བར་བཤད་པའི་ཕྱིར་རོ། །སྐུ་དེའང་བཅུ་ཕྲུག་དང་བཅུ་གཉིས་ཞེས་མཚན་དཔེ་བརྒྱ་དང་བཅུ་གཉིས་ཀྱི་རྒྱན་གྱིས་མཛེས་པར་སྤྲས་པ་སྟེ། དེ་ལྟར་ན་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པའི་ཡོན་ཏན་ཡོངས་སུ་རྫོགས་ཤིང་ལུས་ཅན་སྤྱི་དང་ཁྱད་པར་དུའང་བདག་གི་བློའི་མུན་པ་ཐམས་ཅད་སེལ་བ་འཇམ་པའི་དབྱངས་ཁྱོད་ལ་སྒོ་གསུམ་གུས་པ་ཆེན་པོས་འདུད་པར་བགྱིའོ། །གཉིས་པ་ལ་གཉིས། དུས་དང་། རྒྱུན་གྱི་ཕན་ཡོན་ནོ། །དང་པོ་ནི། བསྟོད་པའི་རྒྱལ་པོ་འདི་དུས་སུ་སྒྲོག་པའི་ཕན་ཡོན་ཇི་ལྟར་འབྱུང་བའི་ཚུལ་ཡོད་དེ། དད་བརྩོན་དང་ལྡན་པ་གང་དག་གིས་བསྟོད་པ་འདི་ཉིད་གཞན་ཕྱིར་རྫོགས་བྱང་དོན་དུ་གཉེར་བ་ལ་གཡོ་དང་སྒྱུ་མེད་པའི་ལྷག་པའི་བསམ་པ་རྣམ་པར་དག་པས། གཅིག་དང་། བདུན་དང་། ཉི་ཤུ་རྩ་གཅིག་དང་། བརྒྱ་དང་སྟོང་ལ་སོགས་པ་དག་ལོའམ་ཟླ་བ་ལ་སོགས་བའི་བར་དུ་ཉིན་རེ་བཞིན་དུ་སྒྲོགས་པ་དེ་ལ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་སྒྲིབ་པ་དག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འགྱུར་ཏེ། འདི་ལྟར་ལན་རེ་སྒྲོགས་པས་ཡོན་ཏན་སྐྱེ་བའི་གེགས་སུ་གྱུར་པའི་སྒྲིབ་པ་དག་སྟེ་དྲན་པ་ཉེ་བར་བཞག་པ་བཞི་ལ་འཇུག་པ་དང་། ལན་བདུན་གྱིས་ཡོན་ཏན་སྐྱེ་བའི་ཉེར་ལེན་ཐོས་པའི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་འཛིན་ནུས་པ་དང་། ཉེར་གཅིག་


JKT005_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཡོན་ཏན་གྱི་སྣོད་སྤོབས་པ་སྟེ་བློ་གྲོས་ཐོགས་པ་མེད་པ་སྐྱེ་བས་ཡང་དག་སྤོང་བཞིའི་བརྩོན་འགྲུས་རྩོམ་པ་དང་། བརྒྱ་ཕྲག་གི་ཡོན་ཏན་མཐར་ཕྱིན་པར་བྱེད་པ་ཐོས་པ་དང་སྤོབས་པ་སྐྱེས་པ་དེ་དག་ནམ་ཡང་མི་བརྗེད་ཅིང་མི་འགྱུར་བའི་གཟུངས་ཐོབ་པས་རྫུ་འཕྲུལ་རྐང་བཞིའི་ཏིང་འཛིན་སྐྱེ་བ་དང་། སྟོང་གིས་ཡོན་ཏན་གྱི་བྱེད་ལས་ཕྱིར་རྒོལ་བ་ཐམས་ཅད་འཇོམས་ནུས་པའི་ཤེས་རབ་ཀྱི་དབང་པོ་དང་། སོགས་ཁོང་གིས་བསྡུས་པ་སྟོང་ཕྲག་ལས་ལྷག་པ་སོགས་གདོན་པར་ནུས་ན་ཤེས་རབ་ཀྱི་དབང་པོ་དེ་ལ་སླར་ཚུར་རྒོལ་བ་དང་། རྐྱེན་གང་གིས་ཀྱང་འཕྲོག་མི་ནུས་པའི་སྟོབས་དང་། དེས་མཚོན་ཏེ་དད་པ་ལ་སོགས་པའི་དབང་སྟོབས་གཞན་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་ལམ་ཡན་ལག་བརྒྱད་ལ་སོགས་པ་སློབ་པ་དང་། མི་སློབ་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། དེར་མ་ཟད་རྒྱུན་དུ་བསྟོད་པའི་ཕན་ཡོན་ཇི་ལྟར་འབྱུང་བའི་ཚུལ་ཀྱང་ཡོད་དེ། དད་དང་། བརྩོན་འགྲུས་དང་། བྱང་ཆུབ་སེམས་གཉིས་ཀྱིས་རྒྱུད་སྦྱངས་པ་གང་ཞིག་གིས་ཇི་སྲིད་འཚོ་བའི་བར་ཉིན་རེ་བཞིན་དུ་ལན་གསུམ་དུ་བསྟོད་པ་པོ་དེ་ལ་ནི་གོང་དུ་ཇི་སྐད་བཤད་པའི་ཡོན་ཏན་དེ་དག་དང་ལྡན་པས། དོན་དམ་སེམས་བསྐྱེད་ལ་བརྟེན། ཤེས་རབ་སྟོང་ཉིད་བསྒོམས་པས་ཉེར་ལེན་གྱི་


JKT005_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དང་། ཐབས་སྙིང་རྗེ་ཆེན་པོས་ལྷན་ཅིག་བྱེད་རྐྱེན་བྱས་ནས་ལམ་ལྔ་འགྲུབ། ཀུན་རྫོབ་སེམས་བསྐྱེད་ལ་བརྟེན། ཐབས་སྙིང་རྗེས་ཉེར་ལེན་གྱི་རྒྱུ་དང་། ཤེས་རབ་སྟོང་ཉིད་བསྒོམས་པས་ལྷན་ཅིག་བྱེད་རྐྱེན་བྱས་ཏེ་ས་བཅུ་ཐོབ། དེ་ལྟར་ལམ་དང་ས་རིམ་གྱིས་བགྲོད་དེ་གོང་ནས་གོང་དུ་སྤངས་རྟོགས་ཀྱི་ཡོན་ཏན་ཆེས་ཆེར་འཕར་ནས། མྱུར་དུ་ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་ནས། ལམ་མཐར་ཐུག་རང་དོན་ཆོས་སྐུ་མངོན་དུ་འགྱུར། ས་མཐར་ཐུག་གཞན་དོན་གཟུགས་སྐུ་རྣམ་པ་གཉིས་ཀྱིས་འགྲོ་བ་མ་ལུས་པ་སྲིད་འགྲོའི་སྡུག་བསྔལ་ཉམས་པ་རྒྱུ་དང་བཅས་པ་ལས་སྒྲོལ་བའི་ཕྲིན་ལས་ནམ་མཁའ་ཇི་སྲིད་བར་རྒྱུན་མི་འཆད་པའི་དེད་དཔོན་ཆེན་པོར་འགྱུར་བའི་ཕྱིར་རོ། །ལྔ་པ་མཇུག་གི་དོན་ལ་གསུམ། མཛད་བྱང་། བསྒྱུར་བྱང་། ཞར་བྱུང་ལོ་རྒྱུས་ཀྱི་སྒོ་ནས་སྤྲོ་བ་བསྐྱེད་པའོ། །དང་པོ་ནི། ཚོ དཔལ་ཡེ་ཤེས་ཡོན་ཏན་སོགས་དང་། གཉིས་པ་ནི། སྒྱུར་བྱེད་དམ་པ་སོགས་དང་། གསུམ་པ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་སོགས་ཏེ་གོ་སླའོ། །དེ་ལྟར་ན་ཕན་ཡོན་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པ་ད་ལྟའི་བར་དུ་མཐོང་བའི་ཆོས་ལ་འབྱུང་བའི་བསྟོད་པའི་རྒྱལ་པོ་འདི། ཐོག་མར་བརྒྱུད་ལྡན་གྱི་བླ་མ་ལས་རིག་པ་གཏད་པའི་གདམས་ངག་ནོས་ནས་དད་བརྩོན་རྩེ་གཅིག་པས་ཉམས་སུ་ལེན་པ་ལ་
འབད་པར་བྱའོ། །ཞེས་པའང་མཉྫུགྷོ་ཥས་རང་གཞན་གྱི་བརྗེད་བྱང་ཙམ་དུ་བྲིས་པ་སརྦ་ས་ཏཱ་ཧི་ཏོ་བྷ་བ་ཏུ།།


previousརྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་རྣམ་པར་བཤད་པ་ཉུང་ངུའི་ངག next