Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
  collapse section
   
   
   
   
   
རྒྱུད་སྡེ་བཞིའི་རྣམ་པར་བཞག་པ་ལས་བརྩམས་ཏེ་དཔལ་གསང་བ་འདུས་པའི་ལམ་གྱི་རིམ་པའི་དོན་བསྡུས་པ།
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱུད་སྡེ་བཞིའི་རྣམ་པར་བཞག་པ་ལས་བརྩམས་ཏེ་དཔལ་གསང་བ་འདུས་པའི་ལམ་གྱི་རིམ་པའི་དོན་བསྡུས་པ། next

རྒྱུད་སྡེ་བཞིའི་རྣམ་པར་བཞག་པ་ལས་བརྩམས་ཏེ་དཔལ་གསང་བ་འདུས་པའི་ལམ་གྱི་རིམ་པའི་དོན་བསྡུས་པ།


JKT005_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་བཞིའི་རྣམ་པར་བཞག་པ་ལས་བརྩམས་ཏེ་དཔལ་གསང་བ་འདུས་པའི་ལམ་གྱི་རིམ་པའི་དོན་བསྡུས་པ་བཞུགས་སོ། །བླ་མ་དང་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་བ་རྣམས་ཀྱི་བསླབ་པའི་གཞི་སྟོན་པར་བྱེད་པའི་སྡེ་སྣོད་ཆོས་ཅན། ཁྱོད་ལ་དབྱེ་ན་རྣམ་པ་བཞི་ཡོད་དེ། བྱ་བ་དང་། །


JKT005_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་སྡེ་རྣམས་སུ་ཡོད་པའི་ཕྱིར། །དང་པོ་གྲུབ་སྟེ། འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པའི་ཐབས་སྟོང་པ་དང་ལྷའི་རྣལ་འབྱོར་མངོན་དུ་བྱེད་པ་ལ་ཁྲུས་སོགས་ཕྱིའི་བྱ་བ་མང་པོ་ལ་བལྟོས་པའི་གདུལ་བྱ་ལ་དེའི་ཐབས་སྟོན་པ་བྱ་བའི་རྒྱུད་ཀྱི་མཚན་ཉིད། མཚན་གཞི་ནི་དཔུང་བཟང་གིས་ཞུས་པ་ལ་སོགས་པའོ། །གཉིས་པ་གྲུབ་སྟེ། ཕྱིའི་བྱ་བ་ཧ་ཅང་མང་པོ་ལ་མི་བལྟོས་པར་ཕྱིའི་བྱ་བ་དང་། ནང་གི་རྣལ་འབྱོར་ཆ་མཉམ་དུ་སྤྱོད་པའི་གདུལ་བྱ་ལ་དེའི་ཐབས་སྟོན་པ་སྤྱོད་རྒྱུད་ཀྱི་མཚན་ཉིད། མཚན་གཞི་ནི་རྣམ་སྣང་མངོན་བྱང་ལ་སོགས་པའོ། །གསུམ་པ་གྲུབ་སྟེ། ཕྱིའི་བྱ་བ་ལའང་ཅུང་ཟད་བལྟོས་ཤིང་། ནང་གི་རྣལ་འབྱོར་གཙོ་བོར་བྱེད་པའི་གདུལ་བྱ་ལ་དེའི་ཐབས་སྟོན་པ་རྣལ་འབྱོར་གྱི་རྒྱུད་ཀྱི་མཚན་ཉིད། མཚན་གཞི་ནི་དེ་ཁོ་ན་ཉིད་འདུས་པ་ལ་སོགས་པའོ། །བཞི་པ་གྲུབ་སྟེ། ཕྱིའི་བྱ་བ་ལ་ཅུང་ཟད་ཀྱང་བལྟོས་པ་མེད་པར་ནང་གི་རྣལ་འབྱོར་དེ་ལས་བླ་ནའམ་གོང་ན་རྣལ་འབྱོར་གཞན་མེད་པའི་རྣལ་འབྱོར་གཙོ་བོར་བྱེད་པའི་གདུལ་བྱ་ལ་དེའི་ཐབས་སྟོན་པ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཀྱི་མཚན་ཉིད། མཚན་གཞི་ནི་དཔལ་གསང་བ་འདུས་པ་ལ་སོགས་པའོ། །དེ་དག་གི་ལམ་རྣམས་ཀྱང་གང་དུ་འདུ་བའི་ཚུལ་བཞག་ཏུ་ཡོད་དེ། རྒྱུད་སྡེ་འོག་མ་


JKT005_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཆོས་ཅན། ཁྱོད་ལམ་བསྒོམ་པའི་སྣོད་དུ་རུང་བར་བྱ་བ་དང་། སྣོད་དུ་གྱུར་ནས་དམ་ཚིག་དང་སྡོམ་པ་དག་པར་བྱ་བ་དང་། དམ་ཚིག་ལ་གནས་ནས་སྔོན་དུ་བསྙེན་པ་ཇི་ལྟར་བྱ་བ་དང་། བསྙེན་པ་ལས་སུ་རུང་ནས་དངོས་གྲུབ་ཇི་ལྟར་བསྒྲུབ་པ་སྟེ་ཆིངས་བཞི་བཞིར་འདུ་བའི་ཕྱིར། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཆོས་ཅན། ཁྱོད་རྒྱུད་མ་སྨིན་པར་སྨིན་པར་བྱེད་པ་དབང་། སྨིན་པ་མི་ཉམས་པར་སྲུང་བ་དམ་ཚིག་དང་སྡོམ་པ། ཉམས་སུ་བླང་བྱའི་ངོ་བོ་བསྐྱེད་རྫོགས། ལམ་གྱི་ཉེ་རྒྱུ་སྤྱོད་པ་དང་བཞིར་འདུ་པའི་ཕྱིར། རྒྱུད་སྡེ་འོག་མ་ལ་བསྐྱེད་རྫོགས་མཚན་ཉིད་པ་མེད་དེ། སྦྱང་གཞི་སྐྱེ་ཤི་བར་དོ་གསུམ་དང་མཐུན་པའི་ལྷ་བསྐྱེད་པ་དང་། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་ལས་བྱུང་བའི་བདེ་སྟོང་གི་སྦྱོར་བ་མེད་པའི་ཕྱིར། དེ་ལྟ་བུའི་སྔགས་ཀྱི་ཐེག་པ་ཆོས་ཅན། ཁྱོད་ལ་ཐབས་ཀྱི་ཐེག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཕར་ཕྱིན་གྱི་ཐེག་པ་ལས་ཐབས་དུ་མས་ཁྱད་པར་དུ་འཕགས་པའི་ཕྱིར། འབྲས་བུའི་ཐེག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འབྲས་བུའི་གནས་སྐབས་དང་མཐུན་པར་ད་ལྟ་ཉིད་ནས་བསྒོམ་པས་ལམ་བགྲོད་པའི་ཕྱིར། རྡོ་རྗེ་ཐེག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐབས་ཤེས་དབྱེར་མེད་པར་སྦྱོར་བའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལ་གནས་པས་ལམ་བགྲོད་པར་བྱེད་པའི་


JKT005_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཁྱད་པར་དུ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཆོས་ཅན། ཁྱོད་ལ་ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། ཐབས་ལྷན་ཅིག་སྐྱེས་པའི་བདེ་ཆེན་དང་། ཤེས་རབ་སྟོང་ཉིད་རྟོགས་པའི་བློ་ཡི་དབང་དུ་བྱས་ནས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྩལ་དུ་བཏོན་ནས་འཆད་པའི་ཕྱིར། དེ་ལའང་དབྱེ་ན་ཕ་རྒྱུད་དང་། མ་རྒྱུད་གཉིས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ། བདེ་སྟོང་གི་ཡེ་ཤེས་རྩལ་དུ་བཏོན་ནས་འཆད་པར་མ་ཟད། སྟོང་པ་བཞིའི་བཞོན་པའི་རླུང་སྒྱུ་མའི་སྐུ་བསྒྲུབ་ཚུལ་ཀྱང་རྩལ་དུ་བཏོན་ནས་འཆད་པའི་རྒྱུད་དངོས་སམ། དེའི་སྡེར་གཏོགས་པ་ལ་སྔ་མའི་མཚན་ཉིད་མཚན་གཞི་འདུས་པའི་རྒྱུད་ལྟ་བུ་དང་། དོན་དམ་པར་བདེན་པར་རོ་གཅིག་ཏུ་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་རྩལ་དུ་བཏོན་ནས་འཆད་པའི་རྒྱུད་དངོས་སམ། དེའི་སྡེར་གཏོགས་པའང་ཕྱི་མའི་མཚན་ཉིད། མཚན་གཞི་ནི་བདེ་མཆོག་འཁོར་ལོ་ལྟ་བུ་ལ་འཇོག་པའི་ཕྱིར། དེ་ལྟ་བུའི་ཐབས་ཀྱི་རྒྱུད་དེ་ཆོས་ཅན། ཁྱོད་ལ་དབྱེ་ན་རྣམ་པ་གསུམ་དུ་ཡོད་དེ། འདོད་ཆགས་ཅན་གཙོ་བོར་འདུལ་བ་དཔལ་གསང་བ་འདུས་པ། ཞེ་སྡང་ཅན་གཙོ་བོར་འདུལ་བ་གཤིན་རྗེ་གཤེད་སྐོར། གཏི་མུག་ཅན་གཙོ་བོར་འདུལ་བ་རྣམ་སྣང་སྒྱུ་དྲྭ་སོགས་སུ་ཡོད་པའི་ཕྱིར། དེ་ལས་འདིར་རེ་ཞིག་སྔ་མའི་སྐབས་ལས་འཕྲོས་པའི་གཏམ་ཅུང་ཟད་


JKT005_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་ན། རྒྱུད་ཀྱི་ཆེ་བ། སྒྲ་བཤད་པ། དབྱེ་བ་བཤད་པ། རྩ་རྒྱུད་ཀྱི་དོན་བཤད་རྒྱུད་ཀྱིས་མཐའ་དྲུག་ཚུལ་བཞིའི་སྒོ་ནས་གཏན་ལ་དབབ་པ། རྒྱུད་ཀྱི་བརྗོད་བྱ་ལམ་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པ་དང་ལྔ་ལས། དང་པོ་ནི། དཔལ་གསང་བ་འདུས་པའི་རྒྱུད་ཆོས་ཅན། ཁྱོད་རྒྱུད་སྡེ་གཞན་ལས་ཁྱད་པར་དུ་མས་འཕགས་ཏེ། གཤིན་རྗེ་གཤེད་ཀྱི་རྒྱུད་ལས། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དེ་ཆོས་ཅན། ཅིའི་ཕྱིར་གསང་བ་འདུས་པ་ཞེས་པའི་རྒྱུ་མཚན་ཡོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གསུམ་འདིར་འདུས་པས་ན་དེ་སྐད་དུ་བཏགས་ཏེ། མཚན་བརྗོད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཐམས་ཅད་འདིར་འདུས་པས་ན་གསང་བ་འདུས་པ་ཞེས་བརྗོད་དོ། །ཞེས་འབྱུང་བའི་ཕྱིར། གསུམ་པ་ནི། དེ་ཆོས་ཅན། ཁྱོད་ལ་དབྱེ་ན་རྣམ་པ་གསུམ་དུ་ཡོད་དེ། རྩ་བའི་རྒྱུད་ལེའུ་བཅོ་བརྒྱད་པ་དང་། བཤད་པའི་རྒྱུད་དྲུག་དང་། ཆ་མཐུན་གྱི་རྒྱུད་དམར་ནག་འཇིགས་གསུམ་རྣམས་སུ་ཡོད་བའི་ཕྱིར། བཞི་པ་ནི། དེ་ཆོས་ཅན། རྩ་བའི་རྒྱུད་དེ་ཉིད་བཤད་རྒྱུད་ཀྱིས་ཇི་ལྟར་འཆད་པའི་ཚུལ་ཡོད་དེ། བརྗོད་བྱ་ཚུལ་བཞིར་གནས་པ་གང་ཞིག །ཆེད་དུ་བྱ་བ་རྣམ་པ་ལྔ་ལ་གདུལ་བྱ་ལ་


JKT005_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དྲུག་གི་སྒོ་ནས་འཆད་པའི་ཕྱིར། ཚུལ་བཞི་ཡང་བཞག་ཏུ་ཡོད་དེ། སྤྱི་དོན། ཚིག་དོན། སྦས་དོན། མཐར་ཐུག་གི་དོན་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ལམ་ཐུན་མོང་བ་ནས་བསྐྱེད་རིམ་མཐར་ཕྱིན་པའི་བར་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། འབྲུ་རེ་གཉེར་དེའི་སྒོ་ནས་སྟོན་པ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། གཞི་ལམ་ཐམས་ཅད་དུ་ཉོན་མོངས་པ་འདོད་ཆགས་ལ་བརྟེན་ནས་ཁམས་དཀར་དམར་གྱི་འདུ་འཕྲོད་ཀྱིས་ལུས་ཀྱི་རྩ་སྣང་ཐམས་ཅད་གང་བ་ལྟ་བུ་འདོད་ཆགས་ཆོས་སྦས་དང་། གཞི་ལམ་ཐམས་ཅད་ཀྱི་སྣང་མཆེད་ཐོབ་གསུམ་ལ་སྣང་བ་སེམས་སྦས་དང་། རླུང་ལུས་བཞིན་། ལག་གི་རྣམ་པ་ཅན་གྱི་ཡིད་ལུས་ནི་སྒྱུ་ལུས་ཏེ། དེ་ལ་དབྱེ་ན། ལམ་ཞུགས་པའི་གང་ཟག་གི་རྒྱུད་ཀྱི་རྨི་ལམ་གྱི་དུས་དང་བར་དོའི་ལུས་ལྟ་བུ་གཞི་དུས་ཀྱི་སྒྱུ་ལུས། བསྐྱེད་རིམ་དང་རྫོགས་རིམ་པའི་རྒྱུད་ཀྱི་རྨི་ལམ་གྱི་ལུས་དང་བར་དོའི་ལུས་དང་ཕྲ་བའི་སྤྲུལ་སྐུ་དང་། ལོངས་སྐུ་ལྟ་བུ་ལམ་གྱི་སྒྱུ་ལུས། ཕྲ་བའི་སྤྲུལ་སྐུ་དང་ལོངས་སྐུ་ལྟ་བུ་འབྲས་དུས་ཀྱི་སྒྱུ་ལུས་གསུམ་ནི་ཀུན་རྫོབ་སྒྱུ་སྦས་རྣམས་སུ་ཡོད་པའི་ཕྱིར། བཞི་པ་གྲུབ་སྟེ། འོད་གསལ་དང་ཟུང་འཇུག་གཉིས་ཡིན་པའི་ཕྱིར། སྔ་མ་ཡོད་དེ། ཡུལ་དེ་བཞིན་ཉིད་མངོན་དུ་གྱུར་པའི་འོད་གསལ་ཁམས་བདེ་གཤེགས་སྙིང་པོ་ལྟ་བུ་དང་། ཡུལ་ཅན་ཤེས་པར་གྱུར་པའི་


JKT005_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་རྟགས་ཅན་གྱི་ཡེ་ཤེས་བརྒྱད་པ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ལྟ་བུ་གཉིས་སམ། རྫོགས་རིམ་པ་སོ་སྐྱེའི་རྒྱུད་ཀྱི་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ལྷན་སྐྱེས་ཡེ་ཤེས་ལྟ་བུ་དཔེ་དང་། །སྔགས་བླ་མེད་ཀྱི་འཕགས་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་རྟོགས་པའི་ཡེ་ཤེས་བདེ་ཆེན་གྱི་ཡེ་ཤེས་ལྟ་བུ་དོན་གྱི་འོད་གསལ་གཉིས། ཕྱི་མ་ལའང་རིམ་པ་བཞི་པ་དོན་གྱི་འོད་གསལ། རིམ་པ་ལྔ་པ་སློབ་པའི་ཟུང་འཇུག་རྒྱུད་ཀྱི་དོན་གྱི་འོད་གསལ། མི་སློབ་པའི་ཟུང་འཇུག་གི་དོན་གྱི་འོད་གསལ་དང་གསུམ། གཉིས་པ་ཡོད་དེ། སློབ་པའི་ཟུང་འཇུག་པའི་རྒྱུད་ཀྱི་རྫོགས་རིམ་སློབ་པའི་ཟུང་འཇུག་དང་། འདུས་བྱས་སུ་གྱུར་པའི་སངས་རྒྱས་ཀྱི་སྐུ་མི་སློབ་པའི་ཟུང་འཇུག་གཉིས་སུ་ཡོད་པའི་ཕྱིར། གང་ཟག་ལྔའང་བཞག་ཏུ་ཡོད་དེ། རིན་པོ་ཆེ་དང་། པདྨ་དང་། པད་དཀར་དང་། ཙནྡན་དང་། ཨུཏྤལ་ལྟ་བུའི་གང་ཟག་ལྔ་ཡོད་ཅིང་། སྔ་མ་སློབ་བཤད་དང་། ཕྱི་མ་བཞི་ཚོགས་བཤད་ཀྱི་སྣོད་ཡིན་པའི་ཕྱིར་མཐའ་དྲུག་ཀྱང་བཞག་ཏུ་ཡོད་དེ། ངེས་དོན་དང་དྲང་དོན་གཉིས། སྒྲ་བཞིན་མ་ཡིན་པ་དང་། ཇི་བཞིན་མ་ཡིན་པ་གཉིས། དགོངས་པ་ཅན་དང་དགོངས་པ་ཅན་མ་ཡིན་པ་རྣམས་ལས། ངེས་དོན་སྒྲ་ཇི་བཞིན་དགོངས་མིན་ཏེ་གསུམ་པོ་སློབ་མ་དང་། ལྷག་མ་ཚོགས་པ་ལ་བཤད་པར་བྱ་བ་ཡིན་པའི་ཕྱིར་རོ། །ལྔ་པ་ནི། དེ་ཆོས་ཅན།


JKT005_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་བརྗོད་བྱ་ལམ་རྒྱུད་ན་ཇི་ལྟར་སྐྱེ་བའི་རིམ་པ་བཞག་ཏུ་ཡོད་དེ། སངས་རྒྱས་ཀྱིས་ན་བཞུགས་ཚུལ་ཕུན་སུམ་ཚོགས་པ་ལྔ་སྟེ། སྐུ་ཕུན་སུམ་ཚོགས་པ་མཚན་དཔེས་སྤྲས་པའི་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པ། ཡོན་ཏན་ཕུན་སུམ་ཚོགས་པ་སྤངས་རྟོགས་མཐར་ཕྱིན་པའི་གོ་འཕང་བརྙེས་པ། འཁོར་ཕུན་སུམ་ཚོགས་པ་རང་རྒྱུད་ཀྱིས་བསྡུས་པ། གནས་ཕུན་སུམ་ཚོགས་པ་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་། རིགས་འདྲ་ཕུན་སུམ་ཚོགས་པ་སྐུ་དང་ཐུགས་གཉིས་ཀྱི་རིགས་འདྲ་རྒྱུན་མི་འཆད་པ་རྣམས་སུ་ཡོད་པའི་ཕྱིར། ཕུན་སུམ་ཚོགས་པ་ལྔ་པོ་དེའི་སྔོན་དུ་རིམ་པ་ལྔ་པ་སློབ་པའི་ཟུང་འཇུག་འགྲོ་དགོས་ཏེ། རིམ་པ་ལྔ་པ་སློབ་པའི་དབང་ཕྱུག་གི་གནས་སྐབས་སུ་ཕུན་སུམ་ཚོགས་པ་ལྔ་པོ་དེའི་རིགས་འདྲ་མཚན་ཉིད་པ་ཡོད་པའི་ཕྱིར། རིམ་པ་ལྔ་པ་སློབ་པའི་ཟུང་འཇུག་གི་སྔོན་དུ་རིམ་པ་བཞི་པ་དོན་གྱི་བ ༣ འོད་གསལ་འགྲོ་དགོས་ཏེ། དོན་གྱི་འོད་གསལ་སྐད་ཅིག་མ་ཐ་མས་ཉེར་ལེན་བྱས། དེའི་བཞོན་པར་གྱུར་པའི་རླུང་གིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་རིམ་པ་ལྔ་པ་སློབ་པའི་ཟུང་འཇུག་གི་རྒྱུད་ཀྱི་དོན་གྱི་འོད་གསལ་འབྱུང་བའི་ཕྱིར། རིམ་པ་བཞི་པ་དོན་གྱི་འོད་གསལ་གྱི་སྔོན་དུ་རིམ་པ་གསུམ་པ་མ་དག་པའི་སྒྱུ་ལུས་འགྲོ་དགོས་ཏེ། མ་དག་པའི་སྒྱུ་ལུས་དེ་རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་


JKT005_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་འོད་གསལ་དུ་བཅུག་པ་ལ་བརྟེན་ནས་རིམ་པ་བཞི་པ་དོན་གྱི་འོད་གསལ་འབྱུང་བའི་ཕྱིར། དེའི་སྔོན་དུ་རིམ་པ་གཉིས་པའི་སེམས་དབེན་འགྲོ་དགོས་ཏེ། སེམས་དབེན་གྱི་གནས་སྐབས་སུ་གཞི་དུས་ཀྱི་འཆི་རིམ་དང་མཐུན་པར་རླུང་རྣམས་དབུ་མར་ཞུགས་གནས་ཐིམ་གསུམ་ཁྱད་པར་བ་བྱས་པ་ལ་བརྟེན་ནས་མ་དག་པའི་སྒྱུ་ལུས་སྔར་གྱི་ཕུང་པོ་རྙིང་པ་ལས་ལོགས་སུ་འབྱེད་ཐུབ་པ་གཅིག་འབྱུང་བའི་ཕྱིར། དེའི་སྔོན་དུ་རིམ་པ་དང་པོ་ངག་དབེན་འགྲོ་དགོས་ཏེ། ངག་དབེན་གྱི་སྐབས་སུ་ལུས་ཀྱི་རྩ་མདུད་ཐམས་ཅད་གྲོལ་ནས་སེམས་དབེན་ཐོབ་པ་དེ་འབྱུང་བའི་ཕྱིར། དེའི་སྔོན་དུ་རྫོགས་རིམ་ལུས་དབེན་འགྲོ་དགོས་ཏེ། ལུས་དབེན་གྱི་སྐབས་སུ་རྡོ་རྗེ་ནོར་བུའི་རྩ་མདུད་ལྷག་མ་མ་ལུས་པ་གྲོལ། རྩ་མདུད་གཞན་རྣམས་ཤིག་སྟེ་སོང་བ་ལ་བརྟེན་ནས་ངག་དབེན་ཐོབ་པ་དེ་འབྱུང་བའི་ཕྱིར། དེའི་སྔོན་དུ་མི་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་འགྲོ་དགོས་ཏེ། བསྐྱེད་རིམ་མཐར་མ་ཕྱིན་པར་རྫོགས་རིམ་གྱི་རྟོགས་པ་མི་སྐྱེ་བའི་ཕྱིར་དེའི་སྔོན་དུ་སྔགས་བླ་མེད་ཀྱི་དབང་འགྲོ་དགོས་ཏེ། དབང་མ་ཐོབ་ན་བསྐྱེད་རིམ་བསྒོམ་པ་ལ་མི་དབང་བའི་ཕྱིར། དེའི་སྔོན་དུ་སྔགས་ཀྱི་སྡོམ་པ་འགྲོ་དགོས་ཏེ། སྡོམ་པ་མ་ཐོབ་ན་དབང་བསྐུར་ཀྱང་སྐུར་བ་པོ་ལ་ཉེས་དམིགས་འབྱུང་ཞིང་བསྐུར་བའི་དབང་གིས་གོ་མི་ཆོད་པའི་ཕྱིར། དེའི་


JKT005_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་བྱང་སེམས་ཀྱི་སྡོམ་པ་དང་། སྟོང་ཉིད་ལྟ་བ་གཉིས་ཚོགས་འགྲོ་དགོས་ཏེ། དེ་མ་ཐོབ་ན་བླ་མེད་ལྟ་ཞོག །རྒྱུད་སྡེ་འོག་མ་གསུམ་ལའང་འཇུག་ཏུ་མི་རུང་བའི་ཕྱིར། དེའི་སྔོན་དུ་སྐྱེས་བུ་ཆེན་པོའི་བློ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འགྲོ་དགོས་ཏེ། དེ་མ་ཐོབ་ན་རྡོ་རྗེ་ཐེག་པ་ལྟ་ཞོག །ཕར་ཕྱིན་ཐེག་པར་ཡང་འཇུག་ཏུ་མི་རུང་བའི་ཕྱིར། དེའི་སྔོན་དུ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་བསམ་པ་སྔོན་དུ་འགྲོ་དགོས་ཏེ། འབྲིང་དང་ཐུན་མོང་བའི་ལམ་པས་འཁོར་བ་མཐའ་དག་ལ་ངེས་འབྱུང་བཅོས་མིན་དུ་མ་སྐྱེས་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མི་སྐྱེ་བའི་ཕྱིར། དེའི་སྔོན་དུ་ཆུང་ངུ་དང་ཐུན་མོང་བའི་བསམ་པ་འགྲོ་དགོས་ཏེ། ཆུང་ངུ་དང་ཐུན་མོང་བའི་བསམ་པ་ངན་སོང་གསུམ་ལ་ངེས་འབྱུང་བཅོས་མིན་མ་སྐྱེས་པར་འབྲིང་དང་ཐུན་མོང་བའི་བསམ་པ་མི་སྐྱེ་བའི་ཕྱིར། དེ་རྣམས་སྔ་མ་སྔ་མ་ལ་བལྟོས་ནས་ཕྱི་མ་ཕྱི་མ་རྣམས་སྐྱེ་བ་དགེ་བའི་བཤེས་གཉེན་ལ་བསྟེན་ཚུལ་ཚུལ་བཞིན་དུ་བྱེད་པ་ལ་རགས་ལས་པ་ཡིན་ཏེ། བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར་རོ། །མདོར་ན་རིམ་པ་ལྔའི་གོ་རིམ་ནི། ལུས་ངག་གི་དབེན་པ་གཉིས་སྔོན་དུ་འགྲོ་བས་སེམས་དབེན་གྱི་མཐའ་དག་མ་དག་པའི་སྒྱུ་ལུས་འགྲུབ་ཅིང་། སྒྱུ་ལུས་དེ་དོན་གྱི་འོད་གསལ་དུ་དག་ནས། དེ་ལས་ལྡང་བ་ན་སློབ་པའི་ཟུང་འཇུག་གི་སྐུར་


JKT005_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པར་འགྱུར་ལ། རྟེན་དེ་ལ་སྤྱོད་པ་གསུམ་གང་རུང་གོམས་པར་བྱས་ནས་མི་སློབ་པའི་ཟུང་འཇུག་འགྲུབ་པ་དང་འཚང་རྒྱ་བ་དུས་མཉམ་མོ། །དེ་ཉིད་ལས་ལམ་གྱི་རྣམ་པར་བཞག་ཚུལ་ཡོད་དེ། དོད་ཐུབ་དང་ངོ་བོའི་སྒོ་ནས་སྦྱོར་ཚུལ་ལོ། །དང་པོ་ཡོད་དེ། སྤྱོད་བསྡུས་སོགས་ཀྱི་དགོངས་པ་ལྟར། ཚོགས་ཞིང་ནས་བསྐྱེད་རིམ་མཐར་ཕྱིན་པའི་བར་རྣམས་ཚོགས་སྦྱོར་གཉིས་དང་མ་དག་ས་བདུན་ལ་སྦྱོར་ཞིང་། བསྐྱེད་རིམ་མཐར་ཕྱིན་པ་ས་བརྒྱད་པའི་སྟོད་དང་། ངག་དབེན་བརྒྱད་པའི་སྨད་དང་དགུ་པའི་སྟོད། སེམས་དབེན་པ་དགུ་པའི་སྨད་དང་བཅུ་པ། སྒྱུ་ལུས་བཅུ་གཅིག་པ། འོད་གསལ་བཅུ་གཉིས་པར་འདོག་ཅིང་། དེ་ཉིད་མོས་སྤྱོད་ནས་བགྲངས་པའི་བཅུ་གསུམ་པ་དང་། ཟུང་འཇུག་ནི་བཅུ་བཞི་པར་འཇོག་པ་དང་། མངོན་བརྗོད་བླ་མའི་དགོངས་པ་ལྟར། སྒྱུ་ལུས། འོད་གསལ། སློབ་པའི་ཟུང་འཇུག་གསུམ་ཀ་ས་བཅུ་པ་དང་། མི་སློབ་པའི་ཟུང་འཇུག་བཅུ་གཅིག་ཀུན་ཏུ་འོད་ལ་འཇོག་པར་བཤད་པ་སོགས་ཅུང་ཟད་མི་འདྲ་བ་ཡོད་པའི་ཕྱིར། ཕྱི་མ་གྲུབ་སྟེ། ལམ་ཐུན་མོང་བ་ནས་བཟུང་སྟེ་བསྒོམས་སྟོབས་ཀྱི་རླུང་དྷུ་ཏིར་བཙུད་པ་ཐིམ་པས་སྟོང་པ་དངོས་སུ་འདྲེན་མི་ནུས་པ་དེ་སྲིད་དུ་ཚོགས་ལམ་དང་། དེ་ནུས་པ་ནས་བདེ་བས་དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་པའི་སྒྱུ་ལུས་ཚུན་ཆད་སྦྱོར་ལམ་
དང་། དོན་གྱི་འོད་གསལ་ནས་ཟུང་འཇུག་མ་ཐོབ་བར་མཐོང་ལམ་ས་རབ་ཏུ་དགའ་བ་དང་། སློབ་པའི་ཟུང་འཇུག་ནས་མི་སློབ་པའི་ཟུང་འཇུག་མ་ཐོབ་བར་སྒོམ་ལམ་ས་དགུ་པ་དང་། མི་སློབ་པའི་ཟུང་འཇུག་སངས་རྒྱས་ཀྱི་སར་སྦྱོར་བའི་ཕྱིར་རོ། །དེ་ལྟ་བུའི་བླ་ན་མེད་པའི་རྒྱུད་ཆོས་ཅན། ཁྱོད་ཉམས་སུ་བླངས་པས་ཚེ་གཅིག་གིས་སངས་རྒྱས་པར་འགྱུར་བའི་རྒྱུ་མཚན་ཡོད་དེ། རིམ་པ་གསུམ་པའི་སྒྱུ་ལུས་དེས་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་གསོག་པའི་དོད་ཐུབ་ཏུ་འགྱུར་བ་དང་། ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཙམ་ཉིད་ནས་ཉོན་སྒྲིབ་དངོས་སུ་སྤོང་ནུས་ཤིང་། ཤེས་སྒྲིབ་ཀྱང་མྱུར་དུ་སྤོང་ནུས་པའི་ཕྱིར། ཕར་ཕྱིན་གྱི་ཐེག་པའི་ས་བཅུ་པ་དེས་སྔར་སྟོང་ཉིད་མངོན་སུམ་དུ་རྟོགས་ཀྱང་། ལྷན་སྐྱེས་ཀྱི་བདེ་བས་སྔར་སྟོང་ཉིད་མངོན་སུམ་དུ་མ་རྟོགས་པས། ས་བཅུའི་མཐར་རིམ་པ་བཞི་པའི་དོན་གྱི་འོད་གསལ་ནས་ཞུགས་ཏེ་འཚང་རྒྱ་བར་བཤད། ཅེས་པའང་ཉེར་མཁོའི་ལེའུ་ཚན་ནོ།།


previousརྒྱུད་སྡེ་བཞིའི་རྣམ་པར་བཞག་པ་ལས་བརྩམས་ཏེ་དཔལ་གསང་བ་འདུས་པའི་ལམ་གྱི་རིམ་པའི་དོན་བསྡུས་པ། next