Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
  collapse section
   
   
   
   
   
  collapse section
རྣམ་འགྲེལ་བཅུ་གཅིག་གི་ངོས་འཛིན་ནོར་བུའི་གཎྜི།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣམ་འགྲེལ་བཅུ་གཅིག་གི་ངོས་འཛིན་ནོར་བུའི་གཎྜི། next

རྣམ་འགྲེལ་བཅུ་གཅིག་གི་ངོས་འཛིན་ནོར་བུའི་གཎྜི།

ཤོག་ལྷེབ་ ༢༨༢ ནས་ ༣༠༠ བར།


JKT005_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འགྲེལ་བཅུ་གཅིག་གི་ངོས་འཛིན་ནོར་བུའི་གཎྜི་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། ལམ་འབྲས་བུ་དང་བཅས་པའི་རྩ་བ་རྡོ་རྗེའི་ཚིག་རྐང་གི་རྣམ་འགྲེལ་བཅུ་གཅིག་ཅེས་པ་ནི། རྗེ་བཙུན་གྱི་དཀར་ཆག་ལས། དེ་ལ་རྡོ་རྗེའི་ཚིག་རྐང་ལ་རྣམ་འགྲེལ་རྗེ་བླ་མས་མཛད་པ་བཅུ་གཅིག་ཙམ་སྣང་བ་ལས།


JKT005_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ཉིད་གྲངས་འདྲེན་ཚུལ་མི་འདྲ་བ་མང་ཡང་། འདིར་འཁྲུལ་མེད་ཀྱི་ངོས་འཛིན་ནི། ༡ཨ་སེང་ཟླ་རྒྱལ་༢ལྡན་བུ་༣དང་། །ཡུམ་༤དོན་ཀློག་སྐྱ་སྒ་༦ཐེང་ཞུ༧། །སྲས་༨དོན་ཇོ་མོ་༩ཟངས་༡༠རི་ཕུག །གཉགས་༡༡མ་དང་ནི་བཅུ་གཅིག་གོ །ཞེས་པ་ལྟར་ཏེ། དེ་ལ་དང་པོ་ནི། ཁམས་པ་བྱང་ཆུབ་སེམས་དཔའ་སྐྱུ་རུ་ཨ་སྐྱབས་ཀྱི་སྲས་སྐྱུ་ར་ཨ་སེང་གི་ངོར་མཛད་པ་སྟེ། གཞུང་ཚད་རྐང་པར་བཅད་པའི་བློ་ཀ་ཉི་ཤུ་ཡོད། ༈ །གཉིས་པ་ནི། མངའ་རིས་པ་བྱང་སེམས་ཟླ་བ་རྒྱལ་མཚན་གྱི་ངོར་མཛད་པ་སྟེ། འདིའི་ནང་དུ་དབང་གསུམ་པ་དང་བཞི་པའི་འདའ་ཁ་མ་གཉིས་ཀྱི་ཁྱད་པར་འཆི་ཁར་ཁམས་ལྟེ་བར་འདུས་པ་དང་། གསང་གནས་སུ་འདུས་པ་ལ་བཤད། ལམ་དུས་ཀྱི་དབང་གི་ཐད་དུ་ཆོས་དབྱིངས་ཡེ་ཤེས་མི་བསྐྱོད་པ་ལ་སྦྱར་བ་སོགས་ཡོད། གཞུང་ཚད་ཕྲེང་བདུན་རེར་བྱས་པའི་ཤོག་བུ་༢༠ཙམ་མོ། ༈ །གསུམ་པ་ནི། ཇོ་གདན་ལྡན་བུའི་ངོར་མཛད་པ་སྟེ། འདི་རྒྱ་གར་སིནྡྷཱའི་ཡུལ་གྱི་དགེ་སློང་པཎྜིཏ་ལ་ན་ལ་རྩེར་གདམས་ངག་གནང་བའི་ཚེ་ཇོ་གདན་ལྡན་བུས་ཀྱང་ཉན་པས། དེའི་ཚེ་ལེགས་སྦྱར་གྱི་སྐད་དུ་གསུངས་པ། སླར་བོད་སྐད་དུ་བསྒྱུར་བ་ཡིན་པས་མགོ་བོར་སྐད་གཉིས་ཤན་སྦྱར་ནས་ཡོད། གདན་སོགས་ཀྱི་ཐད་དུ། གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། ཕྱག་རྒྱའི་ཆོས་འབྱུང་དུ། །


JKT005_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དགུ་གཞལ་ཡས་ཁང་དང་བཅས་པ་བསྐྱེད། མཆོད། དེ་ལ་སློབ་མས་མེ་ཏོག་དོར། གར་ཕོག་གི་མིང་བཏགས། ཡེ་ཤེས་དབབ། དེ་ནས་སྙོམས་འཇུག་བྱས་ཏེ་དབང་བསྐུར་བར་བཤད་པ་སོགས་སྣང་། འདི་ལ་ཆེ་ཆུང་གཉིས་ཡོད་པའི་ཆུང་བ་ལ་གཞུང་གི་ཚད་བརྒྱ་ཉི་ཤུ་ཙམ་མོ། ༈ །བཞི་པ་ནི། ས་ཆེན་རང་གི་ཡུམ་གྱི་དོན་དུ་མཛད་པ་སྟེ། འདིར་སྣང་བ་བསྒྱུར་བའི་འདའ་ཁ་མ་ནི། སྤྱོད་ལམ་ཐམས་ཅད་དུ་ཡི་དམ་གྱི་ལྷ་ཡིན་དུ་བསམས་ཏེ། ཞལ་ཕྱག་ལ་སོགས་པ་དྲན་མི་དགོས་སོ་གསུངས། གཞུང་ཚད་ནི་བརྒྱ་ཕྲག་ཙམ་མོ། ༈ །ལྔ་པ་ནི། གཙང་པ་ཀློག་སྐྱའི་ངོར་མཛད་པ་སྟེ། ཡུམ་དོན་མ་དང་ཞུ་དག་ཕེར་བ་ཙམ་ཡོད་ཀྱང་མཆན་བུ་འགའ་ཞིག་བསྣན་པས་ཁྱད་པར་དུ་བྱས་པ་སྟེ། གཞུང་ཚད་ཀྱང་སྔ་མ་ལས་༡༢༠མང་ངོ་། ༈ །འདིའི་མཆན་དུ་ལུས་དཀྱིལ་གྱི་གཙོ་བོ་རྣམས་བཞུགས། འཁོར་རྣམས་བཞེངས་ལ་གཙོ་བོ་རྣམས་བཞེངས་ཀྱང་བཏུབ་གསུངས། འདི་དང་སྔ་མ་གཉིས་ཀར་ལྷ་ཐམས་ཅད་ལ་རིན་ཆེན་དང་རུས་པའི་རྒྱན་བཤད། ༈ །དྲུག་པ་ནི། ཁམས་པ་སྒ་ཐེང་གི་ངོར་མཛད་པ་སྟེ། འདིའི་དམ་ཚིག་གི་སྐབས་སུ་བདུད་རྩི་རིལ་བུའི་སྒྲུབ་ཐབས་བསྟན། ལམ་དབང་གི་གསུང་སྒྲོས་རྒྱས། གཞུང་བརྒྱ་ལྷག་ཙམ་མོ། ༈ །བདུན་པ་ནི། ཞུ་བྱས་དངོས་གྲུབ་ཅེས་འགྲོ་མགོན་ཞང་རིན་པོ་ཆེའི་བླ་མ་དེའི་ངོར་མཛད་


JKT005_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། འདིའི་མཇུག་ཏུ། འདི་བྲིས་དགེ་བས་སེམས་ཅན་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ། །དཔལ་ལྡན་ས་བཅུའི་རྩེ་མོ་ནི། །རྡོ་རྗེ་འཆང་དབང་འགྲུབ་པར་ཤོག །ཅེས་སློབ་དཔོན་རིན་པོ་ཆེའི་སྦྱར་བྱང་འབྱུང་བ་ནི། རྗེ་བཙུན་སྐུ་མཆེད་ཀྱིས་ནང་མཆོད་ཅིག་མཛད་པའི་ཚེ། ཞུ་བྱས་རྡོ་རྗེ་གདན་ནས་ཉི་མ་ཟེར་ཙམ་ལ་རྫུ་འཕྲུལ་གྱིས་ཕེབས་པའི་ཚེ། སྐུ་མཆེད་གཉིས་ཀྱིས་ངག་ནས་བླངས་ཏེ་བྲིས་པས་འབྲི་བ་པོའི་མཚན་བཏགས་པའོ། །གཞུང་ཚང་ཉུང་། །།བརྒྱད་པ་ནི། རང་གི་སྲས་ཀྱི་དོན་དུ་ཡི་གེ་དུམ་བུ་དུམ་བུར་མཛད་པ་ཉིད། གཉན་ཕུལ་བྱུང་བ་གཙུག་ཏོར་རྒྱལ་པོས་ཕྱོགས་གཅིག་ཏུ་བསྒྲིགས་པ་སྟེ། འདིར་རྩ་བ་མཐར་ཆགས་སུ་བསྟན་ན་ཆོས་བཅོ་བརྒྱད། དེ་ལས་དབྱེ་ན་འཁོར་འདས་ཐུན་མོང་བ་ལ་ལྔ་བཅུ་རྩ་ལྔ། འཁོར་ལོ་འཆམ་པ་ལ་བཅུ་གཉིས། བསྐོར་བ་ལ་ཉི་ཤུ་རྩ་ལྔ་སྟེ་བསྡོམས་པས་བརྒྱ་དང་བཅུ་རུ་བསྡུས། ཉམས་སུ་བླང་བའི་མཐའ་ནི་སྦྱང་བ་དུས་ཀྱི་གནས་ལུགས་ཉི་ཤུ་ལ་སོགས་པ་དང་། །ཞེས་ལུས་སྦྱོང་རྒྱས་པ་ལུས་སྦྱོང་ཉི་ཤུ་པ་ལ་གསུངས་པ་སོགས་སྣང་། ༈ །དགུ་པ་ནི། གཡའ་ལུང་ཇོ་མོ་ཞིག་གིས་ལམ་འབྲས་བསྒོམ་པས་ཁྱིའི་ཉམས་བྱུང་ནས་འའུ་འའུ་ཟེར་བས་དེ་སྐད་དུ་གྲགས་པ་དེའི་ངོར་མཛད་པས་འའུ་མར་གྲགས་པ་སྟེ། མ་ཆུང་མ་དང་གཅིག་པར་ཡང་བཞེད། འདིའི་


JKT005_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཀྱི་སྣང་བའི་ཐད་དུ་ཉམས་དགུར་བསྟན། གསང་དབང་གི་སྔོན་འགྲོ་སྦྱོང་བ་གསུམ་གྱི་ཐད་དུ། དང་པོ་ལག་པ་བཀྲུ་སྟེ་ཞེས་སོགས་ལུས་སྦྱོང་ཉི་ཤུ་ཚང་བར་བསྟན་པ་སོགས་ཡོད། གཞུང་ཚད་བདུན་ཅུ་ཙམ་མོ། ༈ །བཅུ་པ་ནི། ངམ་ཤོད་ཀྱི་སྔགས་པ་བརྗེ་གཤིན་རྗེ་གྲགས་ཏེ་འགའ་ཞིག་གིས་འདའ་འཕྱར་ཡིན་པར་བཤད་པ་དེའི་ངོར་མཛད་པ་སྟེ། ཀུན་གཞི་རྒྱུ་རྒྱུད་དུ་རྩ་ཡིག་རགས་པ་རྡོ་རྗེ་དང་པདྨར་བཤད། བར་དོར་འོད་སྔོན་པོ་ལ་སེམས་ཟིན་ན་དམྱལ་བ། དཀར་པོ་ལ་ཟིན་ན་བྱོལ་སོང་ཞེས་བཤད། གྲིབ་མ་ཁྲུས་ཀྱིས་སེལ་བར། བྱང་ཆུབ་དང་ལམ་ལས་རྡོ་རྗེ་གྲི་གུག་དང་འདི་ལ་དགོངས་ནས་འབྱུང་བཞིའི་རླུང་ཉིས་བརྒྱ་ཉེར་ལྔ་པ་རེ་ལ་ལྷ་མོའི་མིང་གིས་བཏགས་པ། ཞེས་བཤད། ཧ་རིམ་ལ་སོགས་པར་ཞེས་པ་ཐུན་མོང་མ་ཡིན་པའི་གསང་བ་ལས། ཕྲ་ཞིང་ཡང་ལ་ཞེས་སོགས་དྲངས། འདིར་གཞན་ཡང་ཐུན་མོང་མིན་པའི་ལུང་འདྲེན་འགའ་རེ་འབྱུང་། གཞུང་ཚད་ནི་གོ་ལྔ་ཙམ་མོ། ༈ །བཅུ་གཅིག་པ་ནི། དགེ་བཤེས་གཉན་གཉགས་དབང་རྒྱལ་གྱི་ངོར་མཛད་པ་སྟེ། འདི་ལ། ལམ་སོགས་ཉི་ཤུའི་བུམ་པའི་དབང་གི་ལམ་དུ། ལམ་དབྱིབས་༡དང་། བུམ་དབང་གི་འཕོ་བ་༢དང་། གསང་དབང་གི་ལམ་དུ་ཐིག་ལེའི་རྣལ་འབྱོར་༣དང་། ཤེས་རབ་ཡེ་ཤེས་ཀྱི་ལམ་དུ་ཕྱག་རྒྱའི་མཚན་ཉིད་༤དང་། དབང་བཞི་པའི་


JKT005_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་༥དང་། ལམ་གྱི་དབང་བཞི་རྒྱས་བསྡུས་བླང་བ་༦དང་། གདམས་ངག་དྲུག་གི་སྐྱོན་མེད་གསུམ་ལ་མ་སྐྱེས་པ་བསྐྱེད་པའི་ཐབས་༧དང་། ཐུན་མོང་གི་སྲུང་བ་བཅུ་བཞིའི་འཛག་སྲུང་༨དང་། །སྒྲིབ་པ་སྲུང་བའི་སྐབས་ཀྱི་སྐྱོན་མེད་མ་སྐྱེས་པ་བསྐྱེད་པའི་༩ཐབས་དང་། རླུང་རང་གནས་སུ་ཟིན་པའི་ཐད་ཀྱི་གཞུང་ཇི་ལྟར་འགྲོ་བ་སྟེ་ཞལ་ཤེས་བཅུ་དང་ལྡན་ཅིང་རྣམ་འགྲེལ་ཐམས་ཅད་ལས་ཁྱད་པར་འཕགས་སོ། ཀ༽ །ཀློག་སྐྱ་མར། ཀུན་གཞི་རྒྱུ་རྒྱུད་རྟེན་དང་བརྟེན་ཚུལ་དུ། ཏིལ་དང་། ཏིལ་མར་རམ། འོ་མ་དང་མར་རམ། ཆུ་དང་འཁྱག་པའམ། མེ་ཏོག་དང་དྲིའི་ཚུལ་ཞེས་བཤད། བུམ་དབང་གི་འདའ་ཀ་མའི་མཚམས་སྦྱོར་དུ་གྲུབ་མཐའ་སྙོགས་ན་ཚེ་བསྐལ་པའི་བར་དུ་ཐུབ་པས་འདའ་ཁ་མི་དགོས་ཞེས་བཤད། མཇུག་ཏུ། བླ་མ་དམ་པའི་གསུང་ངག་བདུད་རྩིའི་བཅུད། །འཐུང་ན་སྲིད་པའི་སྡུག་བསྔལ་འཁྱག་ཞི་བྱེད་པའི། །དཔེ་མཁྱུད་སྤངས་པར་དྷརྨ་ཀཱིརྟི་ཡིས། །ལར་བཟང་པོའི་མཐའ་ཅན་དང་། ལ་ལར་གྲགས་པ་བཟང་པོ་ཞེས་འབྱུང་ཡང་དོན་དུ་ཞུས་ཚུལ་ལས་སྦྱར་བྱང་མ་ཡིན་ཅིང་གློག་སྐྱ་བའི་མཚན་ཡིན་ནམ་སྙམ་ལགས། །ཐོབ་དང་བྲིས་པ་གུས་པར་སྤྱི་བོས་བླངས། །ཞེས་འབྱུང་།། ༈ །།སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་གཅིག་ཏུ་འདུས་པ་གོང་ན་མེད་པའི་རྒྱུད་ཕྱི་མ་དང་བཅས་པ་འདི་ལ་ཐོག་མར་འཕགས་པ་ཀླུས་བསྐྱེད་རིམ་ཡན་


JKT005_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་དང་། རྫོགས་རིམ་རིམ་པ་ལྔས་འཆིང་བའི་སྲོལ་ཆེན་པོ་ཕྱེ་བར་མཛད། དེ་རྗེས་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་ལས་དབང་མནོས་ཤིང་། །ཞལ་གྱི་ལུང་ཐོབ་ནས་ཡོངས་སུ་རྫོགས་པའི་ལམ་སྲོལ་དར་བར་མཛད་པ་ལས། འདིར་རེ་ཞིག་དེའི་བསྐྱེད་རིམ་གྱི་རྣམ་གཞག་གི་ས་བཅད་རགས་པ་ཞིག་འཆད་ན། བླ་མ་ཆེན་པོ་ཇི་ལྟར་བྱོན་པའི་ལོ་རྒྱུས་དང་། དེས་བཀྲལ་བའི་ལམ་སྤྱིའི་རྣམ་གཞག་མདོར་བསྡུས་པ། དེ་ལས་བསྐྱེད་རིམ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྒྱ་གར་ཤར་ལྷོའི་ཡུལ་སིནྡྷ་ར་ཞེས་བྱ་བར་རྒྱལ་པོ་གྷ་ས་རོ་པྲ་བྷ་ཝ་ཞེས་བྱ་བའི་སྲས་སུ་འཁྲུངས་སོ། །དེ་ལས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཐོབ་པས་ཀྱང་མ་ཚིམས་པར་བརྩོན་པ་ས་བྷ་ག་ཝཱ་ན་མཉྫུ་ཤྲཱི་བཛྲ་གྱིས་རྗེས་སུ་བཟུང་སྟེ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། ལམ་གྱི་སྔོན་དུ་འགྲོ་བ། བསྒོམ་པར་བྱ་བའི་ལམ་དངོས། རྟོགས་པའི་རིམ་པ་བཞག་པའི་གང་ཟག །ལམ་སྒྲུབ་པའི་འབྲས་བུའོ། །དང་པོ་ལ་བཞི། དཀྱིལ་འཁོར། སློབ་དཔོན། དབང་། དམ་ཚིག་དང་སྡོམ་པའོ། །དང་པོ་ལ། རི་མོ། ལུས། བྱང་སེམས། བྷ་གའི་དཀྱིལ་འཁོར་རོ། །དང་པོ་ལ། མར་མེ་མཛད་དང་སྨན་ཞབས་ཀྱིས་རྡུལ་ཚོན་ཁོ་ན་དང་། ངག་དབང་གྲགས་པས་རྡུལ་ཚོན།


JKT005_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རས་རིས། ཡིད་ཀྱི་དཀྱིལ་འཁོར་གསུམ་གསུངས། རྡུལ་ཚོན་ལའང་། ལས་དང་པོ་པས་ཆོ་ག་ཇི་བཞིན་དུ་འབྲི་བ་དང་། ཡེ་ཤེས་ལ་ཅུང་ཟད་དབང་བས་ཁྱེའུ་དང་བུ་མོ་གཙང་མར་པྲ་ཕབ་སྟེ་བྲི་བ་དང་། ཡེ་ཤེས་ལ་དབང་བས་ཏིང་ངེ་འཛིན་འབའ་ཞིག་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་རྫོགས་པར་སྤྲུལ་ཏེ་གསུམ་ཆར་ལ་ཡང་ཆོ་ག་ལྷག་མ་རྣམས་ནི་འདྲ་བ་ཉིད་དོ། །ཕྱི་མ་གསུམ་ནི། རྒྱུའི་སློབ་དཔོན་གྱི་། ལུས་ཀྱི་དཀྱིལ་འཁོར་དང་རྒྱུ་དང་རྐྱེན་གྱི་སློབ་དཔོན་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་དང་། ལྷན་ཅིག་བྱེད་པའི་སློབ་དཔོན་གྱི་བྷ་གའི་དཀྱིལ་འཁོར་ལ་འཆད་དོ། །གཉིས་པ་སློབ་དཔོན་ལ། རྒྱུའི། རྐྱེན་གྱི། ལྷན་ཅིག་བྱེད་པའི་སློབ་དཔོན་ནོ། །དང་པོ་ནི། བུམ་དབང་བསྐུར་བ། གཉིས་པ་ནི། གསང་དབང་བསྐུར་བའི་བླ་མའི་ཕྱག་རྒྱ། གསུམ་པ་ནི། ཤེར་དབང་ནོད་པའི་སློབ་མའི་ཕྱག་རྒྱའོ། །གསུམ་པ་དབང་ལ། བུམ་གསང་ཤེས་རབ་ཡེ་ཤེས་ཏེ་གསུམ་མོ། །དེ་རེ་རེ་ལ་ཡང་། སློབ་དཔོན་དང་། ཡོན་དང་། སྡོམ་པ་དང་། དཀྱིལ་འཁོར་དང་། ཆོ་ག་དང་། ངོ་བོ་དང་། དག་བྱ་དང་། སྐལ་པ་གང་དང་མཉམ་པ་དང་། གདམས་ངག་དང་། རྟོག་པ་དང་། ངེས་ཚིག་སྟེ་བཅུ་གཅིག་གི་སྒོ་ནས་སྨན་ཞབས་ཀྱི་སྦྱོར་བ་བདུན་པ་ལས་གསུངས་ཏེ། དབང་བཞི་པ་བཞི་བརྒྱ་ལྔ་བཅུ་པ་སོགས་ལས་མིང་ཙམ་ཡང་


JKT005_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱུང་ཞིང་། དབང་གི་རབ་བྱེད་ལས་ཤེས་རབ་ཡེ་ཤེས་ཀྱི་ཡེ་ཤེས་བདུན་ཡན་ལག་བདུན་ལྡན་དུ་ངོ་སྤྲོད་པའི་སྒོ་ནས་བསྐུར་ཚུལ་གསུངས་སོ། །སྦྱོར་བདུན་ལས་ནི། རང་བཞིན་གནང་ཕྱིར་སློབ་དཔོན་ཟླ མེད། །ཅེས་སོགས་དགག་ཕྱོགས་འབའ་ཞིག་གིས་བསྟན་ཀྱང་། ཤེས་རབ་ཀྱི་ཡེ་ཤེས་ལས་ལོགས་སུ་དེ་དག་མེད་ཅེས་པའི་དོན་ཡིན་གྱི། དབང་བཞི་པ་མཚན་ཉིད་པ་དང་། དེ་ཙམ་གྱིས་བསྐུར་ཚུལ་དག་མི་བཞེད་པ་ནི་མིན་ཏེ། འདུས་པར། །བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་ལ་ནི་གསང་བའི་དབང་། །གསུམ་པ་ཤེས་རབ་ཡེ་ཤེས་དབང་། །དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་གསུངས་པས་སོ། །འདི་ལ་གསུམ་སྟེ། དབང་བཞི་པ་མཚན་ཉིད་པ། མཚོན་བྱེད་དཔེའི་དབང་བཞི་པ། དེ་ཚིག་གི་སྒོ་ནས་ཇི་ལྟར་བསྐུར་བའི་ཚུལ་ལོ། །དང་པོ་ནི། སངས་རྒྱས་ཀྱི་སའི་སྐུ་གསུམ་ཡན་ལག་བདུན་དང་ལྡན་པའོ། །གཉིས་པ་ནི། དབང་བཞི་པའི་ཡེ་ཤེས་གཅིག་ཉིད་ལ་སྔར་གྱི་སློབ་དཔོན་ལ་སོགས་པའི་དོན་བཅུ་གཅིག་རང་བཞིན་ལྷུན་གྲུབ་ཀྱིས་ཚང་བའོ། །གསུམ་པ་ནི། དེ་ལྟར་དང་། ཡང་དང་། དེ་བཞིན་ཞེས་པའི་ཚིག་གསུམ་གྱིས་དབང་གསུམ་པའི་ཡེ་ཤེས་ལ་ཡན་ལག་བདུན་ལྡན་ཚང་བར་ངོ་སྤྲོད་པའོ། །གསུམ་པ་དམ་ཚིག་དང་སྡོམ་པ་ལ་གཉིས། ཐུན་མོང་དང་། ཐུན་མིན་ནོ། །དང་པོ་ནི། སྟ་གོན་


JKT005_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཇུག་པའི་སྐབས་སུ་སོ་བྱང་དང་། རིགས་ལྔའི་དབང་གི་སྐབས་སུ་ཐོབ་པའི་རིགས་ལྔའི་སྡོམ་པ་སྟེ། སློབ་དཔོན་དང་སློབ་མ་གཉིས་ཀའི་ཐུན་མོང་པའོ། །གཉིས་པ་ལ་གསུམ་སྟེ། སྤང་པའི་དམ་ཚིག་སྡོམ་པ་དང་། བཟའ་དང་བསྲུང་བའི་དམ་ཚིག་དང་། རྣལ་འབྱོར་སྙིང་པོའི་སྡོམ་བའོ། །དང་པོ་ནི། བུམ་དབང་གི་སྐབས་སུ་ཐོབ་བའི་རྩ་བ་༡༤དང་ཡན་རལག་གི་དམ་ཚིག་གོ། །གཉིས་པ་ནི། །གསང་དབང་གི་སྐབས་སུ་ཐོབ་པ་སྟེ། ཤ་ལྔ་བདུད་རྩི་ལྔ་བཟའ་བ་དང་། བསྲུང་བ་སྲོག་གཅོད་སོགས་བཞིའོ། །གསུམ་པ་ནི། ཤེར་དབང་གི་སྐབས་སུ་ཐོབ་སྟེ། ཕྱི་རོལ་གྱི་དཀྱིལ་འཁོར་བྲི་བ་ལ་སོགས་པ་བཀག་ནས་ཕྱག་རྒྱ་སྤྱན་མ་ལ་སོགས་པ་དང་། སྒྲུབ་པོ་རིགས་ལྔར་ཤེས་པར་བྱས་ནས་དག་མ་དག་གི་འདུ་ཤེས་འགོག་པའོ། །གཉིས་པ་བསྒོམ་བྱ་ལམ་གྱི་ངོ་བོ་ནི་བསྐྱེད་རྫོགས་གཉིས་ཏེ། འདི་ལ་དབྱེ་གཞི། དབྱེ་ངོ་། གྲངས་ངེས། བསྒོམ་པའི་གོ་རིམ་སྟེ་བཞི་ལས། དང་པོ་ནི། ཡིད་མཚན་རྟོག་ལས་སྐྱོབ་པའི་ཐབས་ཁྱད་པར་ཅན་དུ་གྱུར་པའི་སྔགས་ཀྱི་སྤྱོད་པའོ། །གཉིས་པ་ནི། འདུས་པའི་རྒྱུད་ཕྱི་མར། །སངས་རྒྱས་རྣམས་ཀྱིས་དེར་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པའི་རིམ་པ་ཉིད་དང་ནི། །དེ་བཞིན་རྫོགས་པའི་རིམ་ཉིད་དོ། །ཞེས་པ་ལས། དང་པོ་ནི་འོག་ཏུ་འཆད་ལ། གཉིས་པ་


JKT005_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སྙིང་གར་མི་ཤིགས་པའི་ཐིག་ལེ་བསྒོམས་པ་དགའ་བའི་རང་བཞིན། གསང་གནས་སུ་གསང་བའི་ཐིག་ལེ་བསྒོམས་པ་དགའ་བ་བར་མའི་རང་བཞིན། ལུས་ཀྱི་གནས་བཞིར་སྤྲུལ་པའི་ཐིག་ལེ་བསྒོམས་པ་དགའ་བྲལ་གྱི་རང་བཞིན། དགའ་བ་གསུམ་ཆར་རོ་གཅིག་པ་མི་ཤིགས་པའི་ཐིག་ལེ། དེ་ཉིད་བསྒོམས་པ་ལྷན་སྐྱེས་ཀྱི་རང་བཞིན་ཏེ་གཙོ་བོར་ཐིག་ལེའི་རྣལ་འབྱོར་བཞི་གསུངས་ལ། དེ་ཡང་། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་པའི་ཚུལ་གྱིས་ལས་རྒྱ་ལ་བརྟེན་ནས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དཔེའི་ཚུལ་གྱིས་མངོན་སུམ་དུ་རྟོགས་ནས་རིག་པ་བཏུལ་ཞུགས་ཀྱི་སྤྱོད་པ་ཟླ་བ་དྲུག་གམ་བཅོ་བརྒྱད་ཀྱི་བར་དུ་སྤྱོད་པས་ཚེ་འདིར་རྡོ་རྗེ་འཆང་སྒྲུབ་པའོ། །དེ་ལྟར་བསྐྱེད་རྫོགས་གཉིས་པོ་དེ་ཡང་། འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ཡིན་པ་ལྟར། ཟབ་གསལ་གཉིས་མེད་ཚུལ་གྱིས་བསྒོམ་དགོས་ལ། བསྐྱེད་རིམ་ཟབ་གསལ་གཉིས་མེད་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཟབ་མོ་སྟོང་པ་ཉིད་བསྒོམས་ནས། དེ་ལས་ལངས་ཏེ་སེམས་གསལ་བ་དང་། དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བརྟག་པ་ན། ཟབ་མོ་སྟོང་པ་ཉིད་དང་གསལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་དབྱེར་མེད་པའོ། །རྫོགས་རིམ་ཟབ་གསལ་


JKT005_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ནི་ཕྱག་རྒྱ་ལ་བརྟེན་ནས་དཔེའི་ཚུལ་གྱིས་རྟོགས་པའོ། །གསུམ་པ་ནི། སྤང་བྱ༢། བསྒྲུབ་བྱ༢། བསྐྱེད་བྱ༢། རང་གི་ངོ་བོ་རྟེན་དང་བརྟེན་པ་ཡིན་པས་རིམ་གཉིས་སུ་གྲངས་ངེས་པ་སྟེ། དང་པོ་ནི། ཐ་མལ་རྣམ་རྟོག་དང་། ལྷར་ཞེན་པའི་རྣམ་པར་རྟོག་པ་གཉིས་སྤོང་བར་བྱེད་པ་སྟེ། ཀུན་བཟང་ལས། ཐ་མལ་རྣམ་རྟོག་སོགས་དང་། ཞལ་ལུང་གི་འགྲེལ་པར། དེ་ལྟར་བསྐྱེད་པའི་རིམ་པའི་གཞི་རྣམ་པར་བཀོད་ནས། ད་ནི་རྫོགས་པའི་རིམ་པས་དེ་སྦྱོང་བའི་ཐབས་གསུངས་པ། ཞེས་སོ། །གཉིས་པ་ནི། བསྒྲུབ་བྱ་ཐུན་མོང་གི་དངོས་གྲུབ་ཀྱི་ཕྱིར་ཏེ། འདུས་པར། ཐ་མལ་པ་ནི་རྡོ་རྗེ་བཞི། །ཡེ་ཤེས་རྡོ་རྗེ་མཆོག་རྣམས་སོ། །ཞེས་སོ། །གསུམ་པ་བསྐྱེད་པར་བྱ་བ་སྔགས་དང་། ཡེ་ཤེས་ཀྱི་སྐུ་གཉིས་སུ་ངེས་པས་ཏེ། ཞལ་ལུང་གི་འགྲེལ་པར། དང་པོའི་རིམ་པ་ནི་བསྐྱེད་པའི་རིམ་པ་ཡན་ལག་དང་བཅས་པ་རྟོགས་པས་རང་གི་རྒྱུད་ཀྱི་ལས་ཀྱི་དྲི་མ་རྣམ་པར་དག་པར་བྱ་སྟེ། ཡེ་ཤེས་སྒྱུ་མ་ཞེས་པ་ནི་ཡེ་ཤེས་ཅུང་ཟད་དག་པའི་སྐུ་སྟེ། ཞེས་སོ། །བཞི་པ་རྫོགས་པའི་རིམ་པས་ཟབ་གསལ་གཉིས་མེད་དཔེའི་ཚུལ་གྱིས་བསྒྲུབ་པར་བསྐྱེད་རིམ་ངེས་པར་རྟེན་དུ་དགོས་ཏེ། ཞལ་ལུང་ལས་གསུངས་པའི་ཕྱིར་རོ། །བཞི་པ་གོ་རིམ་ནི། ལུགས་འདིར་བསྐྱེད་རིམ་རྟེན་ཙམ་དུ་བྱས་ནས་རྫོགས་རིམ་གཙོ་བོར་བསྒོམ་པ་དང་།


JKT005_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་རིམ་པ་ཉིད་ཀྱིས་ཡང་དག་པའི་ཡེ་ཤེས་ལ་དབང་བའི་བར་བགྲོད་པར་བྱེད་པའི་ལུགས་གཉིས་སོ། །གསུམ་པ་རྟོག་པའི་རིམ་པས་བཞག་པའི་གང་ཟག་བཞི་སྟེ། ལས་དང་པོ་པ་ནི་དབང་བསྐུར་དང་བསྐྱེད་རིམ་གྱི་གདམས་ངག་ཚུལ་བཞིན་དུ་ཐོབ་ནས་རགས་པ་དང་ཕྲ་བའི་ལྷའི་རྣལ་འབྱོར་ཐམས་ཅད་རིམ་པ་བཞིན་དུ་བསྒོམ་དགོས་པའོ། །ཡེ་ཤེས་ལ་ཅུང་ཟད་དབང་བ་ནི། རགས་པ་ལྷའི་རྣལ་འབྱོར་ཡུད་ཙམ་གྱིས་བསྒོམ་ནུས་ཤིང་། ཕྲ་བ་སའི་སྙིང་པོ་ལ་སོགས་པ་རིམ་བཞིན་དུ་བསྒོམ་ནུས་པ་སྟེ། འདི་ལ་ལྷའི་བསྐྱེད་ཆོག་ཕྲི་ནས་ཕྲ་བའི་ལྷ་སྔ་མ་བཞིན་དུ་བསྒོམ་དགོས་པའོ། །ཡེ་ཤེས་ལ་དབང་བ་ནི། ཟླརགས་ཕྲའི་ལྷའི་རྣལ་འབྱོར་གཉིས་ཀ་ཡུད་ཙམ་གྱིས་བསྒོམ་པར་ནུས་པ་སྟེ། འདི་ལ་ཕྲ་བའི་ལྷའི་བསྐྱེད་ཆོག་རྣམས་ཀྱང་ཕྲི་ནས་ཕྲ་རགས་ཀྱི་ལྷའི་རྣལ་འབྱོར་ཐམས་ཅད་སེ་གོལ་གཏོགས་པ་ཙམ་ལ་གཅིག་ཅར་དུ་བསྒོམ་པའོ། །ཡང་དག་པའི་ཡེ་ཤེས་ལ་དབང་བ་ནི། རྡུལ་ཕྲན་གཅིག་གི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་དོགས་པ་མེད་པར་བསྒོམ་ནུས་པའོ། །བཞི་པ་ལམ་གྱིས་སྒྲུབ་པའི་འབྲས་བུ་ལ། ཐུན་མོང་དང་། མཆོག་གོ །དང་པོ་ནི། རིག་འཛིན། མངོན་ཤེས། མི་སྣང་བ་རྒྱ་མཚོ་བཅག་པ། མངགས་གཞུག །སྔགས་ཀྱི་ཁྱད་པར། མིག་སྨན། ལས་བཞིའི་རབ་ཏུ་དབྱེ་བ་སྟེ་བརྒྱད་དོ། །གཉིས་པ་ནི།


JKT005_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པའི་ཡེ་ཤེས་ལ་དབང་ཐོབ་པ། ས་དང་པོ་ཐོབ་པའི་ལམ་ནས་བརྩམས་ཏེ། གསང་གསུམ་གཅིག་ཏུ་འདུས་པའི་རྡོ་རྗེ་འཛིན་པའི་སའི་བར་ཏེ། འབྲས་བུ་མཐར་ཐུག་པ་ནི། ཞལ་ལུང་ལས། རྣམ་པར་རྟོག་པ་ཀུན་བྲལ་བས། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །བརྟགས་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བ། །ཡང་དག་གསལ་བ་ཉིད་ཅེས་བྱ། །ཞེས་སོ། །གསུམ་པ་བསྐྱེད་རིམ་བྱེ་བྲག་ཏུ་བཤད་པ་ལ་གསུམ། གང་གིས་སྒོམ་པའི་གང་ཟག །གང་དུ་བསྒོམ་པའི་གནས། །གང་བསྒོམ་པའི་རྣལ་འབྱོར་རོ། །དང་པོ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། སྦྱིན་སོགས་ཡོན་ཏན་གྱིས་བརྒྱན་པ། ཟབ་མོ་སྔགས་ཀྱི་ཚུལ་ལ་ལྷག་པར་མོས་པ། འདིའི་དབང་བསྐུར་ཞིང་རྗེས་སུ་གནང་བ་ཐོབ་པ་སྟེ་ཁྱད་པར་བཞི་ལྡན་དུ་གསུངས་སོ། །གཉིས་པ་ནི། ཀུན་བཟང་བསྡུས་པར། ལ་ལར་དྲི་མེད་ཆུ་ནི་ཕུན་ཚོགས་ཤིང་། །ཤིང་མཆོག་མཛེས་པ་རྣམ་པར་བརྒྱན་པ་ཡི། །རི་བོའི་ཕྱོགས་གཅིག་ཏུ་ནི་བཅོམ་ལྡན་འདས། །འཇམ་པའི་དབྱངས་ཞེས་བྱ་བ་རབ་བསྒྲུབ་བྱ། །ཞེས་སོ། །གསུམ་པ་ལ་གསུམ་སྟེ། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་གོ། །དང་པོ་ལ་གསུམ།


JKT005_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་འགྲོ་བ་དང་། དངོས་གཞི་དང་། རྗེས་སུ་ཆགས་པའི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། ལས་ཐམས་ཅད་སངས་རྒྱས་ཀྱི་རྒྱུར་འགྱུར་བའི་ཕྱིར་ཚངས་གནས་བཞི་བསྒོམ་པ། ལས་ཀྱི་སྒྲིབ་པ་། ཊྛ བཟློག་པའི་ཕྱིར་བསོད་ནམས་ཀྱི་ཚོགས་བསགས་པ། དངོས་འཛིན་བཟློག་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དང་པོ་ནི། ཞལ་ལུང་ལས། དེ་ནས་སེམས་ཅན་ཐམས་ཅད་ཀུན། །ཚངས་སྤྱོད་ཆེན་པོ་བཞི་དམིགས་ཏེ། །ཞེས་སོ། །གཉིས་པ་ལ་བཞི་སྟེ། ཚོགས་ཀྱི་ཞིང་དམིགས་པ། ཕྱག་འཚལ་ཞིང་མཆོད་པ། རྒྱུན་བཤགས་བྱ་བ། དེ་དག་གི་དགོས་པ་བཤད་པའོ། །ཕྱི་མ་ནི། ཞལ་ལུང་གི་འགྲེལ་པར། མཚམས་མེད་ལ་སོགས་པའི་ལས་ཀྱི་སྒྲིབ་པ་བསགས་པ་བཟློག་པའི་ཆེད་དུ་ཡིན་པར་གསུངས་པས། སེར་སྣའི་ལས་ཀྱི་སྒྲིབ་པའི་གཉེན་པོར་མཆོད་པ་ལ་སོགས་པ་སྦྱར་རོ། །གསུམ་པ་ལ་གཉིས་ཏེ། གཞན་གྱི་ལོག་རྟོག་དགག་པ་དང་། རང་ལུགས་འཐད་ཕྱོགས་བཤད་པའོ། །དང་པོ་ལ་གཉིས་ཏེ། སྣང་བ་མི་གསལ་བའི་ཕྱོགས་དགག་པ་དང་། བདེན་པ་མི་གསལ་བའི་ཕྱོགས་དགག་པའོ། །དང་པོ་ནི། བོད་སྔ་མ་ཁ་ཅིག་ན་རེ། ཡེ་ཤེས་ཚོགས་བསགས་ཀྱི་སྟོང་ཉིད་བསྒོམ་པའི་དོན། སྣང་བའི་སྟེང་དུ་བདེན་པ་བསལ་བ་ལས་བདེན་མེད་སྒྱུ་མ་ལྟ་བུ་དེ་ཡང་བསལ་བའི་སྟོང་ཉིད་བཙན་ཐབས་སུ་སྒོམ་མི་རུང་སྟེ།།


JKT005_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་སྣང་བའི་འཇིག་རྒྱུར་ཐལ་བའི་ཕྱིར། །ཞེས་འདོད། དེ་ནི་ལུང་རིགས་མྱོང་བ་ཁས་བླངས་ཐམས་ཅད་དང་འགལ་བའི་ཕྱིར་མི་འཐད་དོ། །གཉིས་པ་ནི། འཕགས་ཡུལ་དུ་ཤཱནྟི་པ་སེམས་ཙམ་པ། སོགས། ཀུན་བརྟག་གིས་སྟོང་པའི་ཡོངས་གྲུབ་ཡོད་པ་དང་བདེན་པ་དེ་ལ་ང་རྒྱལ་འཇོག་ཞེས་འཆད་ལ། འདི་མི་འཐད་པར་དབུ་མ་པ། ངག་དབང་གྲགས་པ་སོགས་ཀྱིས་སྐྱོན་མང་དུ་བརྗོད་དོ། །ཡང་གངས་རིའི་ཁྲོད་འདིར་གཞན་སྟོང་གི་མིང་བཏགས་ནས་དབུ་སེམས་གང་ཡང་མ་ཡིན་པའི་ཐེག་ཆེན་དུ་ཞལ་གྱིས་བཞེས་པ་དག །ཡེ་ཤེས་ཀྱི་ཚོགས་བསགས་པའི་དོན་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རྒྱུ རང་གསལ་བདེན་པར་གྲུབ་པ་ནི་སྟོང་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་ཡིན་ལ། དེ་ལ་ང་རྒྱལ་འཇོག །འོག་ཏུ་ལྷར་བསྐྱེད་པ་ཡང་དེ་ཉིད་བསྐྱེད་པ་ཡིན་ནོ། །ཞེས་སོགས་འདོད། དེ་དགག་པ་ལ་ཡུལ་བདེན་གྲུབ་ཡུལ་ཅན་ངར་འཛིན་འཇོག་པ་ཡེ་ཤེས་ཀྱི་ཚོགས་བསགས་ཡིན་ན་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་ཐལ་བ། གྲུབ་མཐའ་བཞིའི་རྣམ་གཞག་མི་རུང་བ་སྟེ་ཁྱོད་ཀྱི་འདོད་པ་དེ་སེམས་ཙམ་དང་མཚུངས་པའི་ཕྱིར་དང་། སྡོམ་རྣམ་གཉིས་དང་ཤཱནྟི་པ་སོགས་དབུ་མ་ཆེན་པོའི་གཞུང་དང་དེ་སྨྲ་བའི་གང་ཟག་ཡིན་ན་འཕགས་ཡུལ་དུ་སེམས་ཙམ་འཛིན་པའི་པཎྜི་ཏ་མེད་པར་འགྱུར་བ་དང་། ཀླུ་སྒྲུབ་ཀྱིས་


JKT005_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རིག་ཚོགས་ཀྱིས་རང་སྟོང་དང་། བསྟོད་ཚོགས་ཀྱིས་གཞན་སྟོང་འགྲེལ་ན་མཐར་ཐུག་གི་ལྟ་བ་ངོས་བཟུང་དུ་མི་རུང་བར་འགྱུར་ཏེ། དེ་གཉིས་གང་དབུ་མ་མཐར་ཐུག་ཡིན། དང་པོ་ཡིན་ན་གཞན་གྱི་འདོད་པ་གྲུབ། རང་ལ་ཁས་བླངས་དང་འགལ། གཉིས་པ་ལྟར་ན་འོག་མས་གོང་མ་སུན་ཕྱུང་བར་ཐལ། གཉིས་ཀ་ཡིན་ན། གཉིས་མེད་ཀྱི་རྣམ་ཤེས་ཆོས་ཅན། ཁྱོད་རང་གི་ངོ་བོས་མི་སྟོང་པར་ཐལ། །ཁྱོད་རང་གི་ངོ་བོས་སྟོང་པ་དེ་དབུ་མ་མཐར་ཐུག་ཡིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། ཁྱོད་རང་གི་ངོ་བོས་མི་སྟོང་པར་ཐལ། ཁྱོད་རང་གི་ངོ་བོས་མི་སྟོང་པ་དེ་དབུ་མའི་ལྟ་བ་མཐར་ཐུག་ཡིན་པའི་ཕྱིར། ཞེས་སོ། །ཡང་དངོས་པོ་རང་བཞིན་གྱིས་གྲུབ་པར་ཁས་བླངས་ན་དབུ་མའི་ལྟ་བའི་དོན་དང་ཐ་སྙད་གཉིས་ཀ་མི་གནས་པའི་ཕྱིར་དང་། ༤ ཁྱོད་འདོད་པའི་བདེ་གཤེགས་སྙིང་པོ་དང་། ཆོས་དབྱིངས་ལ་འཁོར་འདས་ལ བྱ་བྱེད་མི་རུང་བར་ཐལ་ཏེ། བདེན་པར་གྲུབ་པའི་ཕྱིར་དང་། ཡུལ་ཆོས་དབྱིངས་བདེན་པར་གྲུབ་ཀྱང་ཡུལ་ཅན་བདེན་ཞེན་ཞེན་ཡུལ་བདེན་པ་རིག་པས་དཔྱད་པའི་ཚེ་རྙེད་པས་ཡུལ་ཅན་བདེན་པ་རང་ལྡོག་ཏུ་འགྲོ་བ་ལ་བྱེད་དམ། ཞེན་ཡུལ་བདེན་པ་མ་བཀག་པར་ཡུལ་ཅན་བདེན་ཞེན་རང་དགར་བཀག་པ་ལ་བྱེད། དང་པོ་ལྟར་ན་དངོས་སུ་འགལ་ཏེ་ཞེན་ཡུལ་བདེན་པས་རིག་པས་དཔྱད་པའི་ཚེ་རྙེད་པར་ཁས་


JKT005_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པའི་ཕྱིར། ཕྱི་མ་ལྟར་ན་རྒྱ་ནག་ཧྭ་ཤང་གི་ལྟ་བར་འགྱུར་ཏེ། ཡུལ་ལ་དཔྱད་པ་མ་བྱས་པར་ཡུལ་ཅན་རྟོག་པས་རང་དགར་བཀག་པའི་ཕྱིར། ༧ ཡེ་ཤེས་ཚོགས་བསགས་ནས་དེ་ལས་ལངས་པའི་ཚེ་སྟོང་ཉིད་ལས་ལངས་ཞེས་པ་དང་ཁྱོད་འགལ་ཏེ། བདེན་གྲུབ་ཀྱི་ངང་ལས་ལངས་ཞེས་བརྗོད་དགོས་པའི་ཕྱིར། སྔ་མ་བསོད་ནམས་དང་། འདི་ཡེ་ཤེས་ཀྱི་ཚོགས་བྱས་ཏེ་ཚོགས་གཉིས་ཟུང་འཇུག་ལས་གཟུགས་སྐུར་ལངས་པ་མི་རུང་། ཡུལ་བདེན་གྲུབ་ལ་ཡུལ་ཅན་ངར་འཛིན་སྒོམ་པ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར། དེ་ལ་སོགས་ཏེ་གནོད་བྱེད་མཐའ་ཀླས་སོ། །གཉིས་པ་རང་ལུགས་འཐད་པའི་ཕྱོགས་བཞག་པ་ལ། བསྒོམ་བྱའི་བྱང་ཆུབ་ཀྱི་སེམས་ངོས་བཟུང་བ། དེ་ཇི་ལྟར་བསྒོམ་པའི་ཚུལ། ང་རྒྱལ་འཇོག་པའི་དོན། དེ་ལྟར་བསྒོམ་པའི་དགོས་པའོ། །དང་པོ་ནི། ཨོཾ་ནི་སྟོང་ཉིད་ཁས་བླངས་པ། ཤུན་ཏཱ་ནི་སྟོང་པ་ཉིད་དེ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ངོ་བོ་དང་། རྒྱུ་དང་། འབྲས་བུ་སྟོང་པའི་རྣམ་ཐར་སྒོ་གསུམ་དུ་བཤད་ལ། ཀླུ་སྒྲུབ་ཀྱིས། ཕྱི་རོལ་པས་བཏགས་པའི་བདག་ཉན་ཐོས་སྡེ་གཉིས་ཀྱིས་བཏགས་པའི་ཕུང་པོ་ལ་སོགས་པའི་གཟུང་འཛིན་དང་། རྣམ་རིག་པས་བཏགས་པའི་གཉིས་མེད་ཀྱི་ཡེ་ཤེས་ཀྱིས་སྟོང་པ་ཉིད་དུ་བཤད་དོ། །འོ་ན་རི་བོང་གི་རྭ་ལྟར་ཅིའང་མེད་པའི་སྟོང་ཉིད་ཡིན་ནམ་


JKT005_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་མོ། །དེ་དགག་པའི་ཛཱན་ཡེ་ཤེས་ཏེ། གསལ་བ་ཙམ་མི་དགག་པའོ། །དེ་ན་སྟོང་པའི་ཚེ་ན་ཡང་ཚོལ་མཁན་གྱི་གསལ་བ་མི་འགག་པས། གསལ་བ་མི་འགག་པ་དང་། གསལ་བ་མ་རྙེད་པ་གཅིག་ཏུ་འཁྲུལ་པར་མི་བྱའོ། །དེ་ཉིད་བཛྲ་ནི་རྡོ་རྗེ་སྟེ། ཕར་མཚན་རྟོགས་འཇོམས་ཤིང་། ཚུར་གང་གིས་ཀྱང་མི་ཤིགས་པའོ། །སྭ་བྷཱ་ཝ་རང་བཞིན་ཏེ། གསལ་བ་དང་སྟོང་པ་ཟུང་དུ་འཇུག་པའི་རང་བཞིན་ཅེས་པའི་དོན་ཏོ། །ཨཱཏྨ་ཀོཉཧཾ། བདག་ཉིད་ངའོ་ཞེས་པ་སྟེ་འོག་ཏུ་བཤད་པར་བྱའོ། །གཉིས་པ་ནི། རྗེས་ཆེན་གྱིས། གང་ཟག་དམན་པ་དབུ་མའི་ལྟ་བ་ལ་བློ་མ་སྦྱངས་པ་རྣམས་ཀྱིས། ཐོག་མར་སྣང་བ་ཐམས་ཅད་སེམས་སུ་བསྡུས་ནས་སེམས་ཉིད་གཅིག་དང་དུ་བྲལ་བ་ལ་སོགས་པའི་རིགས་པས་རིམ་གྱིས་དཔྱད་ནས་མ་རྙེད་པ་རིམ་གྱིས་སྟོང་ཉིད་བསྒོམ་པ་སྟེ། ཞལ་ལུང་ལས། སེམས་ཙམ་ལ་ནི་རྟ་བྱས་ཏེ། །ཕྱི་རོལ་རང་བཞིན་སྟོང་པར་བྱ། །སེམས་ཙམ་དེ་ཡང་སྟོང་བྱས་ནས། །ཞེས་སོ། །བློ་བྱང་པ་མཆོག་གིས་བཙན་ཐབས་སུ་སྟོང་ཉིད་བསྒོམ་པ་ནི། སྔགས་བརྗོད་པ་ཙམ་གྱིས་སྣང་བ་ཐམས་ཅད་སེམས་སུ་བསྡུས་ནས་སེམས་དེ་ཡང་མི་དམིགས་པར་བསམས་ཏེ་བློ་སྦྱངས་པས་དེ་ཙམ་གྱིས་རང་བཞིན་སྟོང་པ་ཉིད་ལ་ངེས་ཤེས་འདྲེན་ནུས་པའི་ཕྱིར་རོ། །གསུམ་པ་ལ་གསུམ། སྤང་བྱའི་ང་རྒྱལ། གཉེན་པོའི་ང་རྒྱལ།

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


JKT005_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་བབ་པའི་དོན་ལ་སྦྱར་བའོ། །དང་པོ་ནི། ཉེར་ལེན་གྱི་ཕུང་པོ་རྫས་ཡོད་ལ་དམིགས་པའི་བློ་སྔོན་དུ་སོང་ནས་ངའོ་སྙམ་དུ་སེམས་ཁེངས་པའི་རྣམ་པ་ཅན་ཏེ། རྩ་ཉོན་དྲུག་གི་ནང་ཚན་དུ་གྱུར་པའོ། །གཉིས་པ་ལ་གཉིས། ཕར་ཕྱིན་དང་། རྡོ་རྗེ་ཐེག་པའི་གཞུང་ནས་བཤད་པའོ། །དང་པོ་ནི། སྤྱོད་འཇུག་ལས། ཕྲག་དོག་འགྲན་དང་ང་རྒྱལ་བསྒོམ། །ཞེས་པ་སྟེ། རང་ལས་མཆོག་ལ་ཕྲག་དོག་སྐྱེས་པའི་ཚེ་ཡུལ་རང་ཉིད་དུ་བཞག །རང་ཉིད་ཡུལ་མཆོག་དེར་བསྒོམས་ཏེ། རང་ཉིད་དམན་པ་ལ་ང་རྒྱལ་བསྒོམ་པའོ། །གཉིས་པར། སེམས་བསྐྱེད་ཀྱི། ལྟ་བའི། བསྐྱེད་རིམ་གྱི། རྫོགས་རིམ་གྱི་ང་རྒྱལ་དང་བཞི་ལས། དང་པོ་ནི། ཞལ་ལུང་འགྲེལ་པས། ཐབས་དང་ཤེས་རབ་ཀྱི་སྒོ་མཉམ་པར་སྦྱར་བས་བདག་གི་ལུས་ངག་ཡིད་གསུམ་ཡེ་ཤེས་སུ་རབ་ཏུ་བསྡུས་ནས། དེ་ལྟ་བུའི་བློ་གྲོས་པ་ངའོ་སྙམ་པའི་གཟི་བྱིན་བསྐྱེད་པའོ། །ཞེས་སོ། །གཉིས་པ་ནི། ཡེ་ཤེས་ཀྱི་ཚོགས་བསགས་ཀྱི་ང་རྒྱལ་ལྟ་བུའོ། །གསུམ་པ་ནི། རང་ཉིད་བསྐྱེད་པའི་རིམ་པ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་བསྒོམས་ནས། ང་དང་ལྷ་དེ་གཉིས་ཐ་མི་དད་པའི་ང་རྒྱལ་བསྐྱེད་པར་བྱ་སྟེ། གུར་ལས། སངས་རྒྱས་སོགས་སོ། །བཞི་པ་ནི། རྫོགས་རིམ་བསྒོམས་པ་ལས་བྱུང་བའི་ཡེ་ཤེས་སྐྱེས་པའི་ཚེ། ཡེ་ཤེས་དེ་ཉིད་ང་ཡིན་པས། དེས་


JKT005_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཐམས་ཅད་ཁྱབ་པར་བསྒོམས་པ་སྟེ། ཀྱེ་རྡོར་ལས། ང་ལས་འགྲོ་བ་སོགས་སོ། །འོ་ན་དེ་ངར་འཐད་དམ་སྙམ་ན། ངའི་ངོས་འཛིན་ཉན་ཐོས་གནས་མ་བུས་བརྗོད་དུ་མེད་པའི་གང་ཟག་རྫས་ཡོད་དང་། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ནས་སེམས་ཙམ་པའི་བར་གྱིས་ཕུང་པོ་རྫས་ཡོད་ལ་བཏགས་པའི་གང་ཟག་བཏགས་ཡོད་དང་། དབུ་མ་རང་རྒྱུད་པས་ཕུང་པོ་བཏགས་ཡོད་ལ་བཏགས་པའི་གང་ཟག་བཏགས་ཡོད་དང་། ཐལ་འགྱུར་བས་ཕུང་པོ་ལ་དམིགས་པའི་བློ་སྔོན་དུ་སོང་ནས་གཞི་མེད་ལ་ངའོ་སྙམ་དུ་འཛིན་པའི་ཡུལ་ལ་འདོད་པ་ཡོད་ཀྱང་། རྡོ་རྗེ་ཐེག་པ་འདིར་སེམས་གསལ་སྟོང་ཉིད་ང་ཡིན་ཏེ། འོ་ན་ངར་འཛིན་ལ་འཁྲུལ་པར་འགྱུར་རོ་སྙམ་ན། ངར་བདེན་པར་འཛིན་བློའི་བློ་འཁྲུལ་པ་ཡིན་གྱི། ངའོ་སྙམ་པའི་བློ་ཙམ་ནི་འཁྲུལ་པར་མི་འདོད་དོ། །གསུམ་པ་ནི། སེམས་ཀྱི་རང་བཞིན་ཐ་སྙད་དུ་གསལ་བ་ཙམ་མི་འགལ་ཀྱང་དེའི་རང་བཞིན་བཙལ་ན་མི་རྙེད་པའི་སྟོང་ཉིད་དང་། ང་དབྱེར་མེད་པའི་དོན་ལ་མཉམ་པར་བཞག་པ་སྐབས་འདིའི་ང་རྒྱལ་འཇོག་པའི་དོན་ཡིན་གྱི། ཡུལ་གཞན་ལ་ཡུལ་ཅན་གྱི་བློས་ང་རྒྱལ་འཇོག་པ་ནི་སྐབས་འདིའི་ང་རྒྱལ་གྱི་དོན་མ་ཡིན་ནོ། །བཞི་པ་དེ་ལྟར་སྒོམ་པའི་དགོས་པ་ནི། ས་ཆེན་གྱིས། སྔ་མ་བསོད་ནམས་ཀྱི་ཚོགས་དང་། ཚོགས་གཉིས་ཟུང་འཇུག་ཏུ་འགྱུར་བ་དང་། ཕྱི་མ་རྟེན་ངའོ་དང་བརྟེན་


JKT005_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གཟུགས་ཀྱི་སྐུ་བསྒོམ་པ་དང་། སྐུ་གཉིས་ཟུང་འཇུག་ཏུ་འགྱུར་བ་དང་། རྡོ་སོགས་རགས་པ་མ་བསལ་ན། མྱུ་གུ་སྐྱེ་བའི་སྐབས་མེད་པ་བཞིན་སྣང་བ་མ་བསལ་ན་ལྷ་བསྐྱེད་པའི་སྐབས་མེད་པས་ལྷ་བསྐྱེད་པའི་དགོས་པ་དང་རྣམ་པ་གསུངས་སོ། །གཉིས་པ་དངོས་གཞི་ལ་གསུམ། ཆད་མཐའ་དགག་པའི་ཕྱིར་བསལ་བའི་ངོ་བོར་ལངས་པ། དེས་རྣལ་འབྱོར་ཇི་ལྟར་སྒོམ་པའི་ཚུལ། རྣལ་འབྱོར་དེས་སྦྱང་གཞི་སྦྱོང་བའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ཡི་གེ་གསུམ་ལངས་པ་ཡོད་པའི་ལུགས་དང་། དེ་མེད་པའི་ལུགས་དང་། ཁ་སྐོང་དགོས་མིན་དཔྱད་པའོ། །དང་པོ་ནི། ཀུན་བཟང་རྒྱས་པ་ལས་གསུངས། གཉིས་པ་ཀུན་བཟང་བསྡུས་པ་སོགས་ལས་ཡི་གེ་གསུམ་ལངས་པ་མི་སྣང་སྟེ། གཞུང་དེ་ལས། དེ་འོག་ཧཱུྃ་གི་རྡོ་རྗེར་བྱས་པའི་སར། །ཞེས་སོ། །གསུམ་པ་ནི། ཕྱི་མར་སྔ་མས་ཁ་བསྐང་དགོས་སོ་སྙམ་ན་ཁ་བསྐངས་པ་མཆོག་ཡིན་གྱི། མ་བསྐངས་ཀྱང་ཆད་སྐྱོན་དུ་མི་འགྱུར་རོ། །དེ་ཡང་འགྲོ་བ་མཐའ་དག་གི་སྦྱང་གཞིའི་ངོ་བོར་བསྒོམ་པ་དང་། ཆད་མཐའ་དགག་པ་དང་། འཇུག་པ་ཉིད་སེམས་བསྐྱེད་དུ་བྱ་ཚུལ་འདི་གསུམ་གང་ལའང་ལེགས་པར་གནས་པར་ཤེས་པར་བྱའོ། །གཉིས་པ་རྣལ་འབྱོར་དེས་ཇི་ལྟར་བསྒོམ་པའི་ཚུལ་ལ་གཉིས་ཏེ། སྣོད་སྦྱང་ཕྱིར་རྟེན་དང་།


JKT005_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་སྦྱང་ཕྱིར་བརྟེན་པ་བསྒོམ་པའོ། །དང་པོ་ལ་གསུམ་སྟེ། གཞིའི། རྒྱུའི། གནས་ཐབས་ཀྱི་ཡན་ལག་གོ །དང་པོ་ནི། འདུས་པའི་ཕྱི་མར། ཆོས་འབྱུང་ཇི་ལྟར་བསྒོམ་པ་དང་། སོགས་ཀྱི་ལན་རྒྱས་པར་བཤད་པ་ལྟར་ཏེ། འདི་ལ་རྩིབས་བཅུ་པའི་སྲུང་འཁོར་མི་བསྒོམ་པ་དང་། བསྒོམ་པའི་ལུགས། སྒོམ་ཚུལ་རྒྱས་པར་བཤད་པ། ཆོས་འབྱུང་ཉིད་ཇི་ལྟར་བསྒོམ་པའི་ཚུལ་དང་བཞི་ལས། དང་པོ་ནི། ཀུན་བཟང་བསྡུས་པ་རྩ་འགྲེལ་སོགས་དང་། གཉིས་པ་ནི། ཀུན་བཟང་རྒྱས་པ་སོགས་ལས་གསུངས་ལ། གསུམ་པ་ནི། སྲུང་འཁོར་དེ་ཉིད་ཆོས་འབྱུང་གི་གཞིར་བསྒོམ་པ། བཞི་པ་ནི། ཀུན་བཟང་བསྡུས་པར། རྡོ་རྗེར་བྱས་པའི་སར་ཀུན་ཏུ་བཟང་པོ་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞུ་བ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་སུ་བསྒོམ་པར་གསུངས། དབྱིབས་ནི་ཕྱོགས་གང་ནས་བལྟས་ཀྱང་གྲུ་གསུམ་གྱེན་དཀར་གནས་པའོ། །ཁ་དོག་ནི་དཀར་པོའོ། །གཉིས་པ་རྒྱུའི་ཡན་ལག་ནི། ཆོས་འབྱུང་གི་དབུས་སུ་ཨོཾ་ལས་བྱུང་བའི་ཟླ་དཀྱིལ་སྟེང་ཁཾ་ལྗང་གུ་ལས་སྣ་ཚོགས་རྡོ་རྗེ། དེ་སྟེང་དུ་ཧཱུཾ་ལས་འཁོར་ལོ་དཀར་པོ་ཧཱུྃ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་ཡུམ་དང་བཅས་པ་བསྐྱེད་པར་བཤད་དོ། །གསུམ་པ་གནས་ཐབས་ཀྱི་ཡན་ལག་ནི། རྗེ་བླ་མས། འོག་གཞི་ལོགས་དང་སྟེང་ཐོག་དང་། །སྒོ་དང་རྟ་བབས་ལྔ་ཡིས་བསྡུསཾ། །


JKT005_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པའི་དོན་ལྟར་རྒྱས་པར་ཤེས་པར་བྱའོ། །གཉིས་པ་བརྟེན་པ་བསྐྱེད་པ་ནི། བསྐྱེད་ཆོག་སྤྱིའི་རྣམ་པར་བཞག་པ་དང་། སྐབས་ཀྱི་དོན་ལ་བཞག་པའོ། །དང་པོ་ལ་གསུམ། བསྙེན་སྒྲུབ་ཡན་ལག་བཞི་ངོས་བཟུང་བ། དེ་ཉིད་འབྲས་བུ་བཞིར་བཞག་ཚུལ། ཆུང་ངུ་ལ་སོགས་པའི་ཁྱད་པར་དཔྱད་པའོ། །དང་པོ་ནི། རྩ་རྒྱུད་༡༢ལས། བསྙེན་པའི་དམ་ཚིག་སྦྱོར་བ་དང་། །སོགས་ནས། འགྲུབ་འགྱུར། །ཞེས་པས། ཚིགས་བཅད་དང་པོས་ཡན་ལག་བཞིའི་ཐ་སྙད་དང་། དེ་ནས་རྐང་པ་གཉིས་ཀྱིས་ཐུན་མོང་གི་ལས་སྒྲུབ་པ་དང་། ཚིགས་བཅད་ཕྱེད་དང་གསུམ་གྱིས་ཡན་ལག་རྒྱས་པར་བསྟན་ཏོ། །འདི་རྣལ་འབྱོར་དབང་ཕྱུག་གི་མན་ངག་གིས་འགྲེལ་ཚུལ་དང་། འཕགས་པ་ཡབ་སྲས་དང་། ལུགས་འདིའི་འགྲེལ་ཚུལ་གསུམ། དང་པོ་ནི། བརྟག་གཉིས་དང་། འདུས་པའི་རྒྱུད་ཕྱི་མར། དང་པོ་སྟོང་ཉིད་བྱང་ཆུབ་སེམས། །སོགས་གསུངས་པ་དོན་གཅིག་ཏུ་མཛད་དོ། །བསྐྱེད་ཆོག་གང་གིས་བསྐྱེད་ཀྱང་དམ་ཚིག་པ་བསྐྱེད་པ་ནི། བསྙེན་པའི་སྐྱེ་མཆེད་དམ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནི་ཉེར་སྒྲུབ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་ནི་སྒྲུབ་སྔགས་ཀྱི་བདག་པོ་སྙིང་གའི་ས་བོན་ལ་བཞེད་དོ། །པའི་དབང་བསྐུར་བ་ནས་རིགས་ཀྱི་བདག་པོས་རྒྱས་གདབ་པའམ། ཡང་ན་དབུ་རྒྱན་རང་ཆས་ཅན་དུ་བསམ་པ་ནི་སྒྲུབ་


JKT005_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡན་ལག་སྟེ། ཡིག་འབྲུའི་སྐད་དོད་ཨཀྟར་འགྱུར་མེད་དེ་གང་གིས་རྒྱས་གདབ་པ། དེའི་རིགས་ལས་འགྱུར་བ་མེད་པས་ན་རིགས་བདག་སྟོན་ནོ། །གཉིས་པ་ནི། ཟླ་བ་གྲགས་པའི་བཞེད་པར། ཡེ་ཤེས་ཀྱིས་བསྐྱེད་པ་ནས་ལྷག་མོས་འོད་གསལ་དུ་བསྡུ་བའི་བར་ནི་བསྙེན་པ། དེ་བཞིན་ཉིད་ལས་བྱང་ཆུབ་པ་ནས་ལུས་དཀྱིལ་བཀོད་པས་སྤྲུལ་སྐུ་རྡོར་སེམས་སུ་གྱུར་པའི་བར་ནི་ཉེར་སྒྲུབ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་སེམས་དཔའ་སུམ་བརྩེགས་བསྒོམས་པ་ནི་སྒྲུབ་པའི། རྗེས་ཆགས་ཀྱི་རྣལ་འབྱོར་ནས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་དབུ་རྒྱན་རང་ཆས་སུ་བསྒོམ་པའི་བར་ནི་སྒྲུབ་པ་ཆེན་པོའི་ཡན་ལག་ཏུ་བཞེད་དོ། །གསུམ་པ་ནི། ཙི་ལུ་པ་དང་ཐ་ག་ནའི་རྩ་རྒྱུད་ཀྱི་འགྲེལ་པ་གཉིས་དང་། སྒྲུབ་ཐབས་ཀྱི་གཞུང་ཐམས་ཅད་ཀྱི་དགོངས་པ་ཞུ་བ་གླུས་བསྐུལ་ལས། འབྲས་བུ་རྡོ་རྗེ་འཛིན་པ་ཡབ་ཡུམ་དང་། གསར་དུ་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་དེ་ཕྱིར་སྤྲོས་ཏེ་རང་གནས་སུ་བཀོད་པ། ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་རྣམས་ནི་བསྙེན་པའི། དེ་གསུམ་ཆར་ལ་མིག་ལ་སོགས་པས་སྙིང་སོགས་དྲུག་བསྐྱེད་པ་ནི་ཉེར་སྒྲུབ་ཀྱི་ཡན་ལག །སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནི་སྒྲུབ་པའི་ཡན་ལག །དབང་བསྐུར་ནས་རིགས་ཀྱི་བདག་པོས་རྒྱས་གདབ་པ་ནི་སྒྲུབ་ཆེན་གྱི་ཡན་ལག་ཏུ་བཞེད་དོ། །རྒྱུད་ཕྱི་མ་ལས། དང་


JKT005_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྟོང་ཉིད་སོགས་གསུངས་པ་ནི། དཀྱིལ་འཁོར་རྒྱལ་མཆོག་གི་ཁྱད་ཆོས་སུ་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཡབ་ཀྱི་ཞལ་དུ་ཞུགས་ནས་ཟླ་བ་ཞུ་བའི་གཟུགས་སུ་གྱུར་པ་རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་བབ་པ་དང་པོ། དེ་ཉིད་ལས་གཙོ་བོར་ས་བོན་དུ་གྱུར་པ་གཉིས་པ། དེ་ཉིད་ལས་དཀྱིལ་འཁོར་གྱི་ལྷར་གྱུར་པ་གསུམ་པ། དེ་ཉིད་ལས་རང་སྔགས་ཀྱིས་ཕྱིར་ཕྱུངས་ནས་རང་རང་གི་གནས་སུ་འཁོད་པ་བཞི་པར་བཤད་དེ། རྒྱུ་རྡོར་འཛིན་དང་། འབྲས་བུ་རྡོར་འཛིན་ལ་ཆོ་ག་བཞི་སྦྱར་ཚུལ་ནི་འོག་ཏུ་འཆད་དོ། །གཉིས་པ་ནི། བསྙེན་པ་ལ་རྒྱུ་མཐུན་གྱི་འབྲས་བུ་ཞེས་བྱ་སྟེ། བཤེས་གཉེན་དམ་པ་རྒྱུའི་རྡོ་རྗེ་འཆང་དང་འདྲ་བའི་འབྲས་བུ་རྡོ་རྗེ་འཛིན་པའི་སྐུ་ཡིན་པའི་ཕྱིར་ཉེ་བར་སྒྲུབ་པའི་ཡན་ལག་ཅན། ཁྱོད་ལ་རྣམ་སྨིན་གྱི་འབྲས་བུར་བཞག་པ་ལ་རྒྱུ་མཚན་ཡོད་དེ། ཁྱོད་རྒྱུ་མཐུན་གྱི་འབྲས་བུ་གྲུབ་པའི་ཚེ་ཐམས་ཅད་མཁྱེན་པ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་ཕྱིར། སྒྲུབ་པའི༔ ཁྱོད་ལ་སྐྱེས་བུ་བྱེད་པའི་འབྲས༔ སྐུ་གསུམ་གྱི་ངོ་བོ་ལ་ཐུགས་གསུང་སྐུའི་རྡོ་རྗེ་ནི་སྐྱེས་བུ་ཡིན་ལ། དེས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར། སྒྲུབ་ཆེན་གྱི་ཡན་ལག༴ ཁྱོད་ལ་དྲི་མ་མེད་པའམ། དབང་གི་འབྲས་བུ༔ ཁྱོད་ཇི་ལྟར་དབང་བསྐུར་ནས་དྲི་མ་དག་པར་བྱས་པའི་ཆ་ནས་དྲི་མ་མེད་པའི་འབྲས་བུ་དང་། ཁམས་གསུམ་


JKT005_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་ཆ་ནས་དབང་གི་འབྲས་བུ་དང་། དབང་བྱེད་པ་དང་། བདག་པོ་དོན་གཅིག་པས་བདག་པོའི་འབྲས་བུར་ཡང་འཇོག་པའི་ཕྱིར་རོ། །འདི་ལ་ཙི་ལུ་པས། །མྱ་ངན་ལས་འདས་པའི། ཐམས་ཅད་མཁྱེན་པའི། སྐུ་གསུམ་ཐོབ་པའི། ཆོས་ཀྱི་དབང་ཕྱུག་གི་ཡན་ལག་བཞིར་བཞག་སྟེ། དེ་ཡང་མི་གནས་པའི་མྱང་འདས་ཐོབ་ནས་ཐམས་ཅད་མཁྱེན་པར་འབད་མེད་དུ་འགྱུར་ལ། དེ་ནས་སྐུ་གསུམ་གྱི་སེམས་ཅན་གྱི་དོན་བྱེད་ཅིང་། དེས་ཁམས་གསུམ་ཆོས་ཀྱི་དབང་ཕྱུག་ཏུ་འགྱུར་ཞེས་གོ་རིམ་དང་སྒྲ་དོན་གཉིས་ཀ་ལེགས་པར་གྲུབ་བོ། །གསུམ་པ་ནི། འོ་ན་བཞི་པོ་དེས་རྗེ་བཙུན་ཡབ་བསྐྱེད་པ་ལས་འབྲས་བུ་ཆུང་ངུ་། ཡུམ་བསྐྱེད་པར་འབྲིང་པོ། འཁོར་བསྐྱེད་པར་ཆེན་པོར་འཇོག་པ་ནི། དང་པོས་ཐ་མལ་ཀྱི་རྣམ་རྟོག་སྤོང་བའི་མཐུ་ཆུང་བ་སོགས་ཀྱི་རིམ་པས་སོ། །གཉིས་པ་སྐབས་ཀྱི་དོན་ལ་སྦྱར་བ་ལ་གཉིས་ཏེ། ཡན་ལག་དང་འབྲས་བུ་ཆུང་ངུ་བཞིས་རྗེ་བཙུན་ཡབ་དང་། དེ་འབྲིང་བཞིས་ཡུམ་བསྐྱེད་པའོ། །དང་པོ་ལ་བཞི་ལས། དང་པོ་བསྙེན་པའི་ཡན་ལག་དང་། རྒྱུ་མཐུན་པའི་འབྲས་བུ་ཆུང་ངུ་ལའང་གཉིས། བཤེས་གཉེན་དམ་པ་རྒྱུའི་རྡོ་རྗེ་འཆང་བསྐྱེད་པ་དང་། དེའི་རྒྱུ་མཐུན་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པའོ། །དང་པོ་ལ་གསུམ་སྟེ། མངོན་བྱང་ལྔའི་ཆོ་ག །དེས་ཆགས་པ་ཅན་གྱི་


JKT005_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་འདུལ་ཚུལ། འགྲོ་བར་དབང་བསྐུར་ཚུལ་ལོ། །དང་པོ་ལའང་གཉིས་ཏེ། ཉམས་ལེན་གྱི་རིམ་པ་དང་། དེ་ཉིད་རྒྱུད་ཀྱི་ལུང་དང་སྦྱར་བའོ། །དང་པོ་ནི། ཟླ་ཉི་ཕྱག་མཚན་ས་བོན་སྐུ་ཡོངས་རྫོགས་ལ་བྱང་ཆུབ་པ་ཡེ་ཤེས་ལྔ་ཡི་ངོ་བོའོ། །གཉིས་པ་ནི། རྩ་རྒྱུད་ཀྱི་ཟིལ་གནོན་རྡོ་རྗེ་དང་། དམ་ཚིག་འབྱུང་བ་རྡོ་རྗེ་གཉིས་ཀྱིས་འདིས་སྟོན་པར་བཞེད་དོ། །གཉིས་པ་རྗེས་ཆགས་ཀྱིས་སེམས་ཅན་འདུལ་ཚུལ་ལའང་སྔར་བཞིན་གཉིས་ཏེ། དང་པོ་ནི། འདོད་ཆགས་ཆེན་པོའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ་རྗེ་བཙུན་ཡབ་ཀྱི་ལུས་ལ་ཞུགས་པས་སྤྱན་སོགས་ལྷ་མོ་དགུར་གྱུར་ཏེ་ཕྱིར་ཕྱུང་སྟེ་རིགས་ལྔའི་ནང་དུ་ཞུགས་པའོ། །གཉིས་པ་ནི། ༡རྩ་རྒྱུད་ལས་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བས་སྟོན་པར་བཞེད་དོ། །གསུམ་པ་དབང་བསྐུར་བ་ལ་གཉིས་ཏེ། དང་པོ་ཉམས་ལེན་ལའང་དྲུག ། དབང་བསྐུར་བའི་དགོས་པ་ནི། འདོད་ཆགས་ཆེན་པོས་འདུལ་བའི་སེམས་ཅན་རྣམས་གསང་བ་འདུས་པའི་སྣོད་རུང་དུ་བྱ་བའི་ཕྱིར་རོ། །གང་དུ་དབང་བསྐུར་བའི་དཀྱིལ་འཁོར་ནི། ཡུམ་གྱི་པདྨར་དཀྱིལ་འཁོར་བསྐྱེད་པ་ལའོ། །དེར་འགྲོ་བ་གཞུག་ཚུལ་ནི། འགྲོ་བ་ཐམས་ཅད་དཀྱིལ་འཁོར་དེར་གཞུག་པའོ། །ཞུགས་པ་ལ་དབང་བསྐུར་ཚུལ་ནི། ས་བོན་འོད་ཀྱིས་བདེ་གཤེགས་ཐམས་ཅད་ཡབ་ཀྱི་ཞལ་དུ་


JKT005_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། བྱང་ཆུབ་སེམས་ཞུ་བ་རྡོ་རྗེའི་ལམ་ནས་བྱུང་བས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བའོ། །དེ་ལྟར་གྱུར་ནས་ཕྱིར་སྤྲོ་བ་ནི། ཀུན་བཟང་རྒྱས་པར། དབང་བསྐུར་བའི་རྗེས་ལ་སེམས་ཅན་ཐམས་ཅད་བདེ་བ་ཐོབ་ནས་ཞུ་བར་གྱུར་ནས། རྡོ་རྗེ་སེམས་དཔའ། རྣམ་པར་སྣང་མཛད་ཀྱི་བར་དུ་ཟླ་བའི་གདན་ཉེར་གཅིག་ལ་ཟླ་བའི་ཆ་ཉི་ཤུ་རྩ་གཅིག་ཏུ་གྱུར་ཏེ། དེ་ཡང་ས་བོན་ཉེར་གཅིག་ཏུ་གྱུར་ཏོ། །ཞེས་སོགས་གསུངས་སོ། །དེ་ཉིད་ཀྱི་དོགས་པ་འགོད་པ་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། རྩ་རྒྱུད་ལས་ཟིལ་གནོན་རྡོ་རྗེའི་སྐབས་སུ། དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་ན་གནས་པའི་སེམས་ཅན་སོགས་ནས། ཡིད་བདེ་བ་ཐོབ་པར་གྱུར་ཏོ། །ཞེས་པས་བསྟན་པར་བཞེད་དོ། །གཉིས་པ་དེའི་རྒྱུ་མཐུན་འབྲས་བུ་རྡོར་འཛིན་བསྐྱེད་པར། རྒྱུ་རྡོ་རྗེ་འཆང་ཞུ་བ། དེ་ལས་གླུས་བསྐུལ་བ། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པའོ། །དང་པོ་ནི། བར་སྲིད་མཚོན་བྱེད་ཡི་གེ་འབྲུ་གསུམ་ཧོ་གཉིས་ཀྱི་བར་དུ་ཆུད་པས་ཞུགས་པས་རྐྱེན་བྱས་ཏེ་ཞུ་བའོ། །གཉིས་པ་ནི། དེ་ལ་མཱ་ཀི་སོགས་ལྷ་མོ་བཞིས་ཚིགས་བཅད་རྒྱུད་ཕྱི་མ་ནས་འབྱུང་བ་ལྟར་གྱིས་བསྐུལ་བའོ། །གསུམ་པ་ནི། ཀུན་བཟང་རྒྱས་པར། དེ་ལྟར་བསྐུལ་བས་སྒྱུ་མ་ལྟ་བུའི་ཐིག་ལེ་དེ་མཾ་ཡིག་གུར་གུམ་གྱི་མདོག་ལྟ་བུར་གྱུར། དེ་ལས་རལ་གྲི་


JKT005_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་གུའི་ཡུ་བ་ལ་མཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་འཇམ་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་གི་གཟུགས་སུ་གྱུར་ཏེ། མཾ་ཡིག་ལ་བསྡུས་ནས་དེ་ཡོངས་སུ་གྱུར་པ་ལས། དཀྱིལ་འཁོར་གྱི་གཙོ་བོ་རང་འོད་ཀྱི་རིག་མས་འཁྱུད་པ་བསྐྱེད་པར་བཤད་དོ། །གཉིས་པ་ཉེར་སྒྲུབ་ཀྱི་ཡན་ལག་དང་། རྣམ་སྨིན་གྱི་འབྲས་བུ་ཆུང་ངུ་ནི་མིག་སོགས་སྐྱེ་མཆེད་དྲུག་ཏུ་ས་སྙིང་སོགས་སེམས་དཔའ་དྲུག་རྡོ་རྗེའི་ཆོ་ག་གསུམ་གྱིས་བསྐྱེད་པའོ། །གསུམ་པ་སྒྲུབ་པའི་ཡན་ལག་དང་། སྐྱེས་བུས་བྱེད་པའི་འབྲས་བུ་ཆུང་ངུ་ནི། སྔགས་ཀྱི་བདག་པོ་རྡོ་རྗེ་གསུམ་གྱིས་གནས་གསུམ་བྱིན་གྱིས་བརླབས་པའོ། །བཞི་པ་སྒྲུབ་ཆེན་དང་། དྲི་མེད་ཀྱི་འབྲས་བུ་ཆུང་ངུ་ནི། རང་གི་སྙིང་གར་རྡོ་རྗེ་གསུམ་གྱིས་ཡེ་ཤེས་སེམས་དཔའ་བསྐྱེད་པའི་ཐུགས་འོད་ཀྱིས་བདེ་གཤེགས་རྣམས་བསྐུལ་བས། ཐུགས་ལས་འོད་ཟེར་འཕྲོས་པའི་རིག་མ་རྣམས་ཀྱིས་བུམ་ཆུས་སྤྱི་བོ་ནས་དབང་བསྐུར་བའོ། །གཉིས་པ་ཡན་ལག་དང་འབྲས་བུ་འབྲིང་བཞིས་རྗེ་བཙུན་ཡུམ་བསྐྱེད་པ་ལ་གཉིས། མཐའ་དཔྱད་དང་། ཉམས་ལེན་གྱི་རིམ་པའི་ལུགས་འདིས་རྒྱུ་འབྲས་ཀྱི་རྡོར་འཛིན་དང་། འགྲོ་བར་དབང་བསྐུར་བའི་སྐབས་སུ་སེམས་ཅན་རྣམས་ལྷར་བསྐྱེད་པ་ཡང་ཆོ་ག་བཞིས་བསྐྱེད་པར་བཞེད་དེ། རྒྱུ་རྡོར་འཛིན་ལ་ཟླ་བ་གཉིས་ཟླ་བ་གཅིག་ཏུ་གྱུར་


JKT005_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཆོས་དང་པོའོ། །དེ་ཉིད་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པར་གྱུར་པ་ནི་གཉིས་པ། དེ་ལས་སྐུ་རྫོགས་པ་ནི་ཆོ་ག་གསུམ་པ། དེ་ཉིད་གཞན་དུ་མི་གཡོ་བར་རང་གནས་སུ་བཞག་པ་ནི་བཞི་པ། དེའི་རྒྱུ་མཐུན་སྐུ་ལས་ཐིག་ལེ་ཞུ་བ་དང་པོ། བར་མ་གཉིས་ནི་སྔར་དང་འདྲ། སྔགས་ཀྱི་ཚོགས་ཆོས་ཀྱི་དབྱིབས་ཀྱི་ཡེ་ཤེས་སུ་བྱིན་གྱིས་བརླབས་པ་ནི་བཞི་པའོ། །འགྲོ་བས་དབང་བསྐུར་ལ་སྔ་མ་གསུམ་ནི་འདྲ། ཕྱིར་སྤྲོས་ཏེ་རང་གནས་སུ་གཤེགས་པ་ནི་བཞི་པའོ། །དང་། སྒྲུབ་ཐབས་ལས་བཤད་པའི་བརྒལ་ལན་ཏེ་འདིར་མ་བྲིས་ལ། གཉིས་པ་ནི། ཇི་སྐད་བཤད་པའི་བསྙེན་པའི་ཡན་ལག་དང་། རྒྱུ་མཐུན་པའི་འབྲས་བུ་བར་མ་བྱས་ན་ཉེ་བར་སྒྲུབ་པ་རྣམ་པར་སྨིན་པའི་འབྲས་བུ་བར་མ་ལ་ནི་ཁྱད་པར་མི་སྣང་ལ། །སྒྲུབ་པའི་ཡན་ལག་དང་སྐྱེས་བུས་བྱེད་པའི་འབྲས་བུ་འབྲིང་པོ་ནི་སྔ་མ་བཞིན་དང་། སྒྲུབ་ཆེན་དང་དྲི་མེད་ཀྱི་འབྲས་བུའང་སྔར་བཞིན་ནོ། །གསུམ་པ་རྗེས་ཆགས་ཀྱི་རྣལ་འབྱོར་ནི། རྗེ་བཙུན་ཡུམ་གྱི་གནས་ལྔར་རིགས་ལྔའི་ས་བོན་གྱིས་གཏམས་ནས་མཁའ་གསང་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས་ཡབ་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཡུམ་ལ་རེག་པས་གཉིས་སུ་མེད་པའི་རྗེས་ཆགས་སུ་བསམ་མོ། །གསུམ་པ་རྣལ་འབྱོར་དེས་སྦྱང་གཞི་སྦྱོང་བའི་ཚུལ་ལ་གསུམ། སྦྱང་གཞི། སྦྱོང་བྱེད། ཇི་ལྟར་སྦྱང་བའོ། །དང་པོ་ནི་འཁྲུལ་ངོར་མ་དག་པར་སྣང་བའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དོ། །གཉིས་པ་ནི་རྟེན་དང་


JKT005_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོའོ། །གསུམ་པ་ནི་བསོད་ནམས་ཀྱི་ཚོགས་བསགས་པས་རང་རྒྱུད་ཀྱི་ལས་ཀྱི་སྒྲིབ་པ་བཟློག་པ་དང་། ཡེ་ཤེས་ཀྱི་ཚོགས་བསགས་པས་དངོས་འཛིན་བཟློག་པ་དང་། དངོས་གཞིར་སེམས་གསལ་བ་ཙམ་དུ་ལངས་པས་ཆད་མཐའ་སྦྱོང་བ་དང་། བརྟེན་པས་ཕྱི་སྣོད་ཀྱི་འཇིག་རྟེན་གླིང་བཞི་རི་རབ་ཁང་ཁྱིམ་ལ་སོགས་པ་དང་། རྟེན་གྱི་སྐྱེ་གནས་བཞིས་བསྡུས་པའི་ནང་བཅུད་ཀྱི་སེམས་ཅན་སྦྱོང་པའོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ལ་གཉིས་ཏེ། ཡན་ལག་བཞིས་བསྐྱེད་པ་དང་། མཆོད་བསྟོད་བདུད་རྩི་མྱོང་བའོ། །དང་པོ་ལ་བཞི་ལས། དང་པོ་བསྙེན་པའི་ཡན་ལག་རྒྱུ་མཐུན་གྱི་འབྲས་བུ་ཆེན་པོ་ལའང་བདུན། བསྐྱེད་ཆོག་གི་ངེས་པ། འབྱིན་སྔགས་ཀྱི་ངེས་པ། མཛད་པའི་ངེས་པ། ཞལ་ཕྱག་གི་ངེས་པ། ལྷའི་གྲངས་ཀྱི་ངེས་པ། གཙོ་བོ་གོ་འཕོ་བའི་དཀྱིལ་འཁོར་གྱི་གྲངས་ཀྱི་ངེས་པ། ཡེ་ཤེས་པ་གཞུག་པའི་ངེས་པའོ། །དང་པོ་ནི། རྡོ་རྗེ་ཆོ་ག་བཞི་པ་སྟེ། མངལ་དུ་ཐིག་ལེ་ཞུ་བ་ནི་བྱང་ཆུབ་སེམས་ཀྱི་ཆོ་ག །དེ་ས་བོན་དུ་གྱུར་པ་ནི་ས་བོན་དུ་བསྡུ་བའི་ཆོ་ག །དེ་ལས་ལྷའི་སྐུ་ཡོངས་སུ་རྫོགས་པ་ནི་གཟུགས་བརྙན་རྫོགས་པའི་ཆོ་གའོ། །གཉིས་པ་ནི། དེ་ཉིད་འབྱིན་སྔགས་ཀྱིས་ཕྱུང་སྟེ་བསྡུས་ནས་རང་གནས་སུ་བཞག་པ་སྟེ་ཡིག་འབྲུ་དགོད་པའི་ཆོ་གའོ། །གསུམ་པ་ནི།


JKT005_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་སྔགས་ཀྱིས་མི་བསྐྱོད་པ་བསམ་གྱིས་མི་ཁྱབ་པ་སྤྲོས། ཞེ་སྡང་གཙོ་བོར་གྱུར་པའི་སེམས་ཅན་གྱི་དོན་བྱས་ཏེ། ཞེ་སྡང་ཆེན་པོ་བསྐྱེད་པའི་རྣམ་ཤེས་ཀྱི་ཕུང་པོ་དང་། ཤིན་ཏུ་རྣམ་དག་ཆོས་དབྱིངས་ཀྱི་རང་བཞིན་ནི་ལུས་ལ་ཐིམ་པར་བསམ་མོ། །ཞེས་སོགས་རིགས་ལྔ་ཀར་འགྲེས་སོ། །བཞི་པ་ནི། སྒྲུབ་ཐབས་ནས་འབྱུང་བ་ལྟར་རོ། །ལྔ་པ་ནི། ལྷ་བཅུ་དགུར་གྲངས་ངེས་པ་ནི་འཁོར་བའི་འདྲ་འབག་གི་སྒོ་པའི་འདྲ་འབག་གི་སྒོ་ནས་བཅུ་དགུར་གྲངས་ངེས་པ་དང་། གྲངས་གཞན་དུ་རྟོག་པ་མི་འཐད་པའི་ཚུལ་ཡོད་ཀྱང་ཞིབ་པར་མ་སྤྲོས་སོ། །དྲུག་པ་ནི། སྙིམ་པའི་མེ་ཏོག་ལས། འདི་ནས་བཤད་པའི་རླུང་དུ་འབྲིང་དང་ཆེན་པོའི་ཡན་ལག་གི་རིམ་པས་རྒྱུད་སྡེ་གཞན་ལས་བཤད་པའི་ལྷ་གང་ཡིན་པ་དེའི་ཞལ་ཕྱག་གི་དང་། ས་བོན་དང་། རིགས་བདག་ངེས་པར་བྱས་ནས་བསྒྲུབ་པའི་ཚུལ་དང་། དཀྱིལ་འཁོར་འདི་ཉིད་ལ་བཀོད་པའི་ལྷ་གཙོ་བོ་གོ་འཕོ་བའི་ཚུལ་གཉིས་གསུངས་སོ། །བདུན་པ་ནི། དཀྱིལ་འཁོར་འཁོར་ལོ་དགུག་པ་དང་། མཆོད་པ་དང་། བསྟིམ་པ་དང་། བཅིངས་པ་དང་། མཉེས་པར་བསྟབ་བར་བཤད་དོ། །གཉིས་པ་ཉེར་སྒྲུབ་ཀྱི་ཡན་ལག་དང་། རྣམ་སྨིན་གྱི་འབྲས་བུ་ཆེན་པོ་ནི། མིག་ལ་སོགས་པར་སེམས་དཔའ་དྲུག་བཀོད་པ་སྔར་བཞིན་ནོ། །གསུམ་


JKT005_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྒྲུབ་པའི་ཡན་ལག་དང་། སྐྱེས་བུས་བྱེད་པའི་འབྲས་བུ་ཆེན་པོ་ནི་གནས་གསུམ་བྱིན་གྱིས་བརླབ་པ་སྔ་མ་བཞིན་ནོ། །བཞི་པ་སྒྲུབ་ཆེན་དང་། དབང་འབྲས་ཆེན་པོ་དང་དབང་བསྐུར་ནས་རིགས་བདག་གིས་རྒྱས་གདབ་པ་སྔར་བཞིན་ནོ། །གཉིས་པ་མཆོད་པ་ནི། སྤྱན་ལ་སོགས་པའི་ལྷ་མོ་བཅུ་སྤྲོས་ནས་མཆོད་པ་དང་། བསྟོད་པ་ནི། དེ་ཉིད་ལྔ་པ་དང་། བདུད་རྩི་མྱོང་བ་ནི། ཀུན་བཟང་རྒྱས་པར། སྔགས་ཀྱི་ཆོ་གས་བདུད་རྩི་བསྒྲུབས་ཏེ། ཡི་གེ་ཧཱུྃ་གིས་ལྷ་རྣམས་ཀྱི་ལྕེ་བྱིན་གྱིས་བརླབས་ཏེ་བདུད་རྩི་མྱང་བར་བྱའོ། །ཞེས་སོ། །གསུམ་པ་ལས་རྒྱལ་མཆོག་ལ་བཞི་སྟེ། ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་དང་། བཟླས་པའི་རྣལ་འབྱོར་དང་། ཚིམས་པའི་ཆོ་གའོ། །དང་པོ་ནི། འོད་ཟེར་སྤྲོ་བསྡུའི་ཚྭ་ཡིག་དེ་ཉིད་ཐིག་ལེར་བསྒོམ་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཾ་ཡིག་ལས་འོད་ཟེར་འཕྲོས་པས་རྟེན་དང་བརྟེན་པར་བཅས་པ་ལ་ཐིམ་སྟེ་སླར་བསྡུ་བའི་ཚུལ་དུ་ཡང་ཡང་བྱའོ། །གཉིས་པ་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་ཞུགས་ནས་ཡུམ་གྱི་པདྨར་ལྷུང་བས་རྗེ་བཙུན་རྡོ་རྗེ་སེམས་དཔར་བསྐྱེད་ནས་དེའི་ཐུགས་ཀ་ནས་རྡོ་རྗེ་རྩེ་ལྔ་པ་སྔར་བཞིན་སྤྲོ་བསྡུ་བྱའོ། །གསུམ་པ་ནི། གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེ་འབྲུ་གསུམ་གྱིས་


JKT005_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ་ལས་སྤྲོ་བསྡུ་བྱ་ཞིང་། ཨོཾ་ཨཱམཱི་ཧཱུྃ། ཞེས་ཅི་ནུས་སུ་བཟླ་བའོ། །བཞི་པ་ནི། འོད་ཟེར་སྤྲོ་བསྡུས་འཇིག་རྟེན་ཐམས་ཅད་ཀྱི་བདུད་རྩི་བཀུག་སྟེ་ལུས་ལ་བཅུག་པ་དང་། སྤྱི་བོའི་རིགས་ལྔའི་བདུད་རྩིས་ལུས་ཚིམ་པར་བསམ་པའོ། །དེ་ལྟར་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་གཙོ་བོར་གྱུར་པའི་ལྷ་བཅུ་དགུའི་དཀྱིལ་འཁོར་གྱི་བསྐྱེད་པའི་རིམ་པ་ཅུང་ཟད་བཤད་ཟིན་ཏེ། དེ་ཡང་། སངས་རྒྱས་ཀུན་གྱི་གསང་ཆེན་ཀུན་གྱི་ཀུན་འདུས་རྒྱུད་ཆེན་ཕྱི་མའི་རྒྱུད་དང་བཅས། །འཇམ་དཔལ་ཞལ་གྱི་བདུད་རྩི་གསན་པའི་སྙིམ་པས་ལེགས་གསོལ་ཤིང་རྟ་ཆེན་པོ་དེས། །ལེགས་པར་བཀྲལ་བའི་གཞུང་བཟང་རྣམས་དང་དེ་ཡི་རྗེས་འབྲངས་གྲུབ་པའི་སར་གནས་པ། །མར་མེ་མཛད་བཟང་སྨན་ཞབས་རིན་ཆེན་རྡོ་རྗེ་བསོད་སྙོམས་ཨ་དྭེ་ཥ་ཡི་གཞུང་། །རྒྱལ་བས་བྱིན་དང་ཐ་ག་ན་དང་ཙི་ལུ་རིན་ཆེན་འབྱུང་གནས་ཞི་བ་ཡི། །རྒྱུད་འགྲེལ་འགྲེལ་པའི་རྣམ་འགྲེལ་དེ་དག་ཡུན་རིང་འབད་པའི་བློ་ཡིས་ཚུལ་བཞིན་དུ། །ཞིབ་མོར་དཔྱད་པའི་བློ་གྲོས་སྤྱི་གཙུག་དམ་པའི་མན་ངག་ནོར་བུས་ལེགས་སྤྲས་པའི། །གཙུག་རྒྱན་འོད་ཀྱི་གསུང་རབས་བང་མཛོད་གསལ་བར་བྱེད་པའི་བསྟན་བཅོས་ཆེན་པོ་འདི། །ཞེས་གསུངས་སོ། །འདི་ནི་སརྦ་ཛྙཱ་པུཎྱ་སིཾ་ཧའི་གསུང་ལས་བཏུས་པ་སྟེ། རྒྱས་པར་དེས་མཛད་པའི་སྒྲུབ་ཐབས་རྣམ་བཤད་དང་བཅས་པ་


JKT005_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྟོགས་པར་བྱོས་ཤིག །ཤུ་བྷཾ།། ༈ །།སྐུ་ཚེ་འདིར་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་བརྙེས་པའི་སློབ་དཔོན་བུདྡྷ་ཛྷཱ་ནའི་ཞབས་ལ། རྗེ་བཙུན་འཇམ་དཔལ་རྡོ་རྗེ་སྤྲུལ་པའི་དགེ་སློང་དུ་རོལ་པས་མངོན་སུམ་དུ་རྗེས་སུ་བཟུང་ནས་གསུངས་པའི་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་བྱ་བའི་ཞལ་གྱི་ལུང་ལས་ཕྱུང་བའི་རྡོ་རྗེའི་ཚིག་གི་དུམ་བུ་འགའ་ཞིག་བྲི་བར་བྱའོ། །དེ་ནས་ཡོན་ཏན་ཀུན་འབྱུང་ཨོ་རྒྱན་ཡུལ་དུ་བགྲོད། །འཇོ་སྒེག་རྡོ་རྗེ་ཞེས་རབ་མཚན་གསོལ་རབ་ཏུ་གྲགས། །སོགས་ནས། ལྷོ་ཕྱོགས་ནམ་མཁའི་ཤིང་ལྡན་ཀངྐ་ན་རུ་བགྲོད། །གྲུབ་པའི་དབང་ཕྱུག་པཱ་ལི་པཱ་དར་རབ་གྲགས་པ། །རྫུ་འཕྲུལ་ལྡན་པའི་སློབ་མའི་ཚོགས་དང་རབ་ཏུ་བཅས། །དེ་ཀུན་ཡོ་བྱད་གོས་ཟས་ནོར་རྒྱུན་གྱིས་སྦྱོར་བ། །བླ་མ་དམ་པ་དེ་དྲུང་ལོ་དགུར་རབ་ཏུ་བཏུད། །འདུས་པའི་རྒྱུད་ཆེན་འགྲེལ་བཅས་བཅོ་བརྒྱད་རབ་ཏུ་མཉན། །བདག་གིས་མ་རྟོགས་བླ་མ་ཆེན་པོས་དེ་བཞིན་གསུངས། །འདི་མ་རྟོགས་པར་གཞན་ནི་དོན་མེད་པར་བསམ་ནས། །གླེགས་བམ་མགུལ་བཏགས་བྱང་ཕྱོགས་ཡུལ་དུ་རབ་བགྲོད་དེ། །རྡོ་རྗེ་གདན་དུ་ཀུ་བ་རྩ་ཞེས་བྱ་བའི་ཚལ། །སྟག་དང་དྲེད་སོགས་མང་ཞིང་ཤིན་ཏུ་འཇིགས་པའི་སར། །ཟླ་བ་དྲུག་གནས་པ་ཡིས་ཆོས་རྣམས་དེ་ཉིད་རྟོགས། །སྤྲུལ་པའི་དགེ་སློང་བླ་མ་གཉིས་དང་བཅས་པ་ཕྲད། །


JKT005_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་དང་ལག་གཉིས་ཡོལ་དང་ཚེས་བརྒྱད་རྒྱལ་ལ་བབས། །སྟོན་ཟླ་ར་བའི་ཐོ་རངས་སྐྱ་རེངས་ཤར་དུས་སུ། །འཇམ་དཔལ་དབྱངས་ཀྱིས་དཀྱིལ་འཁོར་འཁོར་ལོར་སྤྲུལ་པ་ལས། །བདག་གིས་དོན་འདི་བླང་ཕྱིར་གསོལ་བ་རབ་ཏུ་བཏབ། །ཁྱོད་ནི་སེམས་ཅན་ཀུན་གྱི་ཡབ་སྟེ་ཡུམ་ཡང་ཡིན། །སོགས་ནས། རྗེ་བཙུན་བདག་ལ་ཕན་ཕྱིར་སྦས་པ་ཤོད། །ཅེས་ལ་སོགས་ཟློཀ་བདུན་གྱིས་གསོལ་བ་བཏབ་པས། དེ་ནས་འཇམ་དབྱངས་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིས། །བདག་ལ་འཛུམ་པའི་བཞིན་བཅས་ལེགས་ཞེས་ལན་གསུམ་གསུངས། །རོལ་པའི་གར་དང་ཆོས་ཀུན་དེ་བཞིན་ཉིད། །སྒྲ་བརྙན་ལྟ་བུ་རྡོ་རྗེའི་གླུ་ཡིས་བདག་ལ་བསྟན། །ཨ་བི་ཡཾ་རཾ་བཾ་ལཾ་ཧཱུྃ་ཨ་ལ་ལ་ཧོ། །རྗེ་བཙུན་ཐུགས་རྗེ་ཅན་རྣམས་ཀྱིས། །འདི་རྟོགས་པ་ཡི་བདེ་གཤེགས་ཀྱིས། །ཕུན་སུམ་ཚོགས་པ་འཐོབ་འགྱུར་བའི། །འདས་དང་ད་ལྟར་མ་བྱོན་པའི། །རྡོ་རྗེ་འཛིན་པས་སྣོད་འགའ་ལ། །གསུངས་ཤིང་གསུང་དང་གསུང་འགྱུར་བ། །ཡང་དག་དོན་རབ་རབ་རྟོགས་ཕྱིར། །ང་ཡིས་ཁྱོད་ལ་བསྟན་པར་བྱ། །ཡིད་གཅིག་བསྡུས་ལ་མཉན་པར་གྱིས། །ཆོས་རྣམས་གཟུགས་ལ་སོགས་པ་རྣམས། །ཀུན་མཁྱེན་པར་གྱི་རང་བཞིན་ནི། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་ཡེ་ཤེས་དེ། །དེ་ནི་དངོས་མེད་སྒོམ་དངོས་མེད། །དངོས་


JKT005_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐམས་ཅད་དང་བྲལ་བའི། །ཁམས་དང་སྐྱེ་མཆེད་ཀྱིས་མ་ཟིན། །རང་བཞིན་གྱི་ནི་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །མེད་ནས་ཆོས་རྣམས་མཚན་ཉིད་སྤངས། །ཆོས་དང་ཆོས་ཉིད་ཀྱང་མེད་དེ། །དངོས་པོ་མེད་པས་མཁའ་དང་མཚུངས། །ཚིག་དང་ཡི་གེ་ཀུན་ལས་གྲོལ། །དེ་ནི་དུས་དང་ཕྱོགས་རྣམས་དང་། །ཆོས་རྣམས་ཀུན་གྱི་ངོ་བོར་སོང་། །ལུས་མ་ཡིན་ཏེ་ངག་དང་ནི། །ཡིད་ཀྱང་མ་ཡིན་འདོད་ཁམས་དང་། །གཟུགས་དང་གཟུགས་མེད་ཁམས་མ་ཡིན། །འབྱུང་ཆེན་བཞི་ཡང་མ་ཡིན་ཏེ། །དེ་བས་དེ་ནི་གང་ན་ཡང་། །མི་གནས་པས་ན་མཉམ་པ་ཉིད། །དེ་འདྲ་རྡོ་རྗེ་འཆང་ཆེན་པོ། །ཆོས་རྣམས་ཀུན་གྱི་ཆོས་ཉིད་མཆོག །ཐབས་ཀྱིས་བསྒྲུབ་པར་བྱ་བའི་དངོས། །བརྟག་པ་ཀུན་ལས་རབ་དབེན་པ། །ཕུན་སུམ་ཚོགས་རྒྱུད་དཔག་དཀའ་བ། །ཕྱག་རྒྱ་ཆེན་པོ་རབ་སྣང་བའི། །ཟེར་གྱིས་རང་བཞིན་སྨིན་བྱེད་པའི། །དེ་བཞིན་གཉིས་མེད་རང་བཞིན་མཆོག །རྡོ་རྗེ་འཛིན་པ་ཆེན་པོས་ཀྱང་། །བརྗོད་དུ་མེད་པའི་སྐུ་ཆེན་པོ། །དེ་ཉིད་རྒྱལ་སྲས་ཞིང་བཅས་དང་། །སྲིད་གསུམ་རྒྱུ་དང་མི་རྒྱུར་བཅས། །ཐམས་ཅད་ཀུན་གྱི་བདག་ཉིད་དེ། །དངོས་ཀུན་གཙོ་བོ་རང་སེམས་ཀྱི། །ངོ་བོ་ཉིད་དེ་དེ་རྟོགས་ན། །སངས་རྒྱས་བྱང་ཆུབ་དེ་ཉིད་དོ། །འཇིག་རྟེན་གསུམ་ཡང་དེ་ཉིད་དོ། །འབྱུང་ཆེན་


JKT005_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་དེ་ཉིད་དོ། །ཅི་ཡི་ཕྱིར་ན་ཆོས་ཐམས་ཅད། །སེམས་ལ་གནས་ཏེ་དེ་ཉིད་ཀྱང་། །ནམ་མཁའ་ལ་གནས་ནམ་མཁའ་ནི། །གང་དུ་མི་གནས་འོད་གསལ་བ། །གཟོད་ནས་རྣམ་དག་སྟོང་པའོ། །སངས་རྒྱས་མྱ་ངན་འདས་པའི་ཁམས། །སྐྱེ་མེད་རྡོ་རྗེ་མངོན་བྱང་ཆུབ། །བདེར་གཤེགས་ཀུན་གྱི་སྙིང་པོ་མཆོག །གཉིས་མེད་རྟོག་བྲལ་དོན་ཆེན་ཏེ། །རིམ་པ་གཉིས་པར་རབ་ཏུ་བཤད། །དེ་འདྲའི་དོན་དེས་དངོས་པོ་ཀུན། །རྣམ་པར་ཁྱབ་སྟེ་རྣམ་གནས་ཀྱང་། །ཐོག་མེད་དུས་ནས་དེ་ལས་ཀྱང་། །རྣམ་རྟོག་ཆེན་པོའི་བྱུང་ཚུལ་ཏེ། །དེ་ལས་ཡང་ནི་འབྱུང་བ་ཆེ། །རླུང་གི་དཀྱིལ་འཁོར་ཉིད་བྱུང་སྟེ། །དེ་ལས ཀྱང་ནི་མེ་ཡི་ཁམས། །ཆེན་པོ་བྱུང་ནས་ཁྱབ་མཛད་དེ། །དེ་ལས་ཆུ་ཁམས་ཆེན་པོ་ཡང་། །བྱུང་སྟེ་ཁྱབ་མཛད་དེ་ལས་ཀྱང་། །ས་བྱུང་བཞི་བསྡུས་ངོ་བོ་ལས། །རི་སོགས་སེམས་ཅན་ཐམས་ཅད་ཀྱང་། །སྣ་ཚོགས་ཕྲ་བ་སྦོམ་པོ་དང་། །སྐྱེས་པ་བུད་མེད་མ་ནིང་དང་། །གཞོན་ནུ་དང་ནི་རྒན་པོ་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །གདོན་དང་སྐར་མ་གཤིན་རྗེ་དང་། །ཆུ་བདག་བརྒྱ་བྱིན་དམྱལ་བ་དང་། །ཡི་དྭགས་དུད་འགྲོ་དང་དེ་ཀུན། །སྤངས་དང་ཤེས་རབ་ཙམ་བརྟེན་པའི། །འགྲོ་བ་ཀུན་ལ་རྒྱས་པར་གནས། །དེ་བས་དེ་ནི་གོང་མ་ཡི། །གཉིས་མེད་རྟོག་བྲལ་རབ་བསྒྲིབས་ཏེ། །མ་རྟོགས་པས་ན་འགྲོ་བ་


JKT005_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །འཁོར་བར་རབ་ཏུ་འཁོར་བར་འགྱུར། །དེ་ནི་འཁོར་བའི་སྡུག་བསྔལ་ཆེ། །དུག་ཆུ་ལྟ་བུར་འཁྲུལ་པ་ཡིས། །རྣམ་བསྒྲུབས་ཐག་པའི་སྦྲུལ་ལྟ་བུར། །སྣང་ཞིང་མེད་པ་ཉིད་དུ་འདོད། །དེ་བས་གཉིས་མེད་དོན་ཆེན་པོ། །རང་རིག་དཀྱིལ་འཁོར་ཆེན་པོ་མཆོག །རྒྱུན་དང་རྣམ་གྲངས་ཀྱིས་གནས་པས། །དེ་ཡི་ངོ་བོ་རྟོགས་པར་བྱ། །གང་ཞིག་དེ་རྟོགས་རབ་འདུན་པ། །སེམས་ཀྱི་སྨོན་ལམ་ཡང་དག་ཅན། །སྔོན་དུ་བསོད་ནམས་མཐུ་བསྐྱེད་དང་། །སྐྱེས་བུ་ཡང་དག་བཞི་ལ་བརྟེན། །སྤྲོ་དང་གུས་དང་བསྙེན་བཀུར་དང་། །འདུན་པར་ལྡན་ཞིང་སྒོམ་པ་དང་། །བརྟན་པོ་སོམ་ཉི་རྣམ་སྤངས་པ། །རྗེས་མཐུན་གཏོང་ཕོད་དེས་ཤེས་འགྱུར། །དེ་ཡིས་རྗེ་བཙུན་ཡང་དག་པ། །མཆོག་གི་གདམས་ངག་རྒྱུད་ལ་ལྡན། །ཐེག་ཆེན་ལམ་གྱི་སྤྱོད་པ་དང་། །སྒོམ་པ་ལ་ནི་ལྷུར་ལེན་དང་། །དེ་ཉིད་བཅུ་ལ་སོགས་པ་ཡི། །གསང་བ་རབ་གསང་ཤིན་ཏུ་གསང་། །ཤེས་ཤིང་དེ་ཡི་དོན་གབ་པར། །སྟོན་བྱེད་བླ་མ་མཉེས་པར་བྱ། །ཡུལ་དང་མཁའ་དབྱིངས་ཁྱིམ་དང་རྟ། །གླང་པོ་ཆེ་སོགས་མལ་སྟན་དང་། །ཆུང་མ་སྡུག་དང་ཡིད་འོང་བུ། །བུ་ཚ་སྲིང་མོ་ཚ་མོ་སོགས། །གཞན་ཡང་གསེར་དང་དངུལ་གྱི་རྫས། །ཟངས་ལྕགས་སོགས་ལས་བྱས་པ་ཡིས། །མཛེས་པའི་རྫས་དང་མུ་ཏིག་གི །ཕྲེང་དང་པདྨ་རཱ་ག་དང་། །པུ་ཤེལ་


JKT005_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཨིནྡྲ་ནཱི་ལ་དང་། །མ་རྒད་གཡུ་སོགས་མཆོད་པའི་ཚོགས། །ཞིང་འདི་མཁས་པས་རབ་བཀང་སྟེ། །དེ་འདྲའི་རྗེ་བཙུན་དབང་པོ་མཆོད། །གསལ་ཞིང་རབ་དགའ་མཁའ་མཉམ་པ། །གཞན་དུ་རིག་པར་མི་འགྱུར་བས། །བུད་མེད་སྒྱུ་མའི་ཕྱག་རྒྱ་ནི། །སྒྱུ་མ་ཀུན་ལས་ཁྱད་པར་འཕགས། །སྒྱུ་མ་དེ་ཡང་འཇིག་རྟེན་འདིར། །སྤྱན་ལ་སོགས་པ་རྣམ་དག་པར། །རིགས་ནི་རྣམ་པ་བཞིར་འགྱུར་ཏེ། །མིང་དང་མཚན་ཉིད་བཤད་པར་བྱ། །ཀ་མ་ལཱི་དང་ཤངྒཱི་ནི། །ཙི་ཏྲ་ནཱི་དང་ཧསྟི་ནི། །ཞེས་སོགས་ཕྱག་རྒྱའི་མཚན་ཉིད་རྒྱས་པར་དང་། གོང་གསུངས་བུ་མོ་བཙལ་ནས་ཀྱང་། །བླ་མ་ལ་ནི་དབུལ་བར་བྱ། །དེ་ནས་བླ་མ་དེ་མཉེས་ནས། །དེ་དང་སྙོམས་པར་ཞུགས་པ་ཡིས། །བདེ་གཤེགས་ཞུ་གྱུར་བཅུ་དྲུག་ཆ། །གྱུར་པ་བླ་མའི་ཁ་རུ་ལྷུང་། །ཞེས་དང་། དེ་ནས་དེ་ལ་རང་བྱུང་གི །ཆོས་སྐུ་རབ་དག་མཁའ་མཉམ་པ། །ལྷག་པའི་ལྷ་ཞེས་བྱ་བ་ནི། །རྟོགས་བྱའི་ཕྱིར་དུ་བུ་མོ་བྱིན། །ཞེས་སོགས་དབང་བར་པ་གཉིས་དང་། ཁྱད་པར་དབང་བཞི་པའི་དོན་ཤིན་ཏུ་རྒྱས་པར་བསྟན་ཏེ། དེ་ཡང་། ནམ་མཁའི་ཁམས་དང་རྡོ་རྗེ་སྦྱོར་བ་ལས་ནི་ཡང་དག་སྤྱན་ཅན་བདེ་ཆེན་འབྱུང་བར་འགྱུར། །གང་གང་ཡང་དག་དགའ་བྱེད་ཆགས་བྲལ་དགའ་གཉིས་བར་དུ་བདེན་གཉིས་མཐོང་བྱས་བརྟན་པར་གྱིས། །པདྨའི་མཁའ་ལ་རྡོ་རྗེ་ནོར་བུ་པད་སྙིང་


JKT005_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་འབྱོར་དང་རྡོ་རྗེ་སྐྱིལ་ཀྲུང་སེམས། །ནོར་བུའི་བར་དུ་མཐོང་བྱས་གང་དེ་བདེ་བ་འབྱུང་བ་ངེས་པ་དེ་ཉིད་ཡེ་ཤེས་ཏེ། །འདི་ནི་རྫོགས་པའི་རིམ་པ་ཡིན་པར་བླ་མ་མཆོག་རྣམས་ཀུན་གྱིས་ཡང་དག་བཤད། །འདོད་ཆགས་བྲལ་བར་མ་དམིགས་ཡེ་ཤེས་ལྷ་ནི་སྐད་ཅིག་དེ་རུ་བསམས། །ཆུ་ཚོད་བརྒྱད་དམ་ཉིན་གཅིག་དང་ནི་ཟླ་བ་གཅིག་ཏུ་འམ། །ལོ་གཅིག་བསྐལ་པའམ་བསྐལ་པ་སྟོང་དུ་ཡེ་ཤེས་དེ་མྱོང་བྱ། །པདྨ་ལ་གནས་བདུད་རྩིའི་ཁུ་བ་བློ་གྲོས་ཅན་གྱིས་ཁ་ཡིས་བླངས་ནས་བཏུང་བྱའོ། །དེ་འདྲའི་དངོས་པོ་ཐམས་ཅད་ཀྱི། །མཐའ་ཡི་དེ་ཉིད་ཟབ་གསལ་བ། །ཐོག་མེད་དུས་ནས་སོ་སོ་ཡི། །སྐྱེ་བོ་ང་དང་ངར་འཛིན་པས། །མ་བརྟགས་པར་ནི་བདག་ཏུ་བཟུང་། །དུས་ལས་བྱུང་དང་འདོད་རྒྱལ་དང་། །གནམ་གྱིས་བསྐོས་དང་གྱི་ན་དང་། །འཛིན་པ་པོས་ནི་སྤྲུལ་པ་དང་། །ཁམས་ཀུན་ལས་ནི་ངེས་འབྱུང་དང་། །དབང་ཕྱུག་དང་ནི་འབྱིན་པའོ། །དུས་དང་གཙོ་བོ་བྱེད་པ་དང་། །བྱེད་པ་པོ་ནི་མ་ཡིན་དང་། །རྣལ་འབྱོར་དང་ནི་ཚད་མ་དང་། །དག་པ་དང་ནི་མ་དག་པ། །ནང་ནས་བརྗོད་དུ་མེད་པའི་བདག ། སྐྱེས་བུ་དང་ནི་ཁྱབ་བདག་དང་། །སྲོག་དང་གང་ཟག་རྣམ་ཤེས་དང་། །ཀུན་གཞི་དང་ནི་ཤེས་པ་པོ། །མཐོང་བ་པོ་དང་གཟུང་འཛིན་དང་། །ཤེས་པ་དང་ནི་ཤེས་བྱ་དང་། །ཤེད་ལས་སྐྱེས་དང་ཤེད་བུ་དང་། །


JKT005_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་དང་གསོ་བ་ལ་སོགས་པ། །མུ་སྟེགས་རྣམས་ཀྱིས་རྣམ་པར་རྟོགས། །ནམ་མཁའ་དང་ནི་འགོག་པ་གཉིས། །ཤིན་ཏུ་འདུས་མ་བྱས་པ་སྟེ། །ཤིན་ཏུ་བརྟན་བྱས་འདུས་བྱས་ཀུན། །སྐད་ཅིག་མ་སྟེ་བདག་པོ་མེད། །ཕྲ་རབ་རྡུལ་ལས་གྲུབ་པ་ནི། །བློ་ཡི་རྣམ་པ་མེད་པ་རུ། །ཁ་ཆེ་བྱེ་བྲག་སྨྲ་བས་རྟོགས། །རང་གི་རིག་པ་སྐྱེ་བྱེད་པ། །བལྟ་བྱ་སྤྱོད་ཡུལ་རྣམ་པར་ནི། །འདུས་མ་བྱས་པ་གསུམ་པོ་དང་། །མོ་གཤམ་བུ་བཞིན་མེད་པ་དང་། །འདུ་བྱེད་ཐམས་ཅད་བེམ་རིག་དང་། །དུས་གསུམ་རྒྱུ་བ་མ་ཡིན་དང་། །དམན་མིན་ཐོགས་མེད་གཟུགས་སུ་ནི། །མདོ་སྡེ་པ་ཡིས་རབ་ཏུ་རྟོགས། །ཡན་ལག་ཅན་ཡང་དོན་དམ་མིན། །རྡུལ་ཕྲན་དག་ཀྱང་དེ་བཞིན་ནོ། །སོ་སོར་སྣང་བ་མི་དམིགས་པ། །རྨི་ལམ་ལྟ་བུར་མི་སྣང་སྟེ། །གཟུང་འཛིན་སྤངས་པའི་ཡེ་ཤེས་ཏེ། །དོན་དམ་ཤེལ་ལྟར་དག་པ་རུ། །རྣལ་འབྱོར་སྤྱོད་པས་རབ་ཏུ་ཡིན་ཏེ་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །ནམ་མཁའི་ཆུ་སྐྱེས་བཞིན་དུ་ནི། །གཉིས་མེད་གཉིས་སུ་མེད་མིན་ཞི། །ཤིན་ཏུ་དྲི་མེད་ནམ་མཁའ་ལྟར། །བློ་ལྡན་དབུ་མ་པ་ཡིས་རྟོགས། །དེ་ལ་རྟོགས་ཏེ་མཐའ་ཡས་པ། །དོན་དེ་ཁོ་ན་ལ་གནས་ནས། །ཐ་དད་སོ་སོར་རྟོགས་པའོ། །དེ་བས་དེ་དག་ཐམས་ཅད་ཀྱང་། །ཡང་དག་མིན་


JKT005_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

པས་བླ་དང་བཅས། །འོག་མ་འོག་མའི་རྣལ་འབྱོར་བློ། །གོང་མ་གོང་མས་ཁྱད་པར་འཕགས། །འོག་མའི་བློ་ནི་གོང་མ་ཡི། །ཤེས་རབ་ཀྱིས་ནི་སུན་འབྱིན་ནོ། །དེ་བས་གོང་མའི་རིམ་པ་ཡིས། །ལྷན་ཅིག་པ་ཡི་སློབ་དཔོན་གྱིས། །བྱིན་གྱིས་བརླབ་པ་ཡང་དག་བྱ། །གསལ་ཞིང་རབ་དྭངས་ནམ་མཁའ་འདྲ། །རང་བྱུང་ལྷག་པའི་ལྷ་ཆེན་པོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས། །བླ་མའི་ཁ་ལས་རྟོགས་པར་བྱ། །དེ་ལྟར་དམ་ཚིག་སྡོམ་ལྡན་པའི། །སྣོད་དུ་རྩེ་གཅིག་ཆུ་འདྲ་ལས། །ཡེ་ཤེས་གཟུགས་བརྙན་ལྟ་བུ་རུ། །རྣལ་འབྱོར་པ་ཡིས་རབ་ཏུ་བརྟགས། །དེ་ཐོབ་ཕྱིན་ཆད་རྣལ་འབྱོར་པས། །འཁོར་བ་ཉིད་ན་གནས་པའི་ཚེ། །དེ་ཡི་ཉེས་བས་མི་གོས་སོ། །ཇི་ལྟར་སྔགས་དང་སྨན་ལྡན་པས། །སྦྲུལ་དག་གསོད་པར་བྱེད་པ་བཞིན། །དེ་འདྲའི་རྣལ་འབྱོར་དབང་ཕྱུག་ཆེ། །ཡེ་ཤེས་སྨན་གྱིས་རྒྱས་བཏབ་པས། །ཉོན་མོངས་ཀྱིས་ནི་ཅི་བྱར་ཡོད། །གང་ཞིག་ལག་ན་གདུགས་ཐོགས་ལ། །དེ་ལ་ཆར་པས་ཅི་བྱར་ཡོད། །དེ་བཞིན་གཉིས་མེད་ཡེ་ཤེས་ཀྱི། །གདུགས་ཐོགས་ལ་ནི་རྟོག་པ་ཡི། །ཆར་པ་རབ་ཏུ་འབབ་གྱུར་ཡང་། །དེ་ལ་དེ་ཡིས་ཇི་ལྟར་གནོད། །དེ་འདྲའི་རབ་མཆོག་ཡེ་ཤེས་ནི། །སོ་སོ་སྐྱེ་བོས་ག་ལ་ཤེས། །ཉན་ཐོས་རྣམས་ཀྱིས་མི་ཤེས་སོ། །རང་སངས་རྒྱས་ཀྱིས་ཀྱང་མི་ཤེས། །རྣལ་འབྱོར་སྤྱོད་དང་དབུ་


JKT005_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མ་པ། །བྱང་ཆུབ་སེམས་དཔས་མི་ཤེས་སོ། །བླ་བཅས་སངས་རྒྱས་ཀུན་གྱིས་ཀྱང་། །འདི་ནི་ཅུང་ཟད་མི་ཤེས་སོ། །འདི་ཡི་དོན་ཤེས་མ་འོངས་པའི། །རྡོ་རྗེ་འཛིན་པ་མཉེས་བྱས་ནས། །རང་གི་བསོད་། ནམས་ཆེན་སྟོབས་ཀྱིས། །ཡི་གེ་མེད་པར་རྣམ་པར་འཕོ། །དེ་ལ་དཀྱིལ་འཁོར་སྦྱིན་སྲེག་དང་། །གཏོར་མ་བཟླས་པ་བགྲང་ཕྲེང་དང་། །སྐྱིལ་མོ་ཀྲུང་དང་སྟང་སྟབས་སོགས། །སྤྲོས་བྲལ་རྣམ་པར་གླུ་བ་སྟེ། །བྱ་བ་མ་ཡིན་དགག་པ་མིན། །ལྷག་པའི་ལྷ་ཡིས་སྤྲུལ་ཕྱིར་རོ། །བྱ་བ་རྣམས་ལ་རྣལ་འབྱོར་པ། །ལམ་ཆེན་དག་ཏུ་ཡོངས་འཛིན་པ། །རི་དྭགས་སྨིག་རྒྱུ་སྙེག་པ་ལྟར། །རྟག་ཏུ་སྣང་ཡང་མ་ཟིན་ནོ། །བྱ་བའི་ནད་ཆེན་གྱིས་ཟིན་ལ། །ཡེ་ཤེས་གཡོ་མེད་སྨན་ཆེན་གྱིས། །གསོ་བྱེད་སྐྱེས་བུ་དམ་པའོ། །དེ་བས་ལུས་ངག་ཡིད་གསུམ་གྱི། །སྡོམ་པ་མཆོག་ལ་གནས་བྱས་ནས། །ངའོ་སྙམ་པའི་གཟི་བསྐྱེད་ལ། །རིམ་པ་གཉིས་པ་དེ་ཉིད་སྒྲུབ། །དགོན་པའམ་ཡང་ན་གྲོང་གི་མཐར། །གང་རུང་ཅི་རུང་དེ་ལྟ་བུར། །བྱ་བར་འོས་པའི་ལས་ཀུན་ཡང་། །བྱས་ནས་བདེ་བའི་སྟན་ལ་འདུག །དེ་ནས་སེམས་ཅན་ཐམས་ཅད་ཀུན། །ཚངས་སྤྱོད་ཆེན་པོས་བཞིས་དམིགས་ཏེ། །དེ་ལ་སོགས་པ་རང་རྒྱུད་ཀྱི། །ལས་ཀྱི་སྒྲིབ་པ་དག་བྱས་ནས། །སེམས་ཙམ་ལ་ནི་བལྟ་བྱས་ཏེ། །ཕྱི་རོལ་རང་བཞིན་སྟོང་པར་བྱ། །སེམས་ཙམ་དེ་ཡང་


JKT005_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་བྱས་ནས། །རང་རིག་ཙམ་དུ་གནས་པར་བྱ། །རང་རིག་དེ་ཡང་ཟླ་བ་སོགས། །གདན་དུ་བརྟགས་ནས་ཡི་གེའོ། །སྨྱུ་གུས་བསྣུན་བྱས་མཚན་མར་གྱུར། །དེ་ནས་རང་ཉིད་ལྷར་བསྐྱེད་ལ། །ལྷ་ཡི་ང་རྒྱལ་དང་ལྡན་པར། །ཕྱག་རྒྱ་བཞིས་ནི་རྒྱས་བཏབ་སྟེ། །དཀྱིལ་འཁོར་འཁོར་ལོ་སྤྲུལ་པར་བྱ། །དེ་མཉེས་དེ་ལ་གོམས་བསླབས་པས། །ཕྱི་རོལ་ལུས་ནི་ལྡོག་བྱེད་དེ། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མཆོག །མཐའ་ཡི་དེ་ཉིད་བསྒོམ་པར་བྱ། །རང་སྙིང་དམ་ཚིག་ཕྱག་རྒྱ་ཡིས། །ཐུགས་ཀར་མཚན་མ་ལ་གནས་པ། །དེ་བཞིན་གཤེགས་ཀུན་ཡེ་ཤེས་མཆོག །རིམ་པ་དང་པོ་པ་རྣམས་ལ། །ཡི་གེ་གཟུགས་སུ་རབ་སྣང་བ། །གཞོམ་དུ་མེད་པ་རང་ལྷ་ཡི། །ས་བོན་འོད་ཟེར་ལྔ་འབར་བ། །དེ་ཡི་ཁ་དོག་རྣམ་ལྔ་ཡིས། །འོད་ཟེར་སྟོང་གི་སྒོ་ཡི་ནི། །གཡས་ནས་རྣམ་པར་སྤྲོ་བར་བྱ། །དེ་ཡི་རྩ་ལ་དཀྱིལ་འཁོར་གྱི། །འཁོར་ལོ་ལྡན་པའི་བདེ་གཤེགས་རྣམས། །ཕྱོགས་བཅུའི་འཇིག་རྟེན་བཀང་བྱས་ནས། །དབུགས་ཀྱི་ཀུན་རྟོག་ལས་བྱུང་བའི། །སེམས་ཅན་ཐམས་ཅད་སངས་རྒྱས་སྐུ། །བསྐྱེད་ནས་ཟླ་བ་ཞུ་བྱས་ཏེ། །ཐིམ་ནས་རྣམ་པར་དག་བྱས་ནས། །དེ་རྣམས་ཡེ་ཤེས་ངོ་བོ་རུ། །གཡོན་པའི་ཧ་སར་ཞུགས་པར་བྱ། །དེ་ཡི་མཚན་མ་དབུས་གནས་པ། །ས་བོན་ལ་ནི་གཞུག་བྱས་པར། །དེ་ཉིད་སངས་རྒྱས་


JKT005_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི། །ཡོན་ཏན་ཀུན་བསྐྱེད་རིན་པོ་ཆེ། །དངོས་པོ་ཀུན་ལ་ཁྱབ་པའི་བདག །མི་ཤིགས་པ་ཡི་ཐིག་ལེ་ཆེ། །འོད་ཟེར་ལྔ་དང་རབ་ལྡན་པ། །ཙི་ན་ཀ་ཡ་འབྲུ་ཙམ་དུ། །རང་གི་སེམས་སུ་ཆོས་ཐམས་ཅད། །བསྡུས་ནས་རྣམ་པར་བསམ་པར་བྱ། །དེ་ཡི་འོད་ཟེར་རིམ་པ་ཡིས། །རང་གི་གནས་ནི་ཁྱབ་བར་བྱ། །དེ་ལས་ཕྱིར་བྱུང་དམ་ཚིག་རྒྱ། །ནང་གསལ་དེ་ཡིས་ཕྱི་ཡི་ལུས། །གསལ་བྱས་དཀྱིལ་འཁོར་གསལ་བྱས་ནས། །དེ་ཡི་གནས་ཀྱང་གསལ་བར་བྱ། །དེ་ལས་ཕྱིར་བྱུང་བདག་ཉིད་ནང་། །བྱང་ཆུབ་སེམས་གཟུགས་བཅུ་དྲུག་པོ། །མཐེ་བོའི་རྩ་བར་ཡི་གེ་ཨ། །རྗེ་ངར་གཉིས་ལ་དེ་བཞིན་ཨཱ། །བརླ་གཉིས་ལ་ནི་ཨི་ཡི་གཟུགས། །གསང་བ་ལ་ནི་ཨཱི་ཡི་གཟུགས། །ལྟེ་བའི་རྩ་རུ་ཨུ་གཟུགས་ནས། །དེ་བཞིན་གསུས་པར་ཨུ་ཡི་གཟུགས། །ནུ་མ་གཉིས་སུ་ར་གཟུགས་ནས། །དེ་བཞིན་ལག་པར་རཱི་གཟུགས་ཏེ། །མགྲིན་པ་ལ་ནི་ལི་ཡི་གཟུགས། །དེ་བཞིན་མ་མཆུར་ཡི་གེ་ལཱི། །འགྲམ་པ་གཉིས་སུ་ཨེ་གཟུགས་སོ། །དེ་ཡི་མིག་གཉིས་ཡང་ནི་ཨེ། །རྣ་བའི་རྩ་བར་ཨོ་ཡི་གཟུགས། །སྤྱི་བོར་ཨོ་གཟུགས་ཡང་དག་གནས། །ཨོཾ་ཨའི་གཟུགས་སུ་ཚིགས་ཀུན་ལ། །བཅུ་དྲུག་དུས་སུ་རྫོགས་འགྱུར་བ། །གོང་མའི་འོད་ཀྱིས་རྣམས་བཀུག་སྟེ། །ཐིག་ལེ་རུ་ནི་བཞུགས་པར་བྱ། །དེ་རུ་སེམས་ནི་ཅུང་ཟད་ཙམ། །གཟུང་བས་


JKT005_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་འཁོར་ལོ་ཆེ། །རྟེན་དང་བཅས་པ་མོས་པས་བསྒོམས། །དེ་དབུས་བདག་པོ་ཐུགས་ཀ་རུ། །གོང་མའི་རིམ་པས་མི་ཤིགས་པའི། །ཐིག་ལེ་ཆེན་པོ་སྒོམ་བྱས་ནས། །ཡུངས་ཀར་ཚད་ཙམ་དེ་། ལས་སྤྲོ། །རང་གི་གནས་དང་ཕྱག་རྒྱ་ཡི། །ནང་གསལ་དཀྱིལ་འཁོར་གསལ་བྱས་ནས། །དེ་ཡི་གནས་དང་བདག་པོ་ཡི། །ནང་གསལ་ཕྱི་ལུས་གསལ་བྱས་ནས། །དཀྱིལ་འཁོར་རྟེན་བཅས་གསལ་བར་བྱ། །བྱས་ཏེ། །ཕྱི་ཡི་ལུས་ནི་གསལ་བར་བྱ། །དེ་ཡི་དཀྱིལ་འཁོར་འཁོར་ལོ་དང་། །རྟེན་དང་བཅས་པ་གསལ་བྱས་ནས། །ཕྱོགས་བཅུའི་འཇིག་རྟེན་བཞུགས་པ་ཡི། །བདེ་གཤེགས་ཀུན་གྱི་སྤྱན་སྔར་གཤེགས། །བདུད་རྩི་ཞུ་ནས་ཞལ་ཞུགས་ཏེ། །ཐིག་ལེར་བདུད་རྩི་བླངས་བྱས་ནས། །རྡོ་རྗེའི་ལམ་དུ་བྱུང་ནས་སུ། །འོ་མའི་རྒྱུན་ལྟར་འོང་བྱས་ནས། །ཐབས་ཀྱི་ཡེ་ཤེས་གཡས་ཞུགས་ཏེ། །དེ་བཞིན་གཞན་ནི་གཡོན་དུ་ཞུགས། །དེ་ནས་ཡེ་ཤེས་ཐིག་ལེ་ལ། །སྣང་བའི་ཐིགས་པས་ཐིམ་པར་འགྱུར། །དེ་ནི་འཛག་པའི་ངང་ཚུལ་ཅན། །འོད་ཟེར་ལྔ་འབར་དཀར་འཚེར་བ། །ཅུང་ཟད་དམར་བའི་ནང་དུ་སེམས། །མི་གཡོ་ཞིང་ནི་གཟུང་བར་བྱ། །དེ་ལ་གོང་མའི་རིམ་པ་ལྟར། །སྤྲོ་བ་དང་ནི་བསྡུ་བ་དང་། །གཟུང་བ་ཡང་དག་བྱས་གྱུར་པས། །འགོག་པའི་རྡོ་རྗེ་


JKT005_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་དུ། །ནམ་ཞིག་དེ་ལ་རེག་གྱུར་པས། །སངས་རྒྱས་ཀུན་གྱིས་མཆོག་འཛིན་པ། །ཡིད་བཞིན་དཔལ་དང་འདྲ་བ་ཡི། །རྟགས་རྣམས་ཡང་དག་སྐྱེ་བར་འགྱུར། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །ལྷ་རྣམས་ཡེ་ཤེས་མེ་ཡིས་སུ། །ཐོག་མར་སྙིང་གར་སྡུད་བྱེད་པའི། །ཆོ་ག་འདི་ནི་དང་པོར་བཤད། །དེ་ལ་བསྒྲུབ་པས་བྱིན་བརླབས་པས། །སྣ་ཡི་རྩེ་མོར་འགྲོ་བས་ན། །མི་ཤིགས་ཐིག་ལེའི་རྗེས་ཐོགས་ལ། །གསང་བའི་ཐིག་ལེ་བསྒོམ་པར་བཤད། །གོང་མའི་ཡེ་ཤེས་ཐིག་ལེ་ལས། །འོད་ཟེར་ལྕགས་ཀྱུ་འདྲ་བ་རྣམས། །ཕྱོགས་བཅུར་སྤྲོས་པས་བདེ་གཤེགས་རྣམས། །དཀྱིལ་འཁོར་འཁོར་ལོ་དང་བཅས་ཀུན། །ཟློབཀུག་ནས་ཡེ་ཤེས་ངོ་བོ་རུ། །རང་གི་སྙིང་གར་རབ་ཏུ་བཙུད། །དེ་རྣམས་ཞུ་ནས་ཐིག་ལེ་ལ། །ཞུགས་པས་རྡུལ་དང་མུན་པ་དང་། །སྙིང་སྟོབས་ཚུལ་དུ་ཐིག་ལེ་ཡང་། །སྙིང་གི་པདྨ་ལ་བབས་ནས། །རང་གི་རྡོ་རྗེ་ནོར་བུ་ཡི། །དཀྱིལ་དུ་རྣམ་པར་གནས་པ་ལས། །འབྱུང་བ་ལྔ་ཡི་གཟུགས་ཅན་མཆོག །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །འོད་ཟེར་ལྔ་འབར་རང་ལྷ་ཡི། །མཚན་མ་ཕྲ་མོ་རྣམ་བསམས་ནས། །དེ་ཡི་བུམ་པར་རྟེན་གྱི་ཚད། །ཡུངས་ཀར་ཙམ་དབུས་འཁོར་ལོ་ཆེ། །ཐིག་ལེར་བཅས་པ་མོས་པར་བསྒོམ། །གལ་ཏེ་དེ་ལ་རང་གི་སེམས། །བྱིང་བར་སོང་ངམ་སྐྱེ་བ་ན། །རྡོ་རྗེ་ལས་ནི་ཕྱིར་བྱུང་སྟེ། །སྣ་རྩེར་


JKT005_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གནས་བྱས་ནས། །དགའ་བྲལ་དགའ་བས་བརྟག་པར་བྱ། །འདི་ཡི་ཐིག་ལེ་རྣལ་འབྱོར་ལས། །གོང་གི་རིམ་པས་འོད་ཟེར་ལྔ། །སྟེང་གི་སྒོ་ལས་བྱུང་བ་དང་། །སླར་ཡང་བདུད་རྩི་འགུགས་པ་དང་། །དེ་བཞིན་གཞི་ལ་གཞུག་པ་དང་། །དབུས་དགག་སྟོང་པའི་ཡན་ལག་གོ། །དེ་ནས་གསང་བའི་ཐིག་ལེ་ཆེ། །རབ་ཏུ་ཕྲ་བ་གོང་མ་བཞིན། །རང་སེམས་དལ་བུ་དལ་བུས་གཟུང་། །དངོས་པོ་མེད་པའི་གནས་སུ་འགྱུར། །དེ་ཡང་བཟུང་བ་གོམས་པ་ཡིས། །ཕྱིན་ཅི་ལོག་ནི་རྣམ་པར་ལྡོག །སྨིག་རྒྱུ་ལྟ་བུ་སྣང་བ་ནི། །རྟགས་ནི་དང་པོར་ཤེས་པར་བྱ། །དེ་བཞིན་དུ་ནི་ཆུ་ལོག་པས། །དུ་བ་། ལྟ་བུར་འབྱུང་བ་ནི། །གཉིས་པ་ཡིན་པར་ཤེས་པར་བྱ། །མེ་ནི་རྣམ་པར་ལོག་གྱུར་པས། །མཁའ་སྣང་འདྲ་བ་གསུམ་པའོ། །རླུང་ནི་དེ་བཞིན་ལོག་པས་ན། །མར་མེ་ལྟ་བུར་རབ་སྣང་བས། །རྟགས་ནི་བཞི་པ་ཤེས་པར་བྱ། །དེ་བཞིན་ཕྱིན་ལོག་རྣམ་པར་ཤེས། །ལོག་པས་ཟབ་གསལ་གཉིས་མེད་ཀྱི། །དོན་དྲན་སྤྲིན་མེད་ནམ་མཁའ་ལྟར། །གསལ་བ་རྟགས་ནི་ལྔ་པའོ། །མཚན་མ་ལྔ་པོ་དེ་ཡིས་ནི། །མི་གནས་མྱ་ངན་འདས་ཐོབ་བས། །རྣལ་འབྱོར་པས་ནི་འདི་ལ་འབད། །གཟུང་བ་ཡི་ནི་ཡན་ལག་གོ། །དེ་ལྟར་དེ་ལ་མཚན་མ་ལྔ། །མཐོང་བྱས་དོན་དེས་ཁྱབ་བྱའི་ཕྱིར། །རྡོ་རྗེ་ཡི་ནི་ལམ་ནས་སུ། །


JKT005_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །སྤྲོས་པ་དེ་ལས་མངོན་མཐོང་བའི། །སོ་སོར་སྣང་བ་བསྐྱེད་པར་བྱ། །སངས་རྒྱས་རྗེས་སུ་དྲན་པ་དང་། །ཆོས་ནི་ཡང་དག་རྗེས་དྲན་དང་། །རྡོ་རྗེ་རྗེས་སུ་དྲན་པ་དང་། །རིགས་ནི་ཡང་དག་རྗེས་དྲན་དང་། །ཁྲོ་བོ་རྗེས་སུ་དྲན་པ་ནི། །སྣང་མཛད་དང་ནི་ཚེ་དཔག་མེད། །མི་བསྐྱོད་རིན་ཆེན་འབྱུང་ལྡན་སོགས། །གཤིན་རྗེ་གཤེད་སོགས་ཁྲོ་བོ་ཡི། །དཀྱིལ་འཁོར་སྐུ་སོགས་ཇི་སྙེད་ཨཱཔོ། །སྤྲོ་བསྡུ་ལས་ནི་གསལ་བར་བྱ། །དེ་བཞིན་དམ་ཚིག་རྗེས་དྲན་ནི། །རྗེས་སུ་ཆགས་དང་ཆོ་ག་བཞི། །དང་པོ་སྤྲོ་བསྡུ་ལས་གསལ་བྱ། །དཀྱིལ་འཁོར་རྗེས་སུ་དྲན་པ་ནི། །ཆོ་ག་གཉིས་པ་ལ་སོགས་པའི། །དཀྱིལ་འཁོར་སྤྲོ་བསྡུ་ལས་གསལ་བྱ། །སྐུ་ནི་རྗེས་སུ་དྲན་པ་དང་། །གསུང་དང་ཐུགས་ནི་རྗེས་དྲན་དང་། །སེམས་ཅན་རྗེས་སུ་དྲན་པ་ནི། །སྐུ་དང་གསུང་ཐུགས་བསྒོམས་པ་ཡི། །རྡོ་རྗེ་གསུམ་ནི་སྤོ་བསྡུ་ལས། །རྣམ་པར་སྨིན་ཅིང་དྲན་པའོ། །དེ་བཞིན་སྔགས་ནི་ཐམས་ཅད་ཀྱི། །སྤྱི་གཟུགས་རྗེས་སུ་དྲན་པ་ནི། །ཡེ་ཤེས་ལྔ་ཡིས་རྡོ་རྗེ་སེམས། །བསྐྱེད་པ་དང་ནི་རང་གི་ལྷ། །ལོངས་སྤྱོད་བཞི་ལྡན་སྤོ་བསྡུ་ལས། །རྗེས་སུ་གསལ་བ་རྙེད་པའོ། །དམ་ཚིག་རྗེས་སུ་དྲན་པ་ནི། །བདུད་རྩི་མྱང་བ་ལ་སོགས་པ། །སྤྲོ་བསྡུ་ལས་ནི་གསལ་བྱེད་པའོ། །ཤེས་རབ་ཕ་རོལ་ཕྱིན་པ་དང་། །མ་སྐྱེས་རྗེས་སུ་དྲན་པ་ནི། །


JKT005_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པའི་དཀྱིལ་འཁོར་དེ་དག་ཀྱང་། །ཅི་ཡང་ཡོད་པ་མ་ཡིན་ཏེ། །དེ་ནི་གཉིས་མེད་ངོ་བོ་རུ། །སྤྲོ་བསྡུ་ལས་ནི་དྲན་པའོ། །ཞེ་སྡང་རིགས་ལ་སོགས་པ་ཡི། །མཆོད་པ་རྗེས་དྲན་སྦྱོར་བ་ནི། །རང་གི་རིགས་ཀྱི་བུ་མོ་མཆོག །བར་མའི་ལོངས་སྤྱོད་བཞི་དག་པ། །རྗེས་སུ་ཆགས་པས་མཉེས་བྱ་བ། །སྤྲོ་བསྡུ་ལས་ནི་གསལ་བྱེད་པའོ། །རྗེས་སུ་དྲན་པའི་ཡན་ལག་གོ། །དེ་ལྟར་ཡན་ལག་གསུམ་གྱིས་ནི། །གསང་བའི་ཐིག་ལེ་བསྒོམ་བྱས་ནས། །ནོར་བུ་ལས་ནི་བྱུང་ནས་ཀྱང་། །ཁམས་གསུམ་ཁྱབ་པར་བྱེད་པས་ནི། །སྤྲུལ་པའི་ཐིག་ལེ་བསྒོམ་པར་བཤད། །རང་གི་སྤྱི་བོའི་དབུས་སུ་ནི། །སྐུ་ཡི་རྡོ་རྗེའི་ཐུགས་ཀ་རུ། །མཚན་མ་ལ་གནས་རླུང་དཀྱིལ་འཁོར། །དུད་ཀ་འདྲ་བར་ཟླ་བ་ལ། །ཨོཾ་དཀར་འོང་བའི་མཚན་ཉིད་བསམ། །དེ་བཞིན་མགྲིན་པའི་དབུས་སུ་ཡང་། །གསུང་གི་རྡོ་རྗེ་ཐུགས་ཀ་ཡི། །མཚན་པའི་དབུས་སུ་ཆུ་དཀྱིལ་འཁོར། །དཀར་པོ་དབུས་སུ་ཟླ་བ་ལ། །ཨཱདམར་གནས་པའི་རང་བཞིན་བསྒོམ། །ཐུགས་ཀར་ཐུགས་ཀྱི་རྡོ་རྗེ་ཡི། །ཐུགས་ཀར་མཚན་མ་ལ་གནས་པའི། །མེ་ཡི་དཀྱིལ་འཁོར་དམར་པོ་ལ། །ཟླ་གནས་དབུས་སུ་ཧཱུྃ་ནག་པོ། །འགྲོ་བའི་རང་བཞིན་བསམས་ནས་ཀྱང་། །ནུ་མ་གཉིས་ཀྱི་བར་དུ་ཡང་། །དམ་ཚིག་ཕྱག་རྒྱའི་ཐུགས་ཀ་རུ། །མཚན་མ་ལ་གནས་དབང་ཆེན་ནི། །དཀྱིལ་འཁོར་


JKT005_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་ཟླ་བ་ལ། །རང་གི་ལྷ་ཡི་ས་བོན་ཆེ། །འབྱུང་དང་འཇུག་དང་གནས་པ་ལ། །རྣམ་པར་གྲོལ་བའི་ས་བོན་བསམ། །དེ་ལྟར་ཕྱག་རྒྱ་བཞི་ཆེན་དང་། །བདག་ཉིད་འབྲེལ་པར་བྱས་ནས་སུ། །རིམ་པ་འདི་ཡིས་མི་ཤིགས་པའི། །རྡོ་རྗེ་བཟླས་པའི་ངོ་བོ་བྱ། །གཡས་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་ཆེན་པོ་སྟེ། །ཁ་དོག་དུད་ཀ་རྒྱུ་བ་ལས། །འབྱུང་བ་ཧཱུྃ་གི་ངོ་བོ་ཡིས། །སྣང་སྲིད་ཆོས་ཀུན་ཁྱབ་བྱས་ནས། །ཆོས་ཀུན་དག་བྱས་བདུད་རྩིར་གྱུར། །ཨོཾ་གྱི་ངོ་བོས་འོང་བྱས་ནས། །རང་གི་རྒྱུད་ཀྱི་བག་ཆགས་ནི། །བཀྲུས་ནས་དག་བྱས་དེ་ལ་ཞུགས། །ཨཱ་ལི་ངོ་བོས་དག་བྱས་ནས། །དེ་ལ་ལྷ་ཡི་དེ་བཞིན་ཉིད། །གཟུང་བ་དལ་བུས་དལ་བུས་བྱས། །དངོས་པོ་མེད་པའི་གནས་སུ་འགྱུར། །གཡོན་པ་ནས་ནི་འབྱུང་བའི་ཁམས། །ཆུ་ཡི་དཀྱིལ་འཁོར་ཆེན་པོ་སྟེ། །ཁ་དོག་དཀར་པོ་རབ་གནས་པ། །དེ་ལས་བྱུང་བའི་ཧཱུྃ་དང་ནི། །ཨོཾ་གྱི་རང་བཞིན་འདུ་བ་དང་། །ཨཱཡི་རང་བཞིན་གནས་པ་དང་། །དེ་ཉིད་བཟུང་བས་སྔ་མ་བཞིན། །གཉིས་ཀ་ལས་ནི་དྲག་ཏུ་འབྱུང་། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་པོའི་ངོ་བོ་ལ། །ཧཱུྃ་གིས་སྤྲོས་དང་ཨོ་གྱིས་བསྡུས། །ཨཱཡིས་གནས་པ་དེ་ཉིད་གཟུང་། །སྔ་མ་བཞིན་དུ་ཤེས་བར་བྱ། །དེ་བཞིན་གཉིས་ལས་དལ་བུས་འབྱུང་། །དབང་ཆེན་གྱི་ནི་དཀྱིལ་འཁོར་རྒྱུ། །


JKT005_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་གསེར་ལྟར་རབ་སྣང་བ། །དེ་ལ་ཧཱུྃ་གིས་འབྱུང་བ་དང་། །ཨོྃ་གྱིས་སྡུད་དང་ཨཱཡིས་གནས། །དེ་ལ་དེ་ཉིད་རབ་བཟུང་བས། །འཇུག་དང་གནས་དང་ལྡང་བ་ལས། །གྲོལ་བའི་ཡེ་ཤེས་རྙེད་འགྱུར་བ། །སོམ་ཉི་ཡིད་གཉིས་མ་བྱེད་ཅིག །ཕྱག་རྒྱ་བཞི་འབྲེལ་བཟླས་པ་ནི། །ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྟེ། །དེ་ནི་དགུ་བརྒྱ་རྣམ་པ་བསྒྲེས། །ཞག་གཅིག་ཏུ་ནི་ཉི་ཤུ་བཞིས། །ཁྲི་ཕྲག་གཉིས་དང་གཅིག་སྟོང་དང་། །བརྒྱ་ཕྲག་དྲུག་ཏུ་དུས་ཐམས་ཅད། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །ཉིན་མཚན་བཟླས་བརྗོད་གྲངས་བྱེད་དོ། །འདི་ཡི་རྣམ་པས་ཆོས་ཐམས་ཅད། །སྒྱུ་མ་དང་ནི་སྨིག་རྒྱུ་དང་། །བྲག་ཅ་འགལ་མེའི་འཁོར་ལོ་དང་། །འཁྲུལ་པ་དྲི་ཟའི་གྲོང་ཁྱེར་དང་། །ཆུ་བུར་དང་ནི་མིག་འཕྲུལ་དང་། །གཟུགས་བརྙན་ཆུ་ཟླ་ལ་སོགས་པར། །ཐམས་ཅད་ཤེས་ཤིང་ས་བཅུ་པའི། །དབང་ཕྱུག་རྣམས་དང་སྐལ་མཉམ་སྟེ། །རང་བཞིན་བཟླས་པ་འདི་ལ་ནི། །རྣལ་འབྱོར་པས་ནི་རབ་ཏུ་འབར། །འདི་ནི་ཐོག་མ་མེད་དུས་ནས། །རང་བཞིན་ཡང་དག་རྟག་ཟློ་ཡང་། །བླ་མ་ཡང་དག་མ་བསྟེན་པར། །དོན་འདི་རྟོགས་པར་མི་འགྱུར་རོ། །དེ་ནི་ཡང་དག་ཤེས་ནས་ནི། །བསྒོམ་པའི་བར་ཆད་ཕྱི་རོལ་གྱི། །བཟླས་པ་ཡོངས་སུ་སྤང་བར་བྱ། །བཟླས་པའི་ངོ་བོ་ཆེན་པོ་མཆོག །རྡོ་རྗེ་འཆང་བ་བརྗོད་མེད་སྐུ། །བསམ་བརྗོད་


JKT005_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལས་རབ་འདས་པས། །ངག་གིས་ཇི་ལྟར་བཟླས་པ་བྱེད། །དེ་བས་གླང་ཆེན་རྙེད་གྱུར་པ། །རྗེས་ཀྱིས་དེ་ལ་ཅི་ཞིག་བྱ། །དོན་དེ་ལ་གནས་རྣལ་འབྱོར་ཆེ། །ཕྱི་རོལ་ཡང་ནི་རྟེན་མི་འགལ། །གླང་པོ་ཆེ་ཡི་སྟོབས་ཀྱིས་ནི། །བུད་ཤིང་འབྱུང་བ་ལྟ་བུའོ། །དེ་བས་རྡོ་རྗེའི་བཟླས་པ་མཆོག །འབད་པས་བདེ་གཤེགས་ཐམས་ཅད་ཀྱི། །བྱིན་རླབས་ཉིད་ནི་འོང་བས་ན། །ཕྱག་རྒྱ་ཆེན་པོ་འགྲུབ་པ་ཡི། །མཚན་མ་ཡང་དང་ཡང་འབྱུང་འགྱུར། །དེ་འབྱུང་ཆོ་ག་ལ་གནས་པས། །སྐད་ཅིག་གིས་ནི་ཀུན་མཁྱེན་ཆེ། །རྒྱུད་ལས་རབ་ཏུ་འཕོ་བར་ནི། །ཐེ་ཚོམ་མེད་པར་ངེས་པས་ན། །ཆོ་ག་འདི་ལ་རབ་ཏུ་འབད། །དེ་ལྟར་དགའ་གསུམ་བྱེ་བྲག་གི །ཐིག་ལེ་རྣམ་གསུམ་བསྒོམ་པ་ཡི། །ཆོ་ག་ཡང་དག་བསྟན་པའོ། །ད་ནི་གཉིས་མེད་ཡེ་ཤེས་ཉིད། །ཀུན་རྫོབ་གཟུགས་ལ་བརྟེན་ནས་ཀྱང་། །མི་གཡོ་ལ་སོགས་གཡོ་དང་བཅས། །ཚང་སོགས་ལྷ་དང་ལྷ་མིན་སོགས། །ཐམས་ཅད་རབ་ཏུ་མི་སྣང་ཡང་། །ཐིག་ལེ་འགོག་པར་མི་འགྱུར་ཏེ། །རྒྱུ་དང་མི་རྒྱུར་བཅས་པ་ཀུན། །སླར་ཡང་དེ་ལས་འབྱུང་བར་བྱེད། །དེ་ལས་སྐྱེ་བོ་རྣམས་ཀྱིས་ནི། །ཡང་དག་མ་རྟོགས་པ་ཡི་ཕྱིར། །ཚངས་པའི་སྒོ་ང་ལས་སྐྱེས་པར། །འཁྲུལ་པས་ཆོས་རྣམས་ཀྱིས་མི་བསྒུལ། །གང་གིས་ཀྱང་ནི་མི་ཤིགས་པ། །ཇི་སྲིད་འདི་ནི་ལུས་གནས་པས། །ལས་དང་ལས་མིན་རབ་


JKT005_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། །བརྟན་པོ་འཇིགས་པ་རབ་སྤངས་པའི། །མི་ཤིགས་ཐིག་ལེ་བསྒོམ་པར་བཤད། །ཚངས་པའི་སྤྱོད་པ་བཞི་པོ་དང་། །ཕྱི་རོལ་སྟོང་བཅས་ལ་སོགས་པ། །རང་གི་ལྷ་རུ་བསྐྱེད་ནས་ཀྱང་། །། ཕྱག་རྒྱ་བཞིས་ནི་རྒྱས་བཏབ་པ། །སྔ་མ་བཞིན་དུ་ཤེས་བྱས་ནས། །རིམ་པ་འདི་ཡི་ཐིག་ལེ་ལ། །རང་གི་སེམས་ནི་ཡང་དག་བཟུང་། །རང་གི་ཡེ་ཤེས་སེམས་དཔའ་ཡི། །མཚན་མའི་དབུས་གནས་ས་བོན་ལས། །འོད་ཟེར་ལྔ་འཕྲོས་དེ་ཡི་རྩེ། །དཀྱིལ་འཁོར་འཁོར་ལོ་དཔག་མེད་སྤྲུལ། །དེ་ཡིས་ཁམས་ཀུན་ཁྱབ་བྱས་ནས། །དབུགས་ཀྱི་རྟ་ཞོན་ཀུན་རྟོག་རྣམས། །རྣམ་པར་བསལ་ཏེ་དེ་དག་ཀྱང་། །དཀྱིལ་། འཁོར་འཁོར་ལོ་རབ་བྱས་ཏེ། །གཉིས་པའི་དཀྱིལ་འཁོར་བསྡུ་བྱས་ནས། །ཡེ་ཤེས་ངོ་བོ་སྣ་བུག་གཡོན། །ཞུགས་བྱས་མཚན་མའི་དབུས་གནས་བྱ། །ས་བོན་ལ་ནི་ཐིམ་པས་ཀྱང་། །དེ་ནི་ཕྱོགས་དུས་གནས་པ་ཡི། །སངས་རྒྱས་ཡོན་ཏན་ཅི་གསུངས་པ། །ཡང་དག་སྐྱེད་བྱེད་མི་ཤིགས་པའི། །ཐིག་ལེ་འོད་ཟེར་ལྔ་འབར་བ། །རྣམ་པར་གསལ་བྱས་དེ་ལས་ཀྱང་། །འོད་ཟེར་འབྱུང་བས་རབ་གནས་ཀྱང་། །ཡེ་ཤེས་སེམས་དཔའི་ནང་གསལ་ཏེ། །དེ་ཡི་ཕྱི་ཡི་དཀྱིལ་འཁོར་དང་། །ནང་ནི་གསལ་བྱ་དེ་ལས་བྱུང་། །མཐེ་བོའི་རྩ་དང་རྗེ་ངར་དང་། །བརླ་གཉིས་དང་ནི་གསང་བའི་གནས། །ལྟེ་བ་དང་ནི་གསུས་པ་དང་། །


JKT005_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་མ་གཉིས་དང་ལག་རྩེ་དང་། །མགྲིན་པ་དང་ནི་མཆུ་གཉིས་དང་། །འགྲམ་པ་གཉིས་དང་མིག་གཉིས་དང་། །རྣ་བའི་རྩ་དང་སྤྱི་བོ་དང་། །ཚིགས་ཀུན་ཐིག་ལེ་ཨཱསོགས་ཀྱི། །གཟུགས་སུ་གནས་པ་བསྒྲུབ་བྱས་ནས། །མི་ཤིགས་ཐིག་ལེ་ཐིམ་པར་བྱ། །དེར་ནི་རང་གི་སེམས་ཅུང་ཟད། །གཟུང་བས་རྟེན་དང་རྟེན་ཅན་གྱི། །འཁོར་ལོ་མོས་བྱས་དེ་དབུས་སུ། །མི་ཤིགས་ཐིག་ལེ་ཡེ་ཤེས་པ། །སྣང་བའི་ལྷ ངོ་བོ་བསྒོམ་པར་བྱ། །དེ་ཡི་འོད་ཀྱིས་ངང་གནས་སོགས། །གསལ་བྱས་ཡེ་ཤེས་ཐིག་ལེ་ཡི། །ནང་གསལ་བཞག་པའི་འོད་ཟེར་གྱིས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །སྤྱན་སྔར་བདུད་རྩི་ཞུ་བྱས་ནས། །ཞལ་དུ་ཞུགས་ནས་སྙིང་ག་ཡི། །མི་ཤིགས་ཐིག་ལེར་རབ་སོང་སྟེ། །ཀྵ་གཟུགས་བདུད་རྩིར་རབ་བླངས་ནས། །རྡོ་རྗེའི་ལམ་ནས་ཕྱུང་ནས་སུ། །འོ་མའི་རྒྱུན་ལྟར་ཕྱོགས་བཅུ་ནས། །འོངས་པ་ཡིས་ནི་སེམས་ཅན་དང་། །སངས་རྒྱས་རྣམས་དང་མི་རྒྱུར་བཅས། །ཡང་དག་བསྡུས་ནས་གུར་སོགས་ཞུགས། །དེ་བཞིན་ཆོས་དབྱིངས་ཕྱག་རྒྱ་དང་། །རྟེན་གྱི་འཁོར་ལོ་ཞུགས་བྱས་ནས། །དེ་དག་ཡང་ནི་རང་བསྡུས་ཏེ། །དཀྱིལ་འཁོར་དུ་ནི་རབ་བསྡུས་ནས། །དེ་ཡང་བདག་ལ་བསྡུ་བྱས་ཏེ། །བདག་ཉིད་ཀྱང་ནི་མི་སྣང་བར། །ཡེ་ཤེས་སེམས་དཔའི་གནས་ལ་དམིགས། །དེ་ཡང་འཁོར་ལོ་འཁོར་


JKT005_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཡང་། །ཡེ་ཤེས་སེམས་དཔར་ཞུགས་པར་བྱ། །ཡེ་ཤེས་སེམས་དཔའ་མི་སྣང་ནས། །མཚན་མ་འབའ་ཞིག་ལ་དམིགས་བྱ། །མཚན་མ་དེ་ཡང་བསྡུ་བྱས་ནས། །མི་ཤིགས་ཐིག་ལེར་སེམས་བཟུང་སྟེ། །དེ་ལས་ཡང་ནི་ནང་གི་ཚོགས། །ཀུན་བསྡུས་རང་སྣང་ཐིག་ལེ་ཆེ། །འབའ་ཞིག་ལ་སེམས་ཡང་དག་བཟུང་། །ཅི་ལྟར་ནུས་བཞིན་བསྒོམ་པས་དེར། །སེམས་ནི་ཡང་དང་ཡང་དུ་ཞུགས། །ཡང་ནི་དེ་ལས་ཕྱིར་བྱུང་སྟེ། །དེ་ཡི་གནས་དང་རང་གི་ལུས། །དམིགས་ནས་དཀྱིལ་འཁོར་འཁོར་ལོ་དང་། །རྟེན་དང་ཁམས་གསུམ་སྣང་བར་བྱ། །དེ་ནས་ཡང་ནི་གོང་མ་ལྟར། །རིམ་པར་བཅུ་གནས་ཐིམ་བྱས་ལ། །སེམས་ནི་ཐིག་ལེར་བཞག་པར་བྱ། །རང་གི་དབང་པོ་དེར་བཟུང་ནས། །ས་ཡི་དཀྱིལ་འཁོར་ཆུ་ལ་ཞུགས། །ཆུ་དེ་མེ་ལ་དེ་བཞིན་ཞུགས། །མེ་ཡང་རླུང་ལ་རབ་ཏུ་ཞུགས། །རླུང་ཡང་སེམས་ལ་ཞུགས་པར་གྱུར། །སེམས་ནི་གཉིས་མེད་ཡེ་ཤེས་སུ། །ཅུང་ཟད་ཞུགས་པས་རྟགས་གནས་པ། །སྨིག་རྒྱུ་འདྲ་དང་དུ་བ་དང་། །མར་མེ་མཁའ་སྣང་རབ་འདྲ་བ། །སྤྲིན་མེད་ནམ་མཁའ་ལྟར་སྣང་བའི། །མཚན་མ་ལྔ་པོ་འབྱུང་བར་འགྱུར། །རྡོ་རྗེ་སེམས་དཔའ་ཞུགས་ཕྱིར་རོ། །ཐིག་ལེ་ལ་ནི་སེམས་བཟུང་སྟེ། །གླལ་ཞིང་རྒོད་དང་འདར་ལ་སོགས། །རྣལ་འབྱོར་དེ་ལ་གང་ཚེ་འབྱུང་། །ཐིག་ལེ་ཡང་དག་སྤྲོ་


JKT005_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། །གོང་མའི་རིམ་པས་ཀུན་ཁྱབ་བྱ། །འདི་ནི་ཡང་དག་གོམས་བྱས་པས། །མི་གནས་མྱ་ངན་འདས་པ་ཆེ། །ཐབས་ཀུན་གྱི་ནི་བསྒྲུབ་བྱ་མཆོག །རྡོ་རྗེ་འཆང་བ་ཆེན་པོ་ཐོབ། །འདི་ནི་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་འབའ་ཞིག་དབང་བྱས་ནས། །རིམ་པ་གཉིས་པ་བསྒོམ་པའི་ཐབས། །མི་ཤིགས་ཐིག་ལེ་བསྒོམ་པའོ། །དེ་ལྟར་ཆོས་ཀུན་དེ་བཞིན་ཉིད། །དཔག་མེད་དམ་པའི་ཕུན་སུམ་ཚོགས། །དེ་དམིགས་ཡང་དག་སྐྱེས་གྱུར་པ། །བསྒོམ་པའི་ཆོ་ག་རྣམ་བཤད་ནས། །རྣམ་གྲངས་དག་ཀྱང་ཡོངས་སུ་བསྟན། །དེ་བཞིན་ཉིད་དང་ཡང་དག་མཐའ། །བསམ་གྱིས་མི་ཁྱབ་པ་ཡི་དབྱིངས། །ཆོས་ཉིད་དང་ནི་ཆོས་སྐྱོན་མེད། །སྟོང་པ་ཉིད་དང་མཚན་མ་མེད། །སྨོན་པ་མེད་པ་ཉིད་དང་ཡང་། །ཉོན་མོངས་ཁུར་ཆེན་འདོར་བྱེད་པ། །སྐྱེ་བ་མེད་དང་འོད་གསལ་བ། །མངོན་པར་བྱང་ནི་ཆུབ་པ་དང་། །གཞན་གྱི་སེམས་ཤེས་བྱེད་པ་དང་། །ལྷ་ཡི་རྣ་བ་སྟེར་བ་དང་། །དེ་བཞིན་ལྷ་ཡི་མིག་སྟེར་དང་། །རྫུ་འཕྲུལ་དཔག་མེད་སྤྲུལ་ཆེན་དང་། །དངོས་པོ་མཐར་ནི་ཕྱིན་པ་དང་། །དོན་དམ་པ་ཡི་བདེན་པ་དང་། །རྫོགས་པ་ཡི་ནི་རིམ་པ་དང་། །ཡོངས་སུ་དག་པའི་སྐུ་གཙང་དང་། །ཀུན་གྱིས་བསྟེན་བྱ་ཉིད་དག་དང་། །མཁའ་ལྟར་རྣམ་པར་དག་པ་དང་། །གློ་བུར་དྲི་མས་མི་གོས་དང་། །གདོད་ནས་འོད་གསལ་བ་ཉིད་


JKT005_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གང་གིས་ཀྱང་ནི་མི་ཤིགས་དང་། །དངོས་པོ་མེད་པ་ཉིད་དང་ནི། །རྒྱུ་སོགས་བཅུ་གཉིས་འབྱུང་བྱེད་དང་། །དཔལ་ཆེན་ཡེ་ཤེས་ཡོངས་དག་དང་། །ཐིག་ལེ་ཆེན་པོ་ཡང་དག་དང་། །སངས་རྒྱས་ཀུན་གྱི་གསང་ཆེན་དང་། ནམ་མཁའ་ནམ་མཁའི་སྤྱོད་ཡུལ་དང་། །བསྒོམ་པ་མེད་པ་ཉིད་དང་ནི། །རྗེ་བཙུན་མན་ངག་ཆེན་པོ་དང་། །སྣ་ནས་རྣ་བར་འཕོ་བྱེད་དང་། །ཉན་ཐོས་ཀྱིས་ནི་ཤེས་མིན་དང་། །རང་སངས་རྒྱས་སོགས་མི་ཤེས་དང་། །ཡི་གེ་མེད་པ་ཉིད་དང་ནི། །ཚིག་དང་བྲལ་དང་བརྗོད་མེད་སོགས། །དེ་ལ་མདོ་དང་རྒྱུད་རྣམས་ལས། །དེ་འདྲ་རྣམ་པ་མཐའ་ཡས་པ། །གསུངས་ཤིང་ཡང་དག་གསུང་འགྱུར་བ། །དེར་ནི་དེ་བཞིན་ཉིད་འདི་ལས། །གཞན་ནི་ཅིར་ཡང་མ་གསུངས་སོ། །དེ་བས་དད་པ་སྔོན་འགྲོ་བའི། །སེམས་ཀྱིས་ཆོས་ཀུན་དེ་བཞིན་ཉིད། །ཟབ་གསལ་གཉིས་མེད་དོན་ཆེན་པོ། །རིམ་པ་གཉིས་པ་དེ་ཁོ་ན། །བླ་མའི་གསུང་ནི་ཡང་དག་གཟུང་། །དེ་བཟུང་གོང་མའི་རིམ་པ་ཡིས། །རྟག་ཏུ་གོམས་བྱེད་སྐྱེས་བུ་གང་། །དེ་ལ་བརྟེན་པའི་རྟགས་སྐྱེས་ནས། །ས་ནས་སར་ནི་འཕར་བ་ལྟར། །དེ་ཡི་རྣམ་པ་གོང་དུ་འཕེལ། །རིག་འཛིན་ལ་སོགས་སྤྲུལ་པ་ཡིས། །གཞན་ནི་དོན་དེ་ལ་སྦྱོར་བྱེད། །དེ་ཡིས་བརྟན་འགྱུར་རྣལ་འབྱོར་པ། །སྒྲུབ་པའི་བདག་ཉིད་ཅན་དུ་འགྱུར། །བདག་ཉིད་ཅན་དེས་བསྒྲུབ་


JKT005_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆོག །ཇི་སྐད་གསུངས་པ་བརྩམ་པར་བྱ། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །མི་མོ་མི་འམ་ཅི་མོའམ། །མཁའ་འགྲོ་མ་ལ་སོགས་པ་རྣམས། །རང་གི་ནུས་པས་བརྩམ་པར་བྱ། །སྨྱོན་པའི་བརྟུལ་ཞུགས་ལ་སོགས་པས། །ཟླ་དྲུག་སོགས་པར་རབ་ཏུ་འབད། །དེ་ཡིས་རྗེ་བཙུན་ཡིད་མེད་པ། །དཔལ་ལྡན་སངས་རྒྱས་ཀུན་ངོ་བོ། །རྡོ་རྗེ་འཛིན་པ་ཐམས་ཅད་གནས། །ཆོས་ཀུན་དེ་བཞིན་ཉིད་ཟབ་པ། །སངས་རྒྱས་རྣམས་ཀྱི་བསྒྲུབ་བྱ་མཆོག །གོང་མའི་རིམ་པ་རྣལ་འབྱོར་པས། །འབད་པ་ཆེ་ཐང་རབ་བྱས་པས། །དེ་ལྟར་དེ་རུ་མཚན་ཉིད་ཀྱི། །ཚུལ་དུ་ཅུང་ཟད་རབ་གནས་པའི། །དགའ་དང་དགའ་བ་བར་མ་དང་། །དགའ་དང་བྲལ་བའི་དུས་སུ་ཡང་། །ཇི་བཞིན་གནས་པའི་དགའ་བ་གསུམ། །ཇི་སྐད་གསུངས་པ་ཐོབ་པར་འགྱུར། །དེ་ནས་མཐའ་མེད་འཁོར་བའི་བར། །རྟག་པ་དང་ནི་མི་གདུང་དང་། །བསིལ་བ་དང་ནི་གཅིག་པ་དང་། །བདེ་བ་དང་ནི་དྲི་མེད་དང་། །དགའ་བ་དང་ནི་ཡིད་དགའ་བ། །འདི་ནི་བདེ་ཆེན་རོ་མྱང་བརྒྱད། །བདག་པོ་རྡོ་རྗེ་འཆང་བ་མཆོག །རྫོགས་པའི་རིམ་པའི་རྣལ་འབྱོར་པས། །བྱས་པ་བྱེད་པ་བྱས། །དབང་ཕྱུག་ཆེན་པོ་ཁུར་ཆེན་པོར། །ཚེར་མ་དཀྲུགས་པ་ཐམས་ཅད་མཁྱེན། །སྐྱེས་བུ་དཔའ་བོ་ཅང་ཤེས་པ། །གླང་པོ་ཆེན་པོ་དུལ་བ་པོ། །འཁོར་བའི་མཐའ་ནི་ཕ་རོལ་སོན། །དོན་དམ་


JKT005_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་ཀུན་རྫོབ་ཀྱི། །བདེན་པ་གཉིས་མེད་རྣལ་འབྱོར་ཆེ། །ཐ་བ་སྤངས་པའམ་ལམ་ཀུན་རྫོགས། །ཡོན་ཏན་འབྱུང་གནས་ཀུན་ཏུ་བཟང་། །ཐམས་ཅད་འདུས་པའི་དེ་ཁོ་ན། །སྐུ་སོགས་ཁམས་ཀུན་འགེངས་པའོ། །གོང་ན་མེད་པ་ཡང་དག་གནས། །དེ་ལྟར་དེ་སོགས་རབ་གྲགས་པ། །མིང་ནི་རྣམ་པ་མཐའ་ཡས་པ། །གཉིས་མེད་ཡེ་ཤེས་མཚོན་པ་སྟེ། །མདོ་དང་རྒྱུད་རྣམས་ཐམས་ཅད་དུ། །བློ་ལྡན་རྣམས་ཀྱིས་རྟོགས་པར་བྱ། །ས་བཅུ་དང་ནི་རབ་ལྡན་པའི། །གོང་མའི་ལྷ་མོ་རྡོ་རྗེ་འཛིན། །དགེ་བ་བཅུ་གསུམ་ལ་གནས་པ། །སྐད་ཅིག་གིས་ནི་ཡང་དག་ཏུ། །སྒྲིབ་བྲལ་དེ་ཡིས་རྟོགས་པར་བྱེད། །ཕྲེང་བ་ཧ་ར་ནུ་འབུར་སོགས། །མདོག་དང་ཀུ་ཙ་ལ་སོགས་པ། །པདྨ་བཏགས་པའི་དགའ་ཤེས་པ། །དང་པོ་རབ་ཏུ་ཤེས་པར་བྱ། །ཥཛ་ཝ་རཱི་ནི་ཥཱ་ན་སོགས། །གླུ་དབྱངས་བསྟོད་དང་སིང་སྒྲ་ཡི། །སྙན་པའི་དབྱངས་ཀྱིས་དགའ་འགྱུར་བས། །གཉིས་པ་རུ་ནི་ཤེས་པར་བྱ། །ཙནྡན་ལ་སོགས་སྣ་ཚོགས་དྲིས། །ལུས་བྱུག་ལྷན་ཅིག་རྩེན་བྱེད་ཚེ། །དགའ་བ་ཡང་དག་ཐོབ་བྱེད་པ། །གསུམ་པ་རུ་ནི་ཤེས་པར་བྱ། མ་མཆུའི་སྦྲང་རྩིས་གཞིབ་བྱས་པས། །མགོར་གནས་བྱང་ཆུབ་སེམས་འགྱུ་བས། །རོ་འཐུང་དགའ་བས་བདག་མཉེས་པས། །བཞི་པར་རབ་ཏུ་ཤེས་པར་བྱ། །ལུས་ལ་བྱུག་ཅིང་སྣ་ཚོགས་ཀྱི། །སྤྱོད་པས་རྩེན་ཚེ་རེག་


JKT005_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཡིས། །ཡང་དག་དགའ་བར་བྱེད་པས་ན། །ལྔ་པ་རུ་ནི་ཤེས་པར་བྱ། །དེ་ཡིས་ཡེ་ཤེས་རྣམ་པ་གསུམ། །རིག་པར་བྱེད་ཅིང་རང་གི་ཡིད། །ཡང་དག་དགའ་བར་རབ་བྱེད་པ། །དྲུག་པར་ཤེས་བྱ་རྣལ་འབྱོར་པས། །དེ་ཡི་ལུས་ནི་བདག་གི་ནི། །རྟེན་དུ་གནས་པ་སྲ་བ་ཡིས། །ཡང་དག་དགའ་བར་བྱེད་པས་ན། །བདུན་པ་རུ་ནི་ཤེས་པར་བྱ། །དེ་ཡི་པདྨའི་ཟིལ་སོགས་དང་། །བྱང་སེམས་རླན་གྱིས་རང་གི་སེམས། །རབ་ཏུ་དགའ་བར་བྱེད་པས་ན། །བརྒྱད་པར་རབ་ཏུ་ཤེས་པར་བྱ། །གསང་གནས་དྲོད་སོགས་ཚ་བ་ཡིས། །བདག་གི་ཡིད་ནི་ཡང་དག་པར། །དགའ་བ་བྱེད་པའི་མཆོག་ཡིན་པས། །དགུ་པ་རུ་ནི་ཤེས་པར་བྱ། །དེ་ནས་བསྐྱོད་པས་ཡེ་ཤེས་མེས། །ཕུང་པོ་ཁམས་སོགས་སྲེག་བྱེད་པས། །ཡིད་ནི་ཡང་དག་དགའ་འགྱུར་བས། །བཅུ་པར་རབ་ཏུ་ཤེས་པར་བྱ། །བཅུ་པོ་དེ་ཡིས་དང་པོ་དང་། །ཕྱིས་ཀྱི་འབྲས་བུ་མཆོག་འགྱུར་བ། །གང་དུ་གསུངས་པ་རབ་ཐོབ་སྟེ། །དེ་བས་དེ་འདྲའི་དོན་ཆེན་ལ། །ཡང་དག་འཇུག་པར་མི་ནུས་པའི། །གདུལ་བྱ་རྣམས་ལ་བདེ་གཤེགས་ཀྱིས། །རབ་ཏུ་དགའ་སོགས་མཚན་ཉིད་དུ། །བསྟན་ནས་དེ་ཡི་དོན་ཞུགས་པས། །དེ་ཡིས་རྟོགས་ཀྱང་བླ་དང་བཅས། །དེ་ཉིད་དང་པོའི་རྣལ་འབྱོར་ལ། །རྟེན་དང་རྟེན་ཅན་དཀྱིལ་འཁོར་གྱི། །འཁོར་ལོ་རབ་ཏུ་བརྟན་བྱས་ནས། །དེ་ཞུགས་


JKT005_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བརྟན་བྱས་པས། །རྟོགས་ཀྱང་དོན་འདི་མ་ཤེས་ན། །ཡང་དག་སངས་རྒྱས་མ་ཡིན་ནོ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུར་རབ་ཏུ་ཆེ་བའི་ལྷ། །ལྷག་པའི་ལྷ་ཞེས་བྱ་བ་ནི། །བཅུ་གསུམ་པ་ཞེས་བྱ་བར་བཤད། །དེ་ལྟར་རིམ་པ་གཉིས་པ་ཡི། །དེ་བཞིན་ཉིད་ནི་ཐབས་བཅས་པའི། །བདུད་རྩི་མཆོག་འདི་རྣལ་འབྱོར་གང་། །འཐུང་བར་བྱེད་པ་སངས་རྒྱས་ཀྱི། །དེ་ཡི་སྲས་སུ་ངེས་པ་སྟེ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲོགས། རིག་པ་འཛིན་པའི་དཔོན་པོ་སྟེ། །མཁའ་འགྲོ་མ་ཡི་ཁྱོ་རུ་འགྱུར། །ཉན་ཐོས་རང་འདྲེན་རྣམས་ཀྱི་ནི། །འདྲེན་པར་བྱེད་པའི་གཙོ་བོ་སྟེ། །སེམས་ཅན་ཕལ་པའི་རྗེ་བཙུན་ནོ། །དེ་ལ་ཕྱོགས་བཅུ་ཁམས་བཞུགས་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རིག་པའི་ལྷ་དང་ཁྲོ་བོ་སོགས། །མེ་ཏོག་ལ་སོགས་མཆོད་པ་བཅས། །ཞག་གཅིག་སྐྱ་རེངས་དང་པོ་དང་། །ཕྱེད་ནི་དྲོས་པའི་དུས་ཉིད་དང་། །ཆལ་ཆིལ་མཚམས་སུ་ནམ་མཁའ་ལས། །མཆོད་པ་བྱས་ནས་སྔགས་བརྗོད་ཅིང་། །རང་གི་ཞིང་དུ་འགྲོ་བར་འགྱུར། །དེ་བས་དག་པའི་ལྷ་རྣམས་ཀྱང་། །དེ་བཞིན་དུ་ནི་མཆོད་བྱེད་ན། །མ་དག་པ་ཡི་ལྷ་རྣམས་ནི། །དེ་ལ་ཅི་ཡི་ཕྱིར་མི་མཆོད། །སེམས་ཅན་ཕལ་པ་གཞན་གྱིས་ནི། །མེ་ཏོག་སྙིམ་པ་བཀང་ནས་ནི། །མགྲིན་པ་དམའ་བས་ཞབས་འདུད་ཅིང་། །རྟག་ཏུ་བཀུར་


JKT005_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤིན་ཏུ་འོས། །དེ་ནི་སྐྱེས་བུ་རྐང་གཉིས་གཙོ། །ཀུན་མཁྱེན་རྣམས་ཀྱིས་བཞག་པ་སྟེ། །ཕྱིར་ལོག་ཁུར་ཆེན་པོར་བྱེད་པས། །མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །སྒྲུབ་པ་པོ་དེ་གླང་དང་འདྲ། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་ཀུན་སྤོང་། །ཅིག་ཤོས་ལུས་ལ་ང་གནས་ཕྱིར། །མཆོད་ཅིང་བརྗོད་པས་ལུས་རྣམས་ཀྱི། །སྒྲིབ་པ་དེ་ཡིས་དག་བྱེད་དོ། །རིམ་པ་གཉིས་འདིར་སྒྲུབ་པ་པོ། །རྩེ་གཅིག་པ་ཡིས་རྣམ་པར་གཟུང་། །དེ་བཟུང་ཚེ་འདི་ཉིད་ལ་ཡང་། །བརྟུལ་ཞུགས་ཆོ་ག་ཉིད་ཀྱིས་ནི། །ལྷ་མོས་རྐྱེན་ནི་རབ་བྱས་ཏེ། །ཕྱག་རྒྱ་ཆེན་པོ་རང་རྒྱུད་ལ། །འཕོ་བར་ཐེ་ཚོམ་མི་བྱའོ། །ད་ནི་རང་ཉིད་བྱིན་བརླབས་པའི། །རིམ་པ་འདི་ནི་རྣལ་འབྱོར་པ། །བྱ་བས་བསྐལ་པ་འགའ་ཞིག་ལ། །ཡང་དག་ཏུ་ནི་བཤད་པར་བྱ། །གང་ཞིག་བླ་མ་མཉེས་བྱས་ནས། །དེས་གནང་དམ་སྡོམ་བཅས་པ་རུ། །བུམ་པ་ལ་སོགས་རབ་ཐོབ་སྟེ། །བླ་མའི་ཞལ་ལས་རྙེད་པ་ཡི། །དེ་བཞིན་ཉིད་ནི་རབ་ཐོབ་ཅིང་། །གསང་དང་མཆོག་ཏུ་གསང་རིགས་པས། །ཇི་སྐད་བཤད་པའི་བྱ་བ་ཡིས། །ཡང་དག་བསྒོམ་ནི་མི་ནུས་པས། །ཇི་བཞིན་པ་ཡི་དེ་ཁོ་ན། །རིམ་པ་འདི་ཡིས་བསྒོམ་པར་བྱ། །གང་ཞིག་དུས་ནི་ཕྱི་ཞིག་ལ། །འཆི་བའི་མཚན་མ་བདག་གིས་མཐོང་། །འཆི་བར་གྱུར་པའི་དུས་


JKT005_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན། །ནད་ཀྱིས་ཡང་དག་མ་རྙིང་པར། །འཕོ་བའི་སྦྱོར་བ་ཡང་དག་བྱ། །དཔྲལ་བ་དང་ནི་ལྟེ་བ་དང་། །སྤྱི་གཙུག་དང་ནི་མིག་དང་ནི། །རྣ་བ་དང་ནི་སྣ་དག་དང་། །ཆུ་ཡི་གནས་དང་ཆུ་མིན་གནས། །ཁ་ཡི་གནས་དང་ཡེ་ཤེས་ཀྱི། །འགྲོ་འོང་གིས་ནི་རྟགས་ཤེས་བྱ། དཔྲལ་བ་གཟུགས་ཀྱི་ཁམས་ཀྱི་ནི། །རྟགས་སྐྱེས་པ་རུ་ཤེས་པར་བྱ། །ལྟེ་བར་འདོད་ཁམས་ལྷ་རྣམས་ཀྱིས། །རྟགས་བྱུང་དེ་གླུ རུ་སྐྱེ་བར་ངེས། །སྤྱི་གཙུག་གཟུགས་མེད་ཁམས་རྣམས་ཀྱི། །རྟགས་བྱུང་དེ་རུ་སྐྱེ་བར་འགྱུར། །རྣ་གཉིས་ཡེ་ཤེས་འཕོ་བ་ན། །གནོད་སྦྱིན་གནས་སུ་སྐྱེ་བར་འགྱུར། །སྣ་གཉིས་རིག་པ་འཛིན་པ་ཡི། །གནས་སུ་ངེས་པར་འགྲོ་བའོ། །མིག་གཉིས་ཀྱི་རྣམས་རྒྱལ་པོར་འགྱུར། །རྟགས་ནི་ཡང་དག་སྐྱེ་བར་འགྱུར། །ཁ་རུ་ཡེ་ཤེས་འཕོ་བ་ན། །ཡི་དྭགས་རྟགས་སུ་ཤེས་པར་བྱ། །ཆུ་གནས་དུད་འགྲོ་རྣམས་ཀྱི་ནི། །རྟགས་སུ་ཡང་དག་རབ་ཤེས་བྱ། །ཆུ་མིན་བུ་གར་ཡེ་ཤེས་འགྲོ། །དམྱལ་བའི་རྟགས་སུ་ཤེས་པར་བྱ། །དེ་ལྟར་ཡེ་ཤེས་འཕོ་བ་ཡི། །རྣམ་པའི་ཆ་ནི་ཤེས་བྱས་ནས། །སྒྲོགས་པ་ལྔ་ཡི་ཡི་གེ་ཡིས། །སྟེང་གི་སྒོ་བདུན་དགག་པར་བྱ། །ཆུ་ཡིས་སྒོ་རུ་སུཾ་གིས་དགག །ཆུ་མིན་ཀྵ་གིས་དགག་པར་བྱ། །དེ་ལྟར་སྒོ་དགུ་བཀག་ནས་ཀྱང་། །རིམ་པ་འདི་ཡིས་རང་སེམས་ཀྱི། །གནས་ནི་རབ་ཏུ་བཙལ་བྱས་པས། །


JKT005_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཉིད་དུ་ནི་ངེས་པར་འགྲོ། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་སུ། །རྣལ་འབྱོར་རྒྱུད་ཀྱིས་དཔྱད་པ་ལྟར། །རྣམ་པར་བསྒོམས་བྱས་ཡེ་ཤེས་སོ། །གོང་ན་མེད་པ་རྟོགས་པར་འགྱུར། །བདག་ཉིད་ཇི་སྐད་གསུངས་པ་བཞིན། །ལྷ་ཡི་ལུག་སུ་གྱུར་བྱས་པ། །ཆོས་ཀྱི་དབྱིངས་དང་རྣམ་ཤེས་དང་། །བདག་ཉིས་སངས་རྒྱས་སྐུར་བྱས་པའི། །གནས་ནི་རིན་ཆེན་སྣ་ཚོགས་པའི། །ཁ་དོག་སྣ་ལྔས་རབ་བརྒྱན་པའི། །རྡོ་རྗེ་རྩེ་མོ་དགུ་པ་མཆོག །བདག་གི་སྤྱི་བོའི་སྟེང་དུ་ནི། །བསམས་ནས་དེ་རུ་རང་གི་སེམས། །རྡོ་རྗེ་དཀར་པོ་བཅུ་ཚལ་ཙམ། །རྩེ་ལྔ་བསམས་ནས་བརྟག་པར་བྱ། །ཡར་གྱི་རྩེ་ལྔ་ཐབས་ལྔ་སྟེ། །དེ་བཞིན་མར་བལྟས་ཤེས་རབ་ལྔ། །དབུས་ཀྱི་བུམ་པ་རི་བོང་ཅན། །བསམས་ནས་དེ་རུ་ཡེ་ཤེས་ཆེ། །སེར་པོ་བྱང་ཆུབ་སེམས་འདྲ་བ། །འཛག་པའི་ངང་ཚུལ་དང་འདྲ་བ། །ཐིག་ལེ་ཙ་ན་ཀ་ཡི་འབྲུ། །ལྔ་འབྱོར་ཚད་དུ་བསྒོམ་པར་བྱ། །དེ་ནས་ཆོས་རྣམས་ཐམས་ཅད་ཀུན། །མེད་པར་བསམས་ནས་བདག་དམིགས་ཏེ། །བདག་ཀྱང་བདག་ལ་ཐིམ་བྱས་ནས། །སེམས་ཙམ་དེ་ཡང་མདའ་བཞིན་དུ། །སྤྱི་བོར་རྡོ་རྗེ་འོག་ཆ་ཡི། །སྦུ་གུར་ཞུགས་ནས་ཐིག་ལེར་ཐིམ། །དེ་ནི་དེ་བཞིན་གཤེགས་པ་རྣམས། །ལྷ་མོ་རྣམས་ཀྱི་རང་བཞིན་གྱི། །གནས་སུ་ཤེས་པར་རབ་ཏུ་བྱ། །དེ་ནི་གདོད་ནས་གྲུབ་པའི་གཟུགས། །དེ་རུ་ཤེས་པ་རབ་


JKT005_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ། །སེམས་དེ་ཡང་དང་ཡང་དུ་གཟུང་། །དེ་ལས་སེམས་དེ་ཡར་བ་ལྟར། །རྡོ་རྗེ་རྩེ་དགུ་སྟེང་ཆ་ཡི། །སྦུ་གུར་བྱུང་ནས་སྣ་ཚོགས་ཀྱི། །པདྨར་ཟླ་བ་གནས་པ་ལ། །རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ། །མཚན་དང་དཔེ་བྱད་ཀུན་བརྒྱན་ལ། །རྒྱན་ཀུན་བརྒྱན་པའི་ན་བཟའ་དང་། །བྲལ་ནས་ཤིན་ཏུ་གསལ་དམིགས་ཏེ། །དེ་གཉིས་མེད་པའི་སྦྱོར་བ་ཡིས། །བྱིན་རླབས་ལས་བྱུང་འཁོར་ལོ་ཆེ། །རྣམ་པར་འཕྲོ་ཞིང་འདུ་བར་བསམ། །དེ་ལྟར་རྣམ་པར་བསྒོམ་པ་མཆོག །ཡང་དང་ཡང་དུ་ཅི་ནུས་བསྒོམ། །བསམ་པ་དེ་ཡི་རྐྱེན་གྱིས་ནི། །བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། །གསལ་ཞིང་རབ་དག་མཁའ་འདྲ་རྟོགས། །དེ་ནས་རྫུ་འཕྲུལ་ཤུགས་ལྡན་པ། །ལོ་ལྔ་ལོན་པའི་བྱིས་པའི་གཟུགས། །འགྲུབ་ཚེ་དཔེ་མེད་བདེ་རྫོགས་རྟོགས། །དེ་ལས་སྐྱེ་གནས་གཞན་དུ་ནི། །འཕེལ་བར་བྱེད་ཚེ་སྤྲུལ་པའི་གཟུགས། །ཡང་དག་ཏུ་ནི་རྟོགས་པར་འགྱུར། །དེ་ལྟ་བས་ན་སེམས་ཅན་གྱི། །བསམ་པ་གང་དང་གང་དག་གི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དང་དེ་ནི་མདོ་བཞིན་དུ། །སྣ་ཚོགས་ནོར་བུ་ལྟ་བུར་འགྱུར། །ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ཤི་དང་བརྒྱལ་དང་གཉིད་ལོག་དང་། །གླལ་དང་འཁྲིག་དུས་སྐད་ཅིག་ཙམ། །མྱོང་བར་འགྱུར་བས་རབ་བསྒོམས་ན། །ལུས་ཅན་རྣམས་ཀྱི་ཡིད་ནི་སྦྱོང་། །


JKT005_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །འདི་ནི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པ་གཞན་ལས་མཆོད་པ་ལེན། །དེ་ཡིས་དེ་མཉེས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་སོགས་དང་། ཁྱོད་ཀྱང་ཟས་ཀྱི་སྤྱོད་པ་དང་། །ང་ལ་ཅུང་ཟད་འཁྲུལ་རྟོག་པས། །ཁྱོད་ཀྱི་ཚེ་འདི་ཉིད་ལ་ནི། །གཟུགས་བཅས་ཕུང་པོ་རང་ལུས་ནི། །གནས་ནི་ཡང་དག་མི་འགྱུར་ཏེ། །རྣམ་པར་ཤེས་པ་མི་ཤིགས་པ། །ཕྱག་རྒྱ་ཆེན་པོ་རབ་ཏུ་འགྲུབ། །དེ་བས་ཁྱོད་ཀྱི་ཡང་དག་བློས། །སངས་རྒྱས་ཀུན་གྱི་འདུས་པའི་རྒྱུད། །གསང་ཆེན་གསང་ལས་ཆེས་གསང་བ། །གོང་ན་མེད་པའི་ལུང་ཆེན་པོ། །འདི་ཡི་རིམ་པ་དང་པོ་ཡིས། །སྒྲུབ་པའི་ཐབས་དང་སྦྱིན་སྲེག་དང་། །གཏོར་མ་སྣ་ཚོགས་འཁོར་ལོ་དང་། །བསྡུས་པ་དང་ནི་རྣམ་བཤད་དང་། །དཀྱིལ་འཁོར་ཆོ་ག་ལ་སོགས་པ། །མི་ཤེས་མུན་བསྒྲིབ་སེམས་ཅན་གྱི། །ཐུར་མ་ལྟ་བུ་བརྩམས་པར་གྱིས། །ཞེས་སོགས་རྗེས་སུ་གདམས་ཏེ། དེ་ལྟར་རོལ་པའི་གར་བཅས་སྒྲ་བརྙན་ལྟ་བུ་རྡོ་རྗེའི་གླུ། །འཁོར་ལོར་བཅས་པ་དེ་ཉིད་གླུ་བླངས་བདག་ལ་བསྟོད་ཅིང་དེར། །ནམ་མཁའི་ཁམས་སུ་སྤྲིན་རྣམས་མེད་པ་ལྟ་བུར་ཐིམ་པར་གྱུར། །དགེ་སློང་བླ་མ་གཉིས་བཅས་དེ་ཡང་དེ་བཞིན་མི་སྣང་གྱུར། །རྡོ་རྗེ་གདན་གྱི་རྒྱབ་ནས་རྒྱང་གྲགས་ལྔ་བཅུ་སོར་བའི་སར། །པདྨ་ཏ་ཡི་ཕུག་ལ་བརྟེན་ཏེ་སེམས་ཅན་


JKT005_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བྱའི་ཕྱིར། །འདི་བསྡུས་རབ་བྱེད་ཐམས་ཅད་བརྩམས་དང་སྟོན་སོགས་བྱས། །ཞེས་སོགས་རྒྱས་བར་བསྟན་ཅིང་། མཐར། དལ་འབྱོར་ལུས་འདི་ཤིན་ཏུ་གཡོ་སླ་བས། །ཇི་ལྟར་རླུང་གིས་མར་མེ་གསོད་པ་ལྟར། །སྐད་ཅིག་ཙམ་དུ་མི་སྡོད་དུས་འདའ་བྱེད། །དེ་བས་འདི་ནི་ཆུད་གསོན་མི་བྱ་སྟེ། །དངོས་ཀུན་དེ་ཉིད་མཆོག་ཆེན་རབ་བསྒོམ་བྱ། །ཞེས་དང་། དེ་ལྟར་རབ་ཏུ་ཤེས་པར་བྱས་ནས་སུ། །རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །དཔལ་ལྡན་ཀུན་གྱི་ངོ་བོ་རིམ་གཉིས་འདིས། །སྡུག་བསྔལ་ལམ་བཅས་བསྐལ་པ་གསུམ་དུ་ཡང་། །རང་གི་རྗེས་མཐུན་བྱང་ཆུབ་བླ་དང་བཅས། །ཐོབ་ནས་དེ་བདེ་ཅུང་ཙམ་རབ་ཚོགས་པ། །རྣལ་འབྱོར་དེ་ཡིས་ཅི་ཕྱིར་དེ་མི་སྒོམ། །ཞེས་དང་། འདི་ནི་རང་བཞིན་འགྲུབ་པའི་མན་ངག་ལས། །བརྒྱུད་པའི་བླ་མ་ཡང་དག་རབ་བརྟེན་དང་། །རང་གི་བསོད་ནམས་ཚོགས་ནི་སྔོན་བསྐྱེད་པས། །རྟོགས་པར་རབ་ཏུ་འགྱུར་བ་མ་རྟོགས་པར། །བསོད་ནམས་ཆུང་བས་བསྐལ་པ་དཔག་མེད་པར། །འདི་ནི་མི་རྟོགས་འདི་དོན་མ་རྟོགས་ན། །རྣལ་འབྱོར་ཆེ་ཞེས་དེ་ལ་མི་བྱའོ། །ཞེས་སོགས་དང་། ཐེ་ཚོམ་སོམ་ཉི་མེད་པར་དད་པ་ཡིས། །འདི་དོན་གྲུབ་པས་ཡང་དག་བླངས་བྱས་ནས། །ཤེས་རབ་ཀྱིས་ནི་ཡང་དང་ཡང་དུ་རུང་། །དཔྱད་པས་བདག་


JKT005_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཉིས་མེད་ཡེ་ཤེས་ཆེ། །ཆུ་གཙང་ནང་དུ་ཟླ་བའི་དཀྱིལ་འཁོར་ལྟར། །འབྱུང་འགྱུར་འདི་ལ་ཐེ་ཚོམ་མ་བྱེད་ཅིག །ཅེས་གསུངས་སོ། །འདི་ཉིད་རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་རྒྱ་དང་ལོ་ཙཱ་བ་མངའ་བདག་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་བ་སྣང་ངོ་། ༈ །ཡང་དེས་མཛད་པའི་༤ ༧གྲོལ་ནས་བའི་། ༢བར་ཐིག་ལེ་ཞེས་བྱ་བར། དངོས་པོ་ཐམས་ཅད་འདི་ལྟ་སྟེ། །དམྱལ་བའི་གནས་དང་ཡི་དྭགས་དང་། །དེ་བཞིན་བྱོལ་སོང་གླིང་བཞི་དང་། །སོགས་ནས། །སྒོམ་པའི་ལམ་དང་བར་མི་ཆོད། །རྣམ་གྲོལ་ཆེན་པོའི་ལམ་རྣམས་སོ། །དེ་དག་ཀུན་གྱི་རང་བཞིན་ནི། །ནམ་མཁའི་དབྱིངས་ལྟར་རྣམ་དག་པའི། སྤྲོས་པ་རྣམ་པ་ཀུན་བྲལ་བ། །ཟབ་གསལ་གཉིས་མེད་ཡེ་ཤེས་སོ། །ཐམས་ཅད་རྣམ་རྟོག་དང་བྲལ་བས། །འཁོར་བ་ཞེས་བྱ་ཡོད་མ་ཡིན། །འོན་ཀྱང་ཐག་པའི་སྦྲུལ་ལྟ་བུར། །སྣང་ཞིང་མེད་པ་ཉིད་དུ་འདོད། །རབ་རིབ་སྤངས་པས་ཐག་པ་ལས། །གཞན་ནི་ཅུང་ཟད་རྙེད་མི་འགྱུར། །དེ་བཞིན་སྤྲོས་སྤངས་དཀྱིལ་འཁོར་ལ། །འཁོར་བ་ཅུང་ཟད་རྙེད་མི་འགྱུར། །དེས་ན་ཟབ་གསལ་དཀྱིལ་འཁོར་བས། །ང་ནི་རྟག་ཏུ་མྱ་ངན་འདས། །དེ་དོན་སྐྱེ་བོས་མ་ཤེས་པས། །སྲིད་པའི་སྡུག་བསྔལ་གྱིས་གཟིར་རོ། །དེས་ན་ཟབ་གསལ་བྱང་ཆུབ་ནི། །གཉིས་མེད་རྟོགས་པས་དེ་གྲོལ་ལོ། །ཟབ་མོ་ཁོ་ནས་རྟོགས་པ་མིན། །


JKT005_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་དག་ཀྱང་དེ་བཞིན་ནོ། །དེ་བཞིན་ཐལ་བྱུང་ཟབ་མོ་ནི། །གྲོལ་འདོད་དེ་ལ་ང་མི་དད། །དེ་བས་གཉིས་མེད་རང་བཞིན་དུ། །རྟོགས་པས་ཚེ་འདིར་འབྲས་ཐོབ་ངེས། །རྣམ་པར་རྟོག་པ་ཀུན་བྲལ་བས། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །རྟོག་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱངས་པས། །ཡང་དག་ངལ་བ་ཞེས་བྱའོ། །དེ་གཉིས་མེད་པའི་རང་བཞིན་མཆོག །དངོས་པོ་ཀུན་ལ་ཁྱབ་པའི་བདག །འཁོར་བས་རབ་ཏུ་མ་ཟིན་པ། །ཆོས་ཀྱི་དབྱིངས་ཞེས་བཤད་པའོ། །དེ་འདྲ་རབ་མཆོག་ཡེ་ཤེས་ནི། །མངོན་སུམ་ཚོགས་པས་མི་ཤེས་སོ། །དེ་བཞིན་དཔྱོད་མཁན་གྱིས་མི་ཤེས། །མི་ཤེས་འཁྲུལ་པས་རབ་གཡོགས་པ། །ཉན་ཐོས་ཀྱིས་ཀྱང་མི་ཤེས་སོ། །སྤྱོད་ཡུལ་བག་ཉལ་ཤེས་པ་ཡིས། །རང་སངས་རྒྱས་ཀྱིས་ཀྱང་མི་ཤེས། །དུས་གསུམ་དུ་ནི་བྱོལ་སོང་དང་། །ཡི་དྭགས་དམྱལ་བ་ལྷ་རྣམས་ཀྱི། །སོ་སོ་སྐྱེ་བོས་ག་ལ་ཤེས། །སངས་རྒྱས་ཀུན་གྱི་གསང་ཆེན་འདི། །ནམ་མཁའ་ནམ་མཁའི་སྤྱོད་ཡུལ་ལོ། །འདི་ཡི་དོན་ཤེས་བརྒྱུད་པ་ཡི། །བླ་མ་དམ་པ་རྟག་བཀུར་བས། །ཨུ་དུམྦྷ་ར་བརྒྱ་ལམ་ན། །བསོད་ནམས་ཅན་གྱིས་སྐད་ཅིག་ཤེས། །འདི་ཡི་དོན་ཤེས་རྣལ་འབྱོར་


JKT005_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པས། །བྱ་བའི་ལས་ནི་དཀྱིལ་འཁོར་དང་། །བྱ་བའི་ལས་ནི་གཏོར་མ་དང་། །བྱ་བའི་ལས་ནི་སྦྱིན་སྲེག་དང་། །བྱ་བའི་ལས་ནི་བགྲང་ཕྲེང་དང་། །བྱ་བའི་སྐྱིལ་མོ་ཀྲུང་ལ་སོགས། །ངལ་བ་བྱེད་པས་ཅི་ཞིག་བྱ། །དང་པོ་པ་རྣམས་འདྲིད་ཕྱིར་རོ། །ཅི་ཕྱིར་རྟོགས་པས་སངས་རྒྱས་མིན། །རང་བཞིན་རྣམ་དག་ལས་བྱུང་ཕྱིར། །རྟོག་བཅས་ཆོ་ག་དེ་དག་ཀུན། །ངལ་བ་ལ་སོགས་སྤང་བར་བྱ། །རང་བཞིན་ལས་ནི་བྱེད་པའང་ཡོད། །རང་བཞིན་ཡོངས་སུ་ཤེས་པ་ལས། །བྱེད་པ་མེད་ཅིང་བྱ་བའང་མེད། །དཔེར་ན་མི་གང་ཆུ་ཀླུང་གི། །ཕ་རོལ་དུ་ནི་འགྲོ་བ་དག །རྩྭ་དང་ཤིང་སོགས་བསྡུ་བྱས་ནས། །དེ་ལས་བརྒལ་བའི་རྫིང་བྱས་ཏེ། །འཇུག་ཏུ་རབ་ཏུ་བརྒལ་བྱས་ནས། །བོར་བས་བདེ་བར་འགྲོ་བ་ལྟར། །དེ་བཞིན་འཁོར་བའི་ཕ་རོལ་གྱི། །དངོས་པོ་དེ་ཉིད་རྟོགས་བྱས་ནས། །རྟོག་བཅས་ཆོས་རྣམས་ཡོངས་། སྤངས་ཏེ། །བྱང་ཆུབ་བདེ་བ་ཐོབ་པའོ། །དེ་ཕྱིར་རྣམ་རྟོག་རྣམས་སྤངས་ལ། །ཟབ་གསལ་གཉིས་མེད་ཆོས་སྤེལ་ཏེ། །དེ་བཞིན་གཤེགས་པས་གསུངས་ལམ་ལ། །སྔགས་རིག་རྣམ་རྟོག་མ་བྱེད་ཅིག ། རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །འཁོར་བར་ལྟུང་བར་བྱེད་པ་ཡིན། །ནམ་མཁའ་ལྟ་བུ་དྲི་མེད་པའི། །ཟབ་གསལ་གཉིས་མེད་ཏིང་འཛིན་མནོས། །ཞེས་དང་། ཐོག་མ་མཐའ་མ་མེད་པའི་མཆོག །ཡོད་པ་


JKT005_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་མེད་པ་མེད། །དབང་པོ་དང་བཅས་དབང་པོ་མེད། །འབྱུང་བའི་དངོས་པོ་འབྱུང་བ་མེད། །གཟུགས་དང་བཅས་ཤིང་གཟུགས་མེད་པས། །སྦྱོར་བའི་ལམ་གྱིས་མཐོང་བའོ། །ཕྱི་ཡི་གཟུགས་ཕུང་ཚོར་བ་སོགས། །ཀུན་རྫོབ་འབྱུང་བ་བཞི་པོ་དང་། །གཡོ་དང་བཅས་པའི་ཆོས་རྣམས་ཀུན། །དེ་གཅིག་པོས་ནི་ཁྱབ་པ་སྟེ། །ཐམས་ཅད་སེམས་ཙམ་ཁོ་ནའོ། །ཅི་ཕྱིར་སེམས་ཅན་ཐམས་ཅད་ཀུན། །རྣམ་ཤེས་ཕུང་པོ་ཁོ་ནའོ། །བླུན་པོ་རྨོངས་པ་རྣམས་ཀྱིས་ནི། །དེ་དོན་ཅུང་ཟད་ཤེས་མི་འགྱུར། །སེམས་དང་སེམས་བྱུང་ཡེ་ཤེས་དང་། །ཤེས་པ་རྣམ་ཤེས་གཅིག་པའོ། །གང་ཚེ་ལུས་ཀྱི་རྐྱེན་ཉིད་འགྱུར། །ཆོས་ཀུན་ངོ་བོ་གཅིག་ཏུ་འགྱུར། །དངོས་པོ་ཀུན་ཀྱང་དེ་ཚེ་འགྱུར། །ཅི་ཡི་ཕྱིར་ན་ཆོས་རྣམས་ཀུན། །ཆུ་རྒྱུན་བཞིན་དུ་རྒྱ་མཚོ་ལས། །ཐར་པ་ཉག་ཅིག་ཁོ་ན་སྟེ། །མང་པོ་ཉིད་དུ་མི་སྣང་ངོ་། །དེ་ནི་ནང་གི་སྦྱོར་བ་ནི། །བླ་མ་དམ་པའི་ཞལ་ནས་ནི། །ཐོབ་ཀྱི་དེ་ལ་ཐེ་ཚོམ་མེད། །དེ་ནི་ཟབ་གསལ་གཉིས་སྦྱོར་བས། །སྦྱོར་བ་ཞེས་སུ་བཤད་པའོ། །རྩེ་གཅིག་པས་ནི་ཏིང་ངེ་འཛིན། །མཉེས་བྱེད་ཚིམ་པར་བྱེད་པ་སྟེ། །གཏོར་མ་ཞེས་ནི་རབ་ཏུ་བྱ། །སྡིག་པ་ཞི་ཕྱིར་ཞི་བའོ། །བསོད་ནམས་རྒྱས་ཕྱིར་རྒྱས་པའོ། །ཆགས་པ་ཆེན་པོས་དབང་དུ་འདོད། །ཐམས་ཅད་གསོད་ཕྱིར་མངོན་སྤྱོད་དོ། །ཉན་ཐོས་


JKT005_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཆོས་རྣམས་ནི། །རིང་དུ་ཞི་བྱེད་བསྐྲད་པའོ། །སྔགས་པ་གང་གནས་རྣལ་འབྱོར་པས། །རྟོགས་པར་ནུས་པས་བསྲུང་པའོ། །དེ་ཤེས་ཆོས་རྣམས་ངོ་བོ་ཀུན། །གཅིག་མིན་གཉིས་རྟོགས་མིག་རྣོན་ནོ། །རྣམ་པར་རྟོག་པ་མ་ལུས་རྣམས། །ཡེ་ཤེས་ངོ་བོར་དེ་འགྱུར་བས། །དུག་གཞོམ་པ་ཡི་ཆོ་གའོ། །ཕུང་པོ་ལ་སོགས་བླུན་པོའི་རྫས། །ཡེ་ཤེས་མེས་བསྲེག་སྦྱིན་སྲེག་གོ། །ཟབ་པ་དང་ནི་གསལ་བ་ཡི། །ཆོས་ཀུན་མཉམ་པས་ཐིག་གདབ་བོ། །གསལ་བའི་འཇའ་ཚོན་ལྟ་བུའི་སྐུས། །ཉི་ཤུ་རྩ་གཅིག་ཆོས་ཀུན་ལ། །རང་བཞིན་གྱིས་བཟུང་མཚོན་བཏབ་བོ། །དེ་ཡི་ངོ་བོ་ཀུན་གནས་པ། །སློབ་དཔོན་སློབ་མ་ཀུན་ཞུགས་པའོ། །མིང་ཙམ་གྱིས་ནི་ལོག་འབྱུང་ཡང་། །རང་རིག་བདེ་བས་རྟོགས་པས་ན། །དབང་བསྐུར་ཞེས་ནི་བཤད་པ་ཡིན། །དེ་ལ་སོགས་པ་མཐའ་ཡས་ཀྱིས། །ཆོས་ཀུན་མིང་ཅན་དེ་ཉིད་མཆོག ། ཡན་ལག་ཐམས་ཅད་རབ་འདས་ཤིང་། །རྟོག་དང་རྟོག་པ་མེད་ལས་གྲོལ། །གུག་སྐྱེད་ཚེགས་དྲག་ལས་འདས་པ། །འདི་ནི་དཀྱིལ་འཁོར་མཆོག་ཅེས་བྱ། །ཆོས་རྣམས་ཐམས་ཅད་རྟོགས་པར་སྣང་། །ནམ་མཁའ་རྣམ་དག་འདྲ་བ་ཡིན། །དཀྱིལ་འཁོར་འདི་ནི་བསྟན་པ་ཡིན། །འདོད་ཆགས་མི་ཆགས་འདོད་ཆགས་མཉམ། །ཆུ་ཡི་པདྨ་དམར་པོ་འདྲ། །རང་སེམས་འདོད་ཆགས་ཤིན་ཏུ་ཆགས། །འདི་ནི་དཀྱིལ་


JKT005_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མཆོག་ཡིན་ནོ། །གཟུགས་དང་གཟུགས་མེད་དྲི་མེད་པའི། །གང་ཁམས་ཀུན་འཇུག་གྱུར་པ་ཡི། །སེམས་ནི་ཆུ་དང་སྐུལ་བྱེད་པའི། །དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱའོ། །དེ་འདྲའི་རང་རིག་དཀྱིལ་འཁོར་ལས། །རྟོག་ལས་རླུང་བྱུང་མེ་དང་ནི། །ཆུ་དང་ས་སྟེ་དེ་དག་ལས། །ཕྱི་རོལ་ཕུང་སོགས་རབ་གྲུབ་པས། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །མཆོག་གི་དཀྱིལ་འཁོར་འདི་བསྒོམ་བྱ། །གླུ སྐད་ཅིག་ཙམ་དུ་དད་པ་ཡང་། །མྱུར་དུ་རྡོ་རྗེ་སེམས་དཔར་འགྱུར། །དེ་ཡི་ཐེག་པ་བསམ་ཡས་ཀྱི། །ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་བསྲུང་། །དཀྱིལ་འཁོར་ཀུན་ཏུ་ཞུགས་པའོ། །དེ་ཕྱིར་འདི་ཡི་བསོད་ནམས་ཚོགས། །ནམ་མཁའ་སྣོད་བྱས་ཤོང་མི་འགྱུར། །ཅི་ཕྱིར་ཤཱཀྱ་ཐུབ་པ་ཡིས། །གྲངས་མེད་བར་དུ་ཚོགས་བསགས་ཀྱང་། །འདི་དོན་མ་རྟོགས་ནེརཉྫུར། །ཅི་ཡང་མ་ཡིན་ཏིང་འཛིན་གནས། །དེ་ཚེ་བདེ་གཤེགས་ཀུན་གྱིས་ཀྱང་། །ཐལ་བྱུང་བློ་ཅན་དེ་བཟློག་སྟེ། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་རབ་བསྟན་ཏེ། །ནམ་ཕྱེད་དུས་སུ་རྒྱལ་བ་ལྟར། །དེ་ཉིད་བསྒོམས་པས་ཐོ་རངས་སུ། །སྐད་ཅིག་གིས་ནི་ཡང་དག་རྟོགས། །བྱང་ཆུབ་སྙིང་པོར་བཞུགས་བྱས་ནས། །དཔུང་ཆེན་བདུད་རྣམས་རབ་བཅོས་སྟེ། །སེམས་ཅན་གཟུང་བར་བྱ་བའི་ཕྱིར། ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཡང་། །


JKT005_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དེ་ཡིས་ཇི་ལྟར་གནོད། །དེ་འདྲའི་རབ་མཆོག་ཡེ་ཤེས་ནི། །སོ་སོ་སྐྱེ་བོས་ག་ལ་ཤེས། །ཉན་ཐོས་རྣམས་ཀྱིས་མི་ཤེས་སོ། །རང་སངས་རྒྱས་ཀྱིས་ཀྱང་མི་ཤེས། །རྣལ་འབྱོར་སྤྱོད་དང་དབུ་མ་པ། །བྱང་ཆུབ་སེམས་དཔས་མི་ཤེས་སོ། །བླ་བཅས་སངས་རྒྱས་ཀུན་གྱིས་ཀྱང་། །འདི་ནི་ཅུང་ཟད་མི་ཤེས་སོ། །འདི་ཡི་དོན་ཤེས་མ་འོངས་པའི། །རྡོ་རྗེ་འཛིན་པ་མཉེས་བྱས་ནས། །རང་གི་བསོད་ནམས་སྟོབས་ཆེན་གྱིས། །ཡི་གེ་མེད་པ་རྣམ་པར་འཕོ། །དེ་ལ་དཀྱིལ་འཁོར་སྦྱིན་སྲེག་དང་། །གཏོར་མ་བཟླས་པ་བགྲང་ཕྲེང་དང་། །སྐྱིལ་མོ་ཀྲུང་དང་སྟང་སྟབས་སོགས། །སྤྲོས་བྲལ་རྣམ་པར་བསླུ་བ་སྟེ། །བྱ་བ་མ་ཡིན་དགག་པ་མིན། །ལྷག་པའི་ལྷ་ཡིས་སྤྲུལ་ཕྱིར་རོ། །བྱ་བ་རྣམས་ལ་རྣལ་འབྱོར་པ། །ལམ་ཆེན་དག་ཏུ་ཡོངས་འཛིན་པ། །རི་དྭགས་སྨིག་རྒྱུར་བསྙེགས་པ་ལྟར། །རྟག་ཏུ་སྣང་ཡང་མི་ཟིན་ནོ། །བྱ་བའི་ནད་ཆེན་གྱིས་ཟིན་ལ། །ཡེ་ཤེས་གཡོ་མེད་སྨན་ཆེན་གྱིས། །གསོ་བྱེད་སྐྱེས་བུ་དམ་པའོ། །དེ་བས་ལུས་ངག་ཡིད་གསུམ་གྱི། །སྡོམ་པ་མཆོག་ལ་གནས་བྱས་ནས། །ངའོ་སྙམ་གཉིས་པ་དེ་ཉིད་བསྒྲུབ། །ཅེས་སོགས་ནས་བསྐྱེད་རིམ་སྔོན་དུ་འགྲོ་བས་ཐིག་ལེའི་རྣལ་འབྱོར་དང་། གཟུང་བ་དང་། རྗེས་དྲན་སོགས་རྫོགས་པའི་རྣལ་འབྱོར་མང་དུ་བསྟན་ཏེ། དེ་ཡང་སྙིང་གི་སྣེའི་རྩེ་མོར་


JKT005_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤིགས་པའི་ཐིག་ལེ་བསྒོམ་པ་དང་། དབུགས་དགག་པ་དང་། གཟུང་བ་དང་། རྗེས་དྲན་གྱི་ཡན་ལག་གསུམ་གྱིས་གསང་བའི་ཐིག་ལེ་དང་། རྡོ་རྗེའི་བཟླས་པས་སྤྲུལ་པའི་ཐིག་ལེ་བསྒོམ་པ་རྣམས་བསྟན་ཏོ། །དེ་ལ་ཧཱུཾ་གིས་འབྱུང་བ་དང་། །ཨོྃ་གྱིས་སྡུད་དང་ཨཱཡིས་གནས། །དེ་ལ་དེ་ཉིད་རབ་བཟུང་བས། །གྲོལ་བའི་ཡེ་ཤེས་རྙེད་འགྱུར་བས། །སོམ་ཉི་ཡིད་གཉིས་མ་བྱེད་ཅིག ཕྱག་རྒྱ་བཞི་འབྲེལ་བཟླས་པ་ནི། །ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྟེ། །དེ་ནི་དགུ་བརྒྱ་རྣམ་པ་བསྒྲེས། །ཞག་གཅིག་ཏུ་ནི་ཉི་ཤུ་བཞིས། །ཁྲི་ཕྲག་གཉིས་དང་གཅིག་སྟོང་དང་། །བརྒྱ་ཕྲག་དྲུག་ཏུ་དུས་ཐམས་ཅད། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །ཉིན་མཚན་བཟླས་བརྗོད་གྲངས་བྱེད་དོ། །ཞེས་དང་། དེ་ནི་ཡང་དག་ཤེས་ནས་ནི། །སྒོམ་པའི་བར་ཆད་ཕྱི་རོལ་གྱི། །བཟླས་པ་ཡོངས་སུ་སྤང་བར་བྱ། །བཟླས་པའི་ངོ་བོ་ག ཆེན་པོ་མཆོག །རྡོ་རྗེ་འཆང་བ་བརྗོད་མེད་སྐུ། །བསམ་བརྗོད་ཡུལ་ལས་རབ་འདས་པས། །ངག་གིས་ཇི་ལྟར་བཟླས་པར་བྱེད། །དེ་བས་གླང་ཆེན་རྙེད་གྱུར་པ། །རྗེས་ཀྱིས་དེ་ལ་ཅི་ཞིག་བྱ། །ཞེས་དང་། དེ་བས་རྡོ་རྗེའི་བཟླས་པ་མཆོག །འབད་པས་བདེ་གཤེགས་ཐམས་ཅད་ཀྱི། །བྱིན་རླབས་ཉིད་ནི་འདོད་པས་ན། །ཕྱག་རྒྱ་ཆེན་པོ་འགྲུབ་པ་ཡི། །མཚན་མ་ཡང་དང་ཡང་འབྱུང་འགྱུར། །ཞེས་སོགས་ནས། །


JKT005_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དགའ་གསུམ་བྱེ་བྲག་གི །ཐིག་ལེ་རྣམ་གསུམ་བསྒོམ་པ་ཡི། །ཆོ་ག་ཡང་དག་བསྟན་པའོ། །ཞེས་པ་དང་། དེ་ལྟར་ཆོས་ཀུན་དེ་བཞིན་ཉིད། །དཔག་མེད་དམ་པའི་ཕུན་སུམ་ཚོགས། །དེ་དམིགས་ཡང་དག་སྐྱེ་འགྱུར་བ། །བསྒོམ་པའི་ཆོ་ག་རྣམ་བཤད་ནས། །རྣམ་གྲངས་དག་ཀྱང་ཡོངས་སུ་བསྟན། །དེ་བཞིན་ཉིད་དང་ཡང་དག་མཐའ། །བསམ་གྱིས་མི་ཁྱབ་པ་ཡི་དབྱིངས། །ཆོས་ཉིད་དང་ནི་ཆོས་སྐྱོན་མེད། །སྟོང་པ་ཉིད་དང་མཚན་མ་མེད། །སྨོན་པ་མེད་པ་ཉིད་དང་ཡང་། །ཉོན་མོངས་ཁུར་ཆེན་འདོར་བྱེད་པ། །མངོན་པར་བྱང་ནི་ཆུབ་པ་དང་། །གཞན་གྱི་སེམས་ཤེས་བྱེད་པ་དང་། །ལྷ་ཡི་རྣ་བ་སྟེར་བ་དང་། །དེ་བཞིན་ལྷ་ཡི་མིག་སྟེར་དང་། །རྫུ་འཕྲུལ་དཔག་མེད་སྤྲུལ་ཆེན་དང་། །དངོས་པོ་མཐར་ནི་ཕྱིན་པ་དང་། །རྫོགས་པ་ཡི་ནི་རིམ་པ་དང་། །ཡོངས་སུ་དག་པའི་སྐུ་གཙང་དང་། །ཀུན་གྱིས་བསྟེན་བྱ་ཉིད་དག་དང་། །མཁར་ལྟར་རྣམ་པར་དག་པ་དང་། །གློ་བུར་དྲི་མས་མི་གོས་དང་། །གདོད་ནས་འོད་གསལ་བ་ཉིད་དང་། །གང་གིས་ཀྱང་ནི་མི་ཤིགས་དང་། །དངོས་པོ་མེད་པ་ཉིད་དང་ནི། །རྒྱུ་སོགས་བཅུ་གཉིས་འབྱུང་བྱེད་དང་། །དཔལ་ཆེན་ཡེ་ཤེས་ཡོངས་དག་དང་། །ཐིག་ལེ་ཆེན་པོ་ཡོངས་དག་དང་། །སངས་རྒྱས་ཀུན་གྱི་གསང་ཆེན་དང་། །ནམ་མཁའ་ནམ་མཁའི་སྤྱོད་ཡུལ་དང་། །བསྒོམ་པ་མེད་པ་


JKT005_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་ནི། །རྗེ་བཙུན་མན་ངག་ཆེན་པོ་དང་། །རྣ་ནས་རྣ་བར་འཕོ་བྱེད་དང་། །ཉན་ཐོས་ཀྱིས་ནི་མི་ཤེས་དང་། །རང་སངས་རྒྱས་སོགས་མི་ཤེས་དང་། །ཡི་གེ་མེད་པ་ཉིད་དང་ནི། །ཚིག་དང་བྲལ་དང་བརྗོད་མེད་སོགས། །དེ་ལ་མདོ་དང་རྒྱུད་རྣམས་ལས། །གསུངས་ཤིང་ཡང་དག་གསུང་འགྱུར་བ། །དེར་ནི་དེ་བཞིན་ཉིད་འདི་ལས། །གཞན་ནི་ཅི་ཡང་མ་གསུངས་སོ། །དེ་བས་དད་པ་སྔོན་འགྲོ་བའི། །སེམས་ཀྱི་ཆོས་ཀུན་དེ་བཞིན་ཉིད། །ཟབ་གསལ་གཉིས་མེད་དོན་ཆེན་པོ། །རིམ་པ་གཉིས་པའི་དེ་ཁོ་ན། །བླ་མའི་གསུང་ནི་ཡང་དག་བཟུང་། །ཞེས་སོགས་དང་། དེ་ནས་མཐའ་མེད་འཁོར་བའི་– བར། །རྟག་པ་དང་ནི་མི་གདུང་དང་། །བསིལ་བ་དང་ནི་གཅིག་པ་དང་། །བདེ་བ་དང་ནི་དྲི་མེད་དང་། །དགའ་བ་དང་ནི་ཡིད་དགའ་བ། །འདི་ནི་བདེ་ཆེན་རོ་མྱོང་བརྒྱུད། །ཅེས་དང་། ༈ །ཇི་སྐད་༦ བཤད་པའི་བྱ་བ་ཡིས། །ཡང་དག་སྒོམ་ནི་མི་ནུས་པས། །ཇི་བཞིན་པ་ཡི་དེ་ཁོ་ན། །རིམ་པ་འདི་ཡིས་བསྒོམ་པར་བྱ། །གང་ཞིག་དུས་ནི་ཕྱི་ཞིག་ལ། །འཆི་བའི་མཚན་མ་བདག་གིས་མཐོང་། །འཆི་བར་གྱུར་པའི་དུས་བྱུང་ན། །ནད་ཀྱིས་ཡང་དག་མ་རྙོགས་པར། །འཕོ་བའི་སྦྱོར་བ་ཡང་དག་བྱ། །ཞེས་སོགས་འཕོ་བའི་རྣལ་འབྱོར་རྒྱས་པར་བསྟན་པ་དང་། ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ཤི་དང་


JKT005_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱལ་དང་གཉིད་ལོག་དང་། །གླལ་དང་འཁྲིག་དུས་སྐད་ཅིག་ཙམ། །མྱོང་བར་གྱུར་པས་རབ་བསྒོམས་ན། །ལུས་ཅན་རྣམས་ཀྱི་ཡིད་ནི་སྦྱོང་། །ཞེས་སོགས་ཀྱི་འགྲེལ་པར། དུས་ཐམས་ཅད་དུ་དེ་བཞིན་ཉིད་གནས་པའི་ཕྱིར་ན་དེ་བཞིན་ཉིད་དོ། །དངོས་པོ་ཐམས་ཅད་ཡང་དག་པའི་མཐར་གྱུར་པའི་ཕྱིར་ཡང་དག་མཐའོ། །ཡོན་ཏན་བསམ་གྱིས་མི་ཁྱབ་པའི་རྒྱུ་བས་ན་བསམ་གྱིས་མི་ཁྱབ་པའི་དབྱིངས་སོ། །ཆོས་ཐམས་ཅད་ལས་མི་འགྱུར་བས་ན་ཆོས་ཉིད་དོ། །གཉིས་པོའི་བདག་དང་བྲལ་བའི་ངོ་བོས་ན་ཆོས་སྐྱོན་མེད་པའོ། །བརྟག་པ་ཐམས་ཅད་ཀྱིས་མ་ཟིན་པས་ན་སྟོང་པ་ཉིད་དོ། །གཞན་གྱིས་བརྟགས་པའི་རྒྱུ་མེད་པས་ན་མཚན་མ་མེད་པའོ། །ཡེ་ཤེས་ལས་མ་གཏོགས་པ་མེད་པས་ན་སྨོན་པ་མེད་པའོ། །ཞེས་སོགས་ནས། ཤེས་བྱའི་ངོ་བོ་ཉིད་མེད་ཅིང་བཏགས་པས་སྐྱེ་བ་མེད་པའོ། །རང་བཞིན་གྱིས་དག་པས་ན་འོད་གསལ་བའོ། །ཡེ་ཤེས་ལྔའི་རང་བཞིན་ཡིན་པས་ན་མངོན་པར་བྱང་ཆུབ་སེམས་སོ། །ཕྱིན་ཅི་ལོག་གི་དངོས་པོ་ཐམས་ཅད་ཟད་པས་ན་དངོས་པོ་མཐར་ཕྱིན་པའོ། །ཡེ་ཤེས་དམ་པའི་ཡུལ་དུ་གྱུར་པས་ན་དོན་དམ་པའི་བདེན་པའོ། །བློས་བཞག་པ་མ་ཡིན་པས་ན་རྫོགས་པའི་རིམ་པའོ། །བརྟགས་པ་ཐམས་ཅད་ཀྱང་ཐིམ་པས་ན་ཡོངས་སུ་དག་པའི་སྐུ་གཙང་ངོ་། །གང་གིས་རེག་པ་དེ་ལ་དོན་ཆེན་པོ་མི་འབྱུང་


JKT005_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ཡིན་པས་ན་ཀུན་གྱིས་བསྟེན་བྱའོ། །གློ་བུར་གྱི་དྲི་མས་མ་གོས་པས་ན་ནམ་མཁའ་ལྟར་དག་པའོ། །གཉེན་པོ་ཡེ་ཤེས་ཀྱིས་སྦྱངས་པ་མ་ཡིན་པས་ན་གདོད་ནས་འོད་གསལ་བའོ། །ཡང་དག་པའི་ཚད་མས་འཚེ་བ་མེད་པས་ན་གང་གིས་ཀྱང་མི་ཤིགས་པའོ། །བརྡ་ལ་སོགས་པའི་ཀུན་བརྟགས་དང་བྲལ་བས་ན་དངོས་པོ་མེད་པའོ། །བདག་པོའི་སྒོ་ནས་ཀྱང་སངས་རྒྱས་ཐམས་ཅད་སྐྱོན་མེད་པའི་ཡེ་ཤེས་ཀྱི་རང་བཞིན་པས་ན། དཔལ་ཡེ་ཤེས་ཡོངས་སུ་དག་གོ །ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ཡོངས་སུ་དག་པའི་ཐིག་ལེར་སངས་རྒྱས་ཐམས་ཅད་ཁ་སྦྱར་གྱི་དབུས་ན་གནས་པས་ཐིག་ལེ་བརྟན་པོ་ཡང་དག་གོ །ཁྱབ་བདག་ཏུ་གནས་ཤིང་སངས་རྒྱས་ཐམས་ཅད་ཀྱིས་མ་འཁྱུད་ཀྱང་ཕལ་ཆེས་པའི་སྤྱོད་ཡུལ་དུ་མ་གྱུར་པས་ན་གསང་ཆེན་ནོ། །སོགས་དང་། གལ་ཏེ་ཡི་གེ་ལ་སོགས་པའི་ངོ་བོ་ཡོད་ན་ད་ལྟར་ཀུན་གྱིས་ཤེས་པ་ཞིག་ན། འདི་ནི་ཡི་གེ་ལ་སོགས་པ་དང་བྲལ་བའི་མན་ངག་ཆེན་པོ་བས་ན་ཇི་ལྟར་ཤེས་ཏེ་མ་ནོར་བའི་ལམ་དུ་བརྟན་པོ་མེད་ན་མི་འབྱུང་སྟེ། རང་གིས་རང་གི་ཡེ་ཤེས་མཐོང་བའི་ཕྱིར་རོ། །ཞེས་དང་། རྟག་པ་དང་ནི་མི་གདུང་དང་། །སོགས་ཀྱི་འགྲེལ་པར། དེ་ཡང་འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་པས་ན་རྟག་པའོ། །གཟུང་བ་ལ་སོགས་པའི་རྟོག་པས་མ་གོས་པའི་ཕྱིར་ན་མི་གདུང་བའོ། །


JKT005_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱའི་སྒྲིབ་པ་ལ་སོགས་པའི་ཚ་བ་མེད་པས་ན་བསིལ་བའོ། །དོན་དམ་པ་དང་ཀུན་རྫོབ་སེམས་ཅན་དང་སངས་རྒྱས་ཀུན་གྱི་ངོ་བོར་གྱུར་པས་ན་གཅིག་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་གཅིག་ཏུ་གྱུར་པའི་བདེ་བ་དང་ལྡན་པས་ན་བདེ་བའོ། །ཕྱིན་ཅི་ལོག་གི་འཁྲུལ་རྟོག་དང་བྲལ་བས་ན་དྲི་མ་མེད་པའོ། །ཟབ་གསལ་ནི་བྱང་ཆུབ་ལས་མི་ལྡོག་ཅིང་དོན་མཛད་པས་ན་དགའ་བའོ། །ཡེ་ཤེས་གཉིས་ཀྱིས་ཆོས་ཉིད་དང་སེམས་ཅན་སེམས་མཉམ་པར་བཞག་པས་ན་ཡིད་དྭངས་པའོ། །དེ་ལྟར་བདེ་བ་ཆེན་པོའི་རོ་མྱོང་བའི་མཚན་ཉིད་བརྒྱད་དེ། ཞེས་སོགས་དང་། ད་ནི་རང་ཉིད་བྱིན་རླབས་པའི། །སོགས་ཀྱི་ཟློ འགྲེལ་པར། དེ་ལྟར་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའི་རིམ་པ་བསྟན་ནས། ད་ནི་བར་མ་དོར་མྱ་ངན་ལས་འདས་པའི་རིམ་པ་གསུངས་པ་ཞེས་དང་། གང་གི་ཚེ་དཔྲལ་བར་རྣལ་འབྱོར་པའི་ཡེ་ཤེས་འཕོ་བ་དེའི་ཚེ་གཟུགས་ཀྱི་ཁམས་ཀྱི་ལྷར་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །དེ་བཞིན་དུ་ལྟེ་བར་ཡེ་ཤེས་འཕོ་བ་ན་འདོད་པའི་ཁམས་ཀྱི་ལྷ་རྣམས་སུ་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །སྤྱི་གཙུག་ཏུ་ཡེ་ཤེས་འཕོ་བ་ན་གཟུགས་མེད་ཀྱི་ལྷ་རྣམས་སུ་སྐྱེ་བའི་རྟགས༴ དེ་བཞིན་དུ་སྣ་གཉིས་སུ་ཡེ་ཤེས་འཕོ་བ་ན་རི་རབ་ཀྱི་རྩེ་མོར་རྣམ་སྲས་ལ་སོགས་པའི་གནོད་སྦྱིན་གྱི་གནས་སུ་སྐྱེ་བའི་རྟགས་སུ རྣ་བ་གཉིས་སུ་ཡེ་


JKT005_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་འཕོ་བ་ན་རིག་པ་འཛིན་པ་དང་མིག་སྨན་ལ་སོགས་པ་བརྒྱད་གྲུབ་པའི་གནས་སུ་འགྲོ་བའི་རྟགས༴ མིག་གཉིས་སུ་ཡེ་ཤེས་འཕོ་བ་ན་མི་རྣམས་ཀྱི་རྒྱལ་པོར་འགྱུར་བའི་རྟགས༴ ཁ་རུ་ཡེ་ཤེས་འཕོ་བ་ན་ཡི་དྭགས་སུ་སྐྱེ་བའི་རྟགས= དེ་བཞིན་དུ་ཆུ་གནས་ནི་ཕོ་མཚན་ཏེ་དེར་ཡེ་ཤེས་འཕོ་བ་ན་དུད་འགྲོར་སྐྱེ་བའི་རྟགས༔ ཆུ་མིན་ནི་བཤང་པའི་ལམ་སྟེ་དེར་ཡེ་ཤེས་འཕོ་བ་ན་ཡང་སོས་ལ་སོགས་པ་དམྱལ་བའི་གནས་སུ་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །དེ་ལྟར་ཡེ་ཤེས་འཕོ་བའི་རྣམ་པའི་ཆས་གར་སྐྱེ་བར་ཤེས་པར་བྱས་ནས་ཡང་དག་པའི་གནས་མ་ཡིན་པའི་ཕྱིར་དགག་པའི་སྦྱོར་བ་གསུངས་པ། ཞེས་སོགས་དང་། དེ་ཡང་དཔྲལ་བ་ལ་སོགས་པའི་དྲུག་ནི་སྒོ་བཟང་པོའོ། །ཆུའི་གནས་ལ་སོགས་པ་གསུམ་ནི་སྒོ་ངན་པའོ། །དེ་ལྟར་སྒོ་བཟང་ངན་གཉིས་སུ་རང་གི་ཡེ་ཤེས་འཕོ་བ་དང་སོང་བས་གར་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །ཞེས་དང་། རང་གི་སེམས་ཞེས་པ་ནི་རང་གི་སེམས་དགེ་བ་དང་མི་དགེ་བའི་འབྲས་བུར་ལྟོས་པ་མེད་པའི་སེམས་ཏེ། །དེ་ཁ་ཏོན་ལ་སོགས་པ་བརྒྱད་ཀྱི་ཚུལ་དུ་འགྲོ་བའི་གནས་རིམ་པ་འདིས་བཙལ་ཏེ། བསོད་ནམས་སྡིག་པའི་ང་རྒྱལ་མེད་པས་དབྱིངས་ཉིད་དུ་ངེས་པར་འགྲོ། ཞེས་སོ། །ཇི་སྐད་དུ། གང་ལ་བསོད་ནམས་སྡིག་མེད་པར། །དེ་ལ་བྱང་ཆུབ་རབ་ཏུ་གསུངས། །


JKT005_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་དང་། བསམ་པ་དེ་ཡི་རྐྱེན་གྱིས་ནི། །བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། །གསལ་ཞིང་རབ་དག་མཁའ་འདྲ་རྟོགས། ༈ །དེ་ནས་རྫུ་འཕྲུལ་ཤུགས་ལྡན་པ། །ལོ་ལྔ་ལོན་པ་བྱིས་པའི་གཟུགས། །འགྲུབ་ཚེ་དཔེ་མེད་བདེ་རྫོགས་རྟོགས། ༈ །དེ་ལས་སྐྱེ་གནས་གཞན་དུ་ནི། །འཕེལ་བར་བྱེད་ཚེ་སྤྲུལ་པའི་གཟུགས། །ཡང་དག་ཏུ་ནི་རྟོགས་པར་འགྱུར། ༈ །དེ་ལྟ་བས་ན་སེམས་ཅན་གྱི། །བསམ་པ་གང་དང་གང་དག་གིས། །མི་རྣམས་ཡིད་ནི་ཡང་དག་སྦྱོང་། །དེ་དང་དེར་ནི་མདོ་བཞིན་དུ། །སྣ་ཚོགས་ནོར་བུ་ལྟ་བུར་འགྱུར། ༈ །ཆོས་སྐུ་རབ་དག །སོགས་ནས། ཡིད་ནི་སྦྱོང་། ༈ །ཆོ་ག་འདི་ཡིས་སེམས་ཅན་གང་། །མཚམས་མེད་བྱེད་ཅིང་རྨོངས་པ་ཡིས། །སྐྱེ་བོ་བྲམ་ཟེ་གསོད་པ་ཡང་། །དེ་ཡིས་མི་འགྲུབ་ཅུང་ཟད་མེད། །དེ་བས་བཀའ་ལུང་རབ་ཐོབ་ནས། །དམ་སྡོམ་རྣམ་པར་བསྲུངས་བྱས་ཏེ། །སྐུ་གསུམ་འགྲུབ་པར་ཐེ་ཚོམ་མེད། །གལ་ཏེ་སྐུ་གསུམ་མ་འགྲུབ་ན། །རིག་པ་འཛིན་པའི་གཙོར་འགྱུར་ཏེ། །རིམ་གྱིས་ཕྱག་རྒྱ་ཆེན་པོར་འགྱུར། །ཞེས་པའི་འགྲེལ་པར། བསམ་པ་དེའི་ཞེས་པ་ནི་ཐབས་ཀྱི་ཁྱད་པར་གྱིས་སྒོམ་པ་དེའིའོ། །རྐྱེན་གྱིས་ཞེས་པ་ནི་བར་མ་ཆོད་ཀྱང་དེ་མ་ཐག་ཅེས་པའོ། །བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། ཞེས་པ་ནི་ཁྱད་པར་བྱེད་པ་གནས་པ་ལས་གཡོས་པའི་ཚེ་


JKT005_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ན། རྣམ་པར་རྟོག་པ་ཐམས་ཅད་དང་། །བྲལ་བའི་བདེ་བའི་རོ་མྱོང་བས། །དེ་ཡི་དུས་སུ་ཆོས་ཀྱི་སྐུ། །གསལ་ཞིང་རབ་དག་མཁའ་འདྲ་རྟོགས། །ཞེས་སོ། །སེམས་ཀྱི་རང་བཞིན་མ་ཤེས་པའི་ལས་སུ་སྨྲ་བས་དེ་ལ་ཤི་བའི་སྲིད་པ་ཞེས་འདོགས་པར་བྱེད་དོ། །དེ་ཕྱིན་ཆད་ཉི་མ་བདུན་ལ་སོགས་པའི་དུས་སུ་ལས་སུ་སྨྲ་བས་བར་མ་དོར་འདོགས་པར་བྱེད་པ་ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན་པ་བྱིས་པ་ལོ་ལྔ་ལོན་པ་ཙམ་དུ་གནས་ཤིང་རྡོ་རྗེས་ཀྱང་མི་ལྡོག་བའི་དྲི་ཟའི་ཟས་ལ་ལོངས་སྤྱོད་པ་དེ་འགྲུབ་པའི་ཚེ་ན་གོས་ཀྱི་རྐྱེན་གྱིས་དཔེ་མེད་བདེ་རྫོགས་རྟོགས་ཞེས་ཏེ་ལོངས་སྤྱོད་པའི་སྐུ་མངོན་དུ་བྱེད་དོ། །དེ་ལས་ལས་སུ་སྨྲ་བ་རྣམས་ཀྱིས་སྐྱེ་གནས་གཞན་དུ་འཕེན་པར་བྱེད་ཚེ་ཞེས་པ་ནི་སྲིད་པ་གཉིས་ཀྱིས་བསྡུས་པའི་ཆོས་འགྲུབ་པའི་ཚེ་ན། སྤྲུལ་པའི་གཟུགས། ཡང་དག་ཏུ་ནི་རྟོགས་པར་འགྱུར། །ཞེས་སོ། །དེ་མི་འགལ་བའི་དཔེ་གསུངས་པ། ཞེས་སོགས་དང་། གལ་ཏེ་རྟོག་པའི་རླབས་ཉུང་བར་མ་ནུས་པས་གོང་མ་ལྟར་སྐུ་གསུམ་མ་འགྲུབ་ན་རིག་པ་འཛིན་པའི་གཙོ་བོར་འགྱུར་ཏེ། དེ་ཡང་བསྐལ་པ་གསུམ་ལ་སོགས་པའི་བར་དུ་གནས་པས་ན་ཕྱག་རྒྱ་ཆེན་པོ་འགྲུབ་སྟེ། གོང་མའི་རིམ་པའི་ཕྱག་རྒྱ་ཆེན་པོ་འགྲུབ་སྟེ་དང་པོ་སྦྱོར་བ་ནི་མ་ཡིན་ནོ། །ཞེས་དང་། འདིའི་དོན་ལྡན་ཞེས་པ་ནི་བཟློག་པའོ། །འགའ་ཞིག་ལ་ཞེས་པ་ནི་


JKT005_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་དུ་རུང་བའི་གང་ཟག་མང་བ་མ་ཡིན་པས་སོ། །འཇམ་དབྱངས་ནི་དེའི་ལུས་ལ་གནས་སོ། །ཁྱོད་ཅིའི་ཕྱིར་དུ་གནས་ཤེ་ན། སྒྲུབ་པོ་གཞན་ལས་མཆོད་པ་ལེན། །ཞེས་སོ། །ཅིའི་ཕྱིར་མཆོད་པ་ལེན་ཞེ་ན། དེ་ཡིས་དེ་མཉེས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་ཕན་ཡོན་ནོ། །ཞེས་སོགས་དང་། རང་གི་རྗེས་སུ་སྤྱོད་པའི་སློབ་མ་རྣམས་ཀྱི་ནང་ན་རྒྱལ་ཚབ་ཀྱི་ས་ཐོབ་པའི་གང་ཟག་བཅོ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ནས་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་བཞི་ཡོད་དེ། མར་མེ་མཛད་བཟང་པོ་དང་། རབ་ཏུ་ཞི་བའི་བཤེས་གཉེན་དང་། སྒྲ་གཅན་འཛིན་བཟང་པོ་དང་། རྡོ་རྗེ་བདེ་བ་ཆེན་པོའོ། །ཞེས་དང་། ད་ནི་དེ་ཁོ་ན་ཉིད་ལ་བློ་བརྟན་པོར་བྱ་བ་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པའོ། །དེ་ལྟར་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་ཤིང་གོམས་པ་ལས་བྱུང་བའི་ལམ་འདི་སྲིད་པའི་སྡུག་བསྔལ་གྱི་གཉེན་པོ་ཡིན་ཞིང་། ལམ་གཞན་ལས་ཁྱད་པར་དུ་འཕགས་པ་སྟེ་སྲས་དང་བཅས་པའི་བདེ་བར་གཤེགས་པ་རྣམས་ཀྱི་ལམ་ཡིན་པར་ཤེས་པར་བྱས་ནས་སུ། ཞེས་སོ། །རྫོགས་པ་ཆེན་པོ་ནི་རིམ་པ་གཉིས་པའི་རིམ་པ་གཉིས་པའོ། །དེའི་ཡེ་ཤེས་ནི་མེ་ལོང་ལྟ་བུ་ལྔའིའོ། །སྤྱི་གཟུགས་ཞེས་པ་ནི་དེ་རྣམས་ཤིན་ཏུ་རྣམ་པར་དག་པའི་ཡོངས་སུ་དག་པ་སྟེ། དེ་བས་ན་ཡོངས་སུ་དག་པའི་སྐུ་ཞེས་བྱ་


JKT005_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཇི་བཞིན་པའི་ཡོངས་སུ་དག་པའི་སྐུ་ཡིན་པས་ན་དེ་སྐད་དེ། དེ་ཉིད་ལ་རྡོ་རྗེ་འཆང་ཆེན་པོའོ། །དཔལ་ལྡན་ཀུན་ཞེས་པ་ནི་རང་གི་ཤེས་རབ་དང་ལྡན་པས་སངས་རྒྱས་ཐམས་ཅད་ལ་བྱའོ། །དེ་ཉིད་དེ་ཐམས་ཅད་ཀྱི་དོན་དམ་པ་ཀུན་རྫོབ་ཀྱི་ངོ་བོའོ། །དེ་ཉིད་ལ་ཐིམ་པ་གཉིས་འདི། ཞེས་ཏེ་རྫོགས་པའི་རིམ་པ་དེ་ཁོ་ན་ཞེས་སོ། །ལམ་རིང་བ་རྣམས་ཀྱིས་ཐབས་ཆེ་བ་འདི་བསྒོམ་པར་གསུངས་པ། སྡུག་བསྔལ་ཞེས་པ་ལ་སོགས་པའོ། །སྡུག་བསྔལ་ཞེས་པ་ནི་མགོ་སྦྱིན་པ་ལ་སོགས་པའི་སྒོ་ནས་ལམ་རྣམས་ལ་ཡང་བསྐལ་པ་གསུམ་དུ་ཡང་གསུངས་ཏེ། དད་པས་སྤྱོད་པ་དང་། དང་པོ་ནས་ས་བདུན་པ་དང་། བརྒྱད་པ་ནས་བཅུ་པའི་བར་དུ་གྲངས་མེད་པའི་བསྐལ་པ་རང་གི་རྗེས་སུ་མཐུན་པའི་བྱང་ཆུབ་ཐོབ་ཀྱང་དེའི་གོང་ན་བླ་ན་མེད་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཡོད་པས་བླ་དང་བཅས་ཞེས་སོ། །དེའི་བདེ་བ་ནི་བདེ་བ་ཆེན་པོའི་སྦྱོར་བ་ལ་ལྟོས་ན་ཅུང་ཟད་ཙམ་སྟེ་དེ་ལ་རབ་ཏུ་ཆགས་པའི་རྣལ་འབྱོར་པ་དེ་ཡིས་འདི་ལྟ་བུ་དཔལ་དང་ལྡན་པ་ཀུན་ནས་བཀྲ་ཤིས་པ་འདི། ཚེ་གཅིག་གིས་འགྲུབ་པའི་ལམ་འདི་ཅིའི་ཕྱིར་མི་བསྒོམ་སྟེ་བསྒོམ་པར་བྱ་བ་ཁོ་ནའོ། །ཞེས་དང་། ཡང་རྡོ་རྗེའི་བཟླས་པའི་སྐབས་སུ། གཡས་པ་ནས་ནི་འབྱུང་བའི་ཁམས། །གྲོལ་ཐིག་ཏུ། སྐུ་རྡོ་རྗེ་དང་མུན་པ། རླུང་གི་དཀྱིལ་འཁོར་ཆེན་པོ་སྟེ། །ཁ་དོག་དུད་ཀ་


JKT005_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བ་ལས། །འབྱུང་བ་ཧཱུྃ་གི་ངོ་བོ་ཡིས། །སྣང་སྲིད་ཆོས་ཀུན་ཁྱབ་བྱས་ནས། །ཆོས་ཀུན་དག་བྱས་བདུད་རྩིར་གྱུར། །ཨོཾ་གྱི་ངོ་བོར་འོངས་བྱས་ནས། །རང་གི་རྒྱུད་ཀྱི་བག་ཆགས་ནི། །བཀྲུས་ནས་དག་བྱས་དེ་ལ་ཞུགས། ཨཱཡི་ངོ་བོས་དག་བྱས་ནས། །དེ་ལ་དེ་ལྟའི་དེ་བཞིན་ཉིད། །གཟུང་བ་དལ་བུ་དལ་བུས་བྱ། །དངོས་པོ་མེད་པའི་གནས་སུ་འགྱུར། །གཡོན་པ་ནས་ནི་འབྱུང་བའི་ཁམས། །གསུང་རྡོ་རྗེ་དང་རྡུལ། ཆུ་ཡི་དཀྱིལ་འཁོར་ཆེན་པོ་སྟེ། །ཁ་དོག་དཀར་པོ་རབ་གནས་པ། །དེ་ལས་བྱུང་བའི་ཧཱུྃ་དང་ནི། །ཨོཾ་གྱི་རང་བཞིན་བསྡུ་བ་དང་། །ཨཱཡི་རང་བཞིན་གནས་པ་དང་། །དེ་ཉིད་གཟུང་བ་སྔ་མ་བཞིན། །གཉིས་ཀ་ལས་ནི་དྲག་ཏུ་འབྱུང་། །ཐུགས་རྡོ་རྗེ། སྙིང་སྟོབས། མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་པོའི་ངོ་བོ་ལ། །ཧཱུྃ་གིས་སྤྲོས་དང་ཨོཾ་གྱིས་བསྡུས། །ཨཱཡིས་གནས་པ་དེ་ཉིད་གཟུང་། །སྔ་མ་བཞིན་དུ་ཤེས་པར་བྱ། །དེ་བཞིན་གཉིས་ལས་དལ་བུ་འབྱུང་ལྷ་ཐམས་ཅད་ཀྱི་ངོ་བོ་དགའ་བ་བར་མའི་ཡེ་ཤེས། །དབང་ཆེན་གྱི་ནི་དཀྱིལ་འཁོར་དུ། །ཁ་དོག་གསེར་ལྟར་རབ་སྣང་བ། །དེ་ལ་ཧཱུྃ་གིས་འབྱུང་བ་དང་། །ཨོཾ་གྱིས་སྡུད་དང་ཨཱཋཡིས་གནས། །དེ་ལ་དེ་ཉིད་རབ་བཟུང་བས། འཇུག་དང་གནས་དང་ལྡང་བ་ལས། །གྲོལ་བའི་ཡེ་ཤེས་རྙེད་འགྱུར་བ། །སོམ་ཉི་ཡིད་གཉིས་མ་བྱེད་ཅིག །ཅེས་དང་། ཕྱག་རྒྱ་བཞི་


JKT005_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ། །ཞེས་པ་ལ་སོགས་པའི་ཊི་ཀར། །ཕྱག་རྒྱ་བཞི་པ་ནི་རླུང་རྟེན་དང་བཅས་པ་ལས་ཀྱི་ཕྱག་རྒྱའོ། ཆུ་རྟེན་དང་བཅས་པ་ཆོས་ཀྱི་ཕྱག་རྒྱའོ། །མེ་རྟེན་དང་བཅས་པ་ཕྱག་རྒྱ་ཆེན་པོའོ། །ས་རྟེན་དང་བཅས་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་དང་འབྲེལ་བའི་བཟླས་པའི་གྲངས་ནི་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྟེ་ཞེས་པ་ནི་ཕྱག་རྒྱ་རེ་རེ་གཡས་པ་ལ་སོགས་པའི་རིམ་པ་ནས་ཉིས་བརྒྱ་ཉི་ཤུ་རྩ་ལྔ་འགྱུར་ཏེ། དེ་ནི་དགུ་བརྒྱར་རྣམ་པར་བསྒྲེས། །ཞེས་བུག་པ་གཅིག་ཏུ་ཕྱག་རྒྱ་བཞི་ལ་དགུ་བརྒྱར་རྣམ་པར་བསྒྲེས་པ་སྟེ་བཞིས་བསྒྲེས་པའོ། །ཞག་གཅིག་ཏུ་ཞེས་པ་ནི་ཉིན་ཞག་གཅིག་གོ །ཉི་ཤུ་བཞིས་ཞེས་པ་ནི་གཡས་དང་གཡོན་དུ་འགྲོ་བ་ཉི་ཤུ་བཞིས་ཞག་གཅིག་སྟེ། ཤུགས་ལས་དགང་བ་དང་། དྲག་ཤུལ་གྱིས་བསྒྲུབ་པ་སྤངས་ནས་ཡི་གེའི་ཚིག་མཚུངས་པར་ཁྲི་ཕྲག་གཉིས་དང་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་དྲུག་ཏུ་འདུས་པ་ཐམས་ཅད་ཀྱི་བཟླས་བརྗོད་ཀྱི་གྲངས་བྱེད་དོ། །ཞེས་དང་། འདི་ནི་བདེ་ཆེན་རོ་མྱོང་བརྒྱད། །བདག་པོ་རྡོ་རྗེ་འཆང་བ་མཆོག །སོགས་ཀྱི་འགྲེལ་པར། དེའི་རྣམ་གྲངས་བདག་པོ་ཞེས་པ་ལ་སོགས་པའོ། །ཐམས་ཅད་ཀྱི་གཙོ་བོར་གྱུར་པས་ན་བདག་པོའོ། །གཉིས་སུ་མེད་པའི་མི་ཤིགས་པ་དཀའ་བར་འཛིན་པས་ན་རྡོ་རྗེ་འཆང་ངོ་། །མཆོག་ཅེས་པ་ནི་མི་བསྐྱེད་པ་མ་ཡིན་པའོ། །རིམ་པ་གཉིས་པའི་རིམ་པ་གཉིས་


JKT005_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་ནི་རྫོགས་པའི་རྫོགས་པའོ། །ལས་ཐམས་ཅད་རྫོགས་པར་བྱས་པས་ན་བྱ་བ་བྱས་པའོ། །ལམ་ལ་གནས་པར་གྱུར་པ་མ་ཡིན་པས་ན་བྱེད་པ་བྱས་པའོ། །ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་དབང་ཕྱུག་ཆེན་པོའོ། །ལྟ་བའི་ཁུར་ལ་སོགས་པ་བཞི་དང་བྲལ་བས་ན་ཁུར་ཆེན་པོར་པའོ། །ཕྱིན་ཅི་ལོག་གི་འདོད་ཆགས་ལ་སོགས་པའི་ཟུག་རྔུ་བསལ་བས་ན་ཆེར་མ་དཀྲུགས་པའོ། །གཟུགས་ནས་ཀུན་མཁྱེན་བར་ཟབ་པ་དང་རྒྱ་ཆེ་བར་ཤེས་པས་ན་ཐམས་ཅད་མཁྱེན་པའོ། །ཇི་བཞིན་པ་ལས་འབྱུང་ཞིང་འགྲན་ཟླ་མེད་པས་ན་སྐྱེས་བུ་དཔའ་བོའོ། །ཐམས་ཅད་ཀྱི་ཁྱུ་མཆོག་ལྟ་བུར་གྱུར་པས་ན་གླང་པོ་ཆེའོ། །ཇི་བཞིན་པའི་ཀླུང་དུ་གནས་པས་ན་དུལ་བའོ། །འཁོར་བའི་ཆོས་ཐམས་ཅད་ལ་འཁྲུལ་པ་ཙམ་དུ་མེད་པར་ཤེས་པས་ན་འཁོར་བའི་མཐའི་ཕ་རོལ་སོན་ནོ། །ཡེ་ཤེས་དམ་པ་དེའི་ཡུལ་དུ་གྱུར་པས་ན་དོན་དམ་པའོ། །སྣང་བ་མི་འགོགས་པས་ན་བསྒྲིབ་པའི་ཕྱིར་ཀུན་རྫོབ་བོ། །དེ་གཉིས་ཀྱང་ཟུང་དུ་འཇུག་པས་ན་བདེན་པ་གཉིས་མེད་རྣལ་འབྱོར་ཆེའོ། །ཕྱིན་ཅི་ལོག་གི་ཤེས་པ་སྐྱེ་བའི་གནས་མེད་པས་དེ་དང་བྲལ་བས་ན་ཐབས་སྤངས་པའོ། །ཉན་ཐོས་ལ་སོགས་པའི་ལམ་ཡང་རང་རིག་གི་རྗེས་ལས་གྲུབ་པས་ན་ཀུན་རྫོགས་པའོ། །སྟོབས་སོགས་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ནི་ཡོན་ཏན་འབྱུང་གནས་སོ། །


JKT005_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་གསུམ་སྐྱོན་མེད་པས་ཀུན་ལ་ཁྱབ་པས་ན་ཀུན་ཏུ་བཟང་པོའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ལས་མི་འགྱུར་བས་ན་ཐམས་ཅད་འདུས་པའི་དེ་ཁོ་ནའོ། །མཚན་མ་མེད་པ་ལས་བྱུང་ཞིང་དེ་ལས་སོ་སོའི་རྩལ་ཡོད་པས་ན་སྐུ་སོགས་ཁམས་ཀུན་འགེངས་པའོ། །སངས་རྒྱས་ཐམས་ཅད་ཀྱི་བླ་མར་གྱུར་པས་ན་གོང་ན་མེད་པའོ། །ཡང་དག་པ་ཐམས་ཅད་ཀྱི་གནས་པས་ན་ཡང་དག་གནས་ཏེ་ཆོས་ཀྱི་དབྱིངས་ཞེས་པའི་ཐ་ཚིག་གོ །ཞེས་འབྱུང་ངོ་། །ཡང་འཕོ་བའི་སྐབས། དེ་ལྟར་ཡེ་ཤེས་འཕོ་བ་ཡི། །རྣམ་པའི་ཆ་ནི་ཤེས་བྱས་ནས། །སྒྲོག་པ་ལྔ་ཡི་ཡི་གེ་ཡིས། །སྟེང་གི་སྒོ་བདུན་དགག་པར་བྱ། །ཆུ་ཡི་སྒོ་ནི་སུ་གྱིས་། དགག །ཆུ་མིན་སྒོ་ནི་ཧཱུཾ་གྱིས་དགག །ཅེས་པའི་ཐད་དུ། །སྒྲོག་པ་ལྔ་ཡི་ཡི་གེ་ཡིས། །ཞེས་པ་ནི་ཧཱུཾ་སྟེ་སངས་རྒྱས་ལྔ་སྒྲོག་པའི་ཕྱིར་རོ། །ཞེས་འབྱུང་། ཡང་ཧཱུྃ་ཕུང་པོ་ལྔའི་ངོ་བོ་ཡིན་པར་སངས་རྒྱས་ལྔའི་ཚིགས་སུ་བཅད་པ་འདི་ལ་དཔྱད་པར་བྱའོ། །ཇི་སྐད་དུ། ཟླ་ཚེས་ཐིག་ལེ་རྣམ་གྲགས་པ། །རྣམ་སྣང་མཛད་ཀྱི་ངོ་བོའོ། །མགོ་བོ་ཨེ་དབྱིབས་ཐུར་དུ་གནས། །མི་བསྐྱོད་པ་ཡི་ངོ་བོའོ། །དྲིལ་བུ་ལྟ་བུའི་ལུས་ཉིད་ནི། །རིན་ཆེན་ཏོག་གི་ངོ་བོའོ། །དེ་ཡི་ཕྱིར་ན་དབྱུག་པ་ནི། །ཚེ་དཔག་མེད་ཀྱི་ངོ་བོའོ། །རིང་པོ་ཨཱུ་ནི་ཕྱིར་ཕྱོགས་འགྱུར། །དོན་ཡོད་གྲུབ་པའི་ངོ་བོའོ། །ཞེས་འབྱུང་བས་དེ་རྣམས་ཕུང་པོ་ལྔ་རྣམ་པར་དག་


JKT005_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ཞེས་འབྱུང་ངོ་། ༈ །ཀུན་ཏུ་བཟང་པོའི་སྒྲུབ་པའི་ཐབས་ཀྱི་འགྲེལ་པ་ཤྲཱི་ཕ་ལ་བཛྲ་གྱིས་མཛད་༡༤༠པ་རིན་ཆེན་ནས་བཟང་པོས་འགྱུར་༡༨༧བར་པ་ལས། དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་ཅན་ནོ། །དེ་གང་ལ་མངའ་བ་ནི་དཔལ་ལྡན་ནོ། །ཡང་ན་དཔལ་ནི་རྣམ་པ་གཉིས་ཏེ་ལྷན་ཅིག་སྐྱེས་པ་དང་སྟོབས་ཀྱིས་སྐྱེས་པའོ། །དེ་ལ་ལྷན་ཅིག་སྐྱེས་པ་ནི་གང་རང་བཞིན་གྱིས་འོད་གསལ་བའི་སེམས་སོ། །སྟོབས་ཀྱིས་སྐྱེས་པ་ནི་བསྒོམས་པའི་སྟོབས་ཀྱིས་ཀུན་ཏུ་བཟང་པོ་མངོན་དུ་བྱས་པའོ། །ཞེས་དང་། འོད་གསལ་བའི་དགའ་བ་ཆེན་པོས་སྒྲ་ལས་བྱུང་བའི་སངས་རྒྱས་ཀྱི་ཚོགས་དང་སེམས་ཅན་གྱི་ཚོགས་མ་ལུས་པའི་དགོས་པ་མཛད་པས་འཇམ་ཞིང་ཀུན་ཏུ་བཟང་པོའི་མཚན་ཉིད་ཀྱི་དཔལ་མངའ་བ་དེ་ནི་འཇམ་པའི་དཔལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའོ། །ཞེས་དང་། ཨོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཨོ་ཞེས་བྱ་བ་ནི་ངེས་པའོ། །ཤུ་ནྱ་ཏཱ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཉེ་བར་མཚོན་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་དག་རྣལ་འབྱོར་པས་རིམ་པ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ཡང་སྔགས་ཨོཾ་གྱི་གཟུགས་ནི་དཀར་པོ། ཨཱ་ཡི་གཟུགས་ནི་དམར་པོ། ཧཱུྃ་གི་གཟུགས་ནི་ནག་པོའོ། །བཛྲ་ཅིའི་ཕྱིར་སྨོས་ཤེ་ན།


JKT005_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལྟར་ཉོན་མོངས་པ་ཅན་གྱི་རི་བོ་རྣམ་པར་འཇིག་པ་སྟོང་པ་ཉིད་དང་། །མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་བཞིན་ཅན་གྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ས་བོན་ནོ། །ཛྙཱ་ན་སྭ་བྷཱ་བ་སྟེ། བདག་ནི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ངོ་བོ་ཉིད་དུ་གདོད་མ་ཉིད་ནས་མི་འགྱུར། ཞེས་དང་། འདི་དག་གིས་ནི་སེམས་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་སྟོན་ཏེ། ཞེས་དང་། ཐ་མལ་པའི་རྣམ་པར་རྟོག་པ་བདག་དང་བདག་གིར་རྟོག་པའི་རྒྱུན་འཇུག་པ་ལ་ཞེན་ཞིང་དེ་མ་རྟོགས་པ་སྲིད་པ་སྟེ། འཁོར་བའི་སྡུག་བསྔལ་གཞན་དག་ཅི་ཡང་ཡོད་པ་མ་ཡིན་ནོ། །དེས་ན་དེ་རྣམ་པར་འགགས་ཤིང་མེད་པར་གྱུར་པ་ལས་སེམས་ནི་ཀུན་ཏུ་བཟང་པོ་ལ་སོགས་པའི་ངོ་བོ་ཉིད་ཡིན་པས་སེམས་འདི་རྣལ་འབྱོར་པས་རང་རིག་པའི་མངོན་སུམ་གྱིས་མངོན་སུམ་དུ་ཉམས་སུ་མྱོང་བ་ཡིན་ཏེ། གསང་སྔགས་སྒྲ་རྣམས་མང་དུ་ནི། །སྤྲོས་ཏེ་སྨྲས་པས་ཅི་ཞིག་བྱ། །ཁྱད་པར་དུ་ནི་སེམས་བསྒྲུབས་ཏེ། །སེམས་ལས་རྫོགས་པའི་བྱང་ཆུབ་འབྱུང་། །ཞེས་བཤད་པ་ཡིན་ནོ། །ཇི་ལྟར་ཞེ་ན། དེའི་ཕྱིར་ཟབ་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་གྱི་རྣམ་པར་བྱ་བ་དོན་དམ་པའི་ཐབས་དང་ཤེས་རབ་བསྒོམ་པའི་སེམས་གང་ཡིན་པ་དེ་ནི་ཐ་མལ་པའི་ཀུན་ཏུ་རྟོག་པ་དེ་སྣང་ཞིང་སོ་


JKT005_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སོར་འབྱུང་བར་མི་འགྱུར་རོ། །དེ་ཡང་ཚད་མ་རྣམ་འགྲེལ་ལས། །སེམས་དེ་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །དང་པོར་ནུས་མེད་དེ་ལ་ཡང་། །ཕྱིས་ནུས་དེ་ཡི་རང་བཞིན་མིན། །རླན་ཅན་པ་ཡི་མེ་བཞིན་ནོ། །རབ་ཏུ་འཕེལ་བར་ནུས་མ་ཡིན། །འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལས་ཕྱིར་ལོག་གི། །འབད་དུ་ཟིན་ཀྱང་གནོད་མེད་དེ། །བློ་ནི་དེ་ཡི་ཕྱོགས་འཛིན་ཕྱིར། །ཞེས་བཤད་པ་ཡིན་ནོ། །དེ་ཡང་ཀུན་ཏུ་བཟང་པོ་ལ་སོགས་པ་འབྲས་བུའི་ངོ་བོ་ཉིད་ནི་ཡང་དག་རིག་པ་ལས་ཐ་དད་པ་གཞན་དག་ཡོད་པ་མ་ཡིན་ནོ། །ཞེས་དང་། ༈ ཡང་སྒྲུབ་ཐབས་དེ་ཉིད་ཀྱི་འགྲེལ་པ་སློབ་དཔོན་མཁས་པ་ཆེན་པོ་ཐ་ག་ནས་མཛད་པ་པཎྜི་ཏ་ཤཱནྡྷ་༡༨༧ཀ་ར་ཝརྨ་དང་། ནས། ལོ་ཙཱ་བ་རཏྣ་༢༡བྷ་དྲས་བསྒྱུར་བ་ལས། དེའི་དགོས་པ་ཡང་འདི་ཡིན་ཏེ། བསོད་ནམས་མངོན་པར་འཕེལ་བ་དང་། བགེགས་ཀྱི་བར་ཆད་ཞི་བ་དང་། འཆད་པ་པོ་དང་། ཉན་པ་པོ་དག་གིས་བཤད་པ་དང་། ཐོས་པ་ཕུན་སུམ་ཚོགས་པར་འགྱུར་བའོ། །ཕྱག་འཚལ་བ་དེ་ཡང་ཡོན་ཏན་དམ་པ་གསལ་བར་བརྗོད་པའི་སྒོ་ནས་ལུས་དང་ངག་དང་ཡིད་ཀྱི་ཕྱག་བྱ་བའི་ཚུལ་ཡིན་པར་བལྟའོ། །ཞེས་དང་། ཐ་མལ་གྱི་རྣམ་པར་རྟོག་པ་ནི་བདག་དང་བདག་གིར་རྣམ་པར་རྟོག་པའོ། །དེའི་རྒྱུན་ནི་རྒྱུན་གྱིས་འབྱུང་བའོ། །དེ་ལས་གཞན་


JKT005_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྲིད་པའི་སྡུག་བསྔལ་ཅི་ཡང་ཡོད་པ་མ་ཡིན་གྱི། དེ་ཉིད་སྲིད་པའི་སྡུག་བསྔལ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་དང་ཞེས་བྱ་བ་སྲིད་པའི་སྡུག་བསྔལ་དེ་དང་རྣམ་པར་འགལ་བར་འགྱུར་བ་སྟེ། གཉེན་པོར་གྱུར་པ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་སེམས་དེ་ལ་མངོན་སུམ་གྱིས་གསལ་བར་རྟོགས་པ་རྣལ་འབྱོར་པར་འགྱུར་རོ། །དེ་ཇི་ལྟར་གསལ་བར་རྟོགས་པར་འགྱུར་ཞེ་ན། ཟབ་ཅིང་རྒྱ་ཆེ་བའི་ཞེས་པ་ལ་སོགས་པ་སྨོས་ཏེ། ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་ན་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཅན་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུའི་སེམས་གང་ཡིན་པ་དེར་ནི་སྲིད་པའི་སྡུག་བསྔལ་གྱི་རང་བཞིན་ཀུན་ཏུ་རྟོག་པ་རྣམས་སྣང་བར་མི་འགྱུར་ཞིང་སོ་སོར་སྣང་བར་མི་འགྱུར་ལ། དེ་བས་ན་སྲིད་པའི་སྡུག་བསྔལ་གྱི་བདག་ཉིད་མ་ལུས་པའི་མི་མཐུན་པའི་ཕྱོགས་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཅན་སེམས་དེ་ཡིན་པར་གསལ་བར་རྟོགས་པར་འགྱུར་བས་སྡུག་བསྔལ་དེ་ཡང་ཕྱི་རོལ་དུ་སྣང་བ་ཙམ་འབའ་ཞིག་མ་ཡིན་ནོ། །དེ་ཅིས་ན། ཡོད་པ་མེད་པ་སྔར་ནི་བསྒྲུབས་པ་ཡིན། །ཞེས་བྱ་བ་སྨོས་ཏེ། སེམས་ཙམ་ལས་ཐ་དད་པའི་ཕྱི་རོལ་གཞན་འགའ་ཡང་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པའི་རྣམ་པ་དང་བྲལ་བས། །ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་དང་། དཔལ་ཡང་


JKT005_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ་ཀུན་ཏུ་བཟང་པོ་ཡང་ཡིན་པས་དཔལ་ཀུན་ཏུ་བཟང་པོ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའོ། །དེ་ཡང་རང་གི་ངོ་བོ་ཉིད་དེ་བཅོམ་ལྡན་འདས་ནི་ཆོས་མ་ལུས་པའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཡིན་པས་ཆོས་ཐམས་ཅད་རང་གི་ངོ་བོ་ཉིད་ཡིན་ནོ། །ཞེས་སོ། །སློབ་དཔོན་འཕགས་པས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀྱི་བདག་ཉིད་ཀྱང་མིན་པ། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ན། །ཞེས་སོ། །སྟོང་ངོ་ཞེས་སུ་མི་བརྗོད་ལ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །ཞེས་སོ། ༈ །༧ དེས་མཛད་པའི་ཡན་ལག་བཞིའི་སྒྲུབ་༩༦ཐབས་ནས་ཀུན་ཏུ་བཟང་༤༠བར་པོ་ལས། སྟོང་པར་རང་བཞིན་མེད་ཕྱིར་རྒྱུ་འབྲས་ཕྱིར་ནི་རང་བཞིན་མཚན་མ་མེད། །རྗེས་སུ་དཔག་པ་བསལ་བས་མ་ལུས་གཞི་ཡི་སྨོན་པ་མེད་པའོ། །ཞེས་དང་། བདག་གིར་འཛིན་པའི་རྟོག་པའི་རྒྱུན་གྱི་ངོ་བོས་འཁོར་བ་འདི་དག་སྟེ། །དག་པ་ཡང་ནི་དེ་ལས་ལྡོག་པའི་ངོ་བོ་ཙམ་ལ་རྣམ་པར་ཤེས་པར་བྱ། །ཆོས་ཉིད་ཀྱིས་ནི་སྲིད་དང་ཞི་བའི་ངོ་བོ་འདིར་ནི་དབྱེ་བ་འགའ་ཡང་མེད། །ཅིའི་ཕྱིར་འཛིན་པ་ལ་སོགས་རྣམ་པར་བྲལ་བ་རྟག་ཏུ་ཀུན་ལ་བསྒྲུབ་པའི་ཕྱིར། །ཐམས་ཅད་འགའ་ཡང་མེད་དེ་སོ་སོར་སྣང་བའི་རང་བཞིན་རྟོགས་པ་ལས། །


JKT005_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་གཞན་དུ་གྱུར་པའི་ང་ཞེས་འགའ་ཡང་མེད་དེ་དེ་ཕྱིར་བདག་ཀྱང་དེ། །གང་གི་ངོ་བོ་གང་ཡིན་དེ་ཡིས་དེ་ཉིད་རྟོགས་པའི་གཞི་སྟེ་ཅི་ཕྱིར་དངོས། །དེ་བས་ཐམས་ཅད་དབྱེར་མེད་ཤེས་ཏེ་དངོས་པོ་ཐམས་ཅད་དབྱེར་མེད་པ་ཉིད་ཡིན། །ཞེས་དང་། བཟའ་བའི་དུས་ན་སྙིང་ཁ་རུ་ནི་གཞི་ཡི་ས་བོན་རྣམས་ནི་དམིགས་ནས་སུ། །བྱང་ཆུབ་སེམས་དང་ལྡན་པའི་རང་བཞིན་ཀུན་ཏུ་འོད་ཟེར་འབར་བར་བསམ་པར་བྱ། །ཐམས་ཅད་མཉམ་ཉིད་དག་པའི་བཟའ་བ་དེ་ཉིད་གསུམ་གྱི་སྔགས་ནི་བཏབ་བྱས་ཏེ། །དེས་ནི་སྐུ་ཡི་རྡོ་རྗེ་ལ་སོགས་ལྷ་རྣམས་རབ་ཏུ་ཚིམ་པར་བྱ། །ཞེས་དང་། ཐོ་རངས་ལངས་པའི་དུས་ན་ལྷ་མོ་རྣམས་ཀྱི་དབྱངས་ཀྱིས་བསྐུལ་ནས་དཔལ་ལྡན་པར། །བྱས་ནས་ལངས་ཏེ་ཐུབ་པའི་བཟླས་པ་ལ་སོགས་གོང་མའི་ཆོ་ག་ཉིད་ཀྱིས་བྱ། །ཞེས་དང་། སྒྱུ་མ་རྣམ་པར་རྟོག་པར་གྱུར་ལས་གཞན་འགའ་བའང་སྲིད་པའི་སྡུག་བསྔལ་ཡོད་པ་མེད། །དེ་དང་མི་མཐུན་པ་ནི་དེ་དག་སེམས་དཔའ་མངོན་སུམ་དུ་ནི་བྱང་ཆུབ་ཤེས་པར་བྱ། །ཞེས་དང་། དེ་ལྟར་ཤེས་ནས་སྙིང་རྗེར་ལྡན་པས་རྫོགས་ཆེན་ཡེ་ཤེས་རབ་ཏུ་འགྲུབ་པའི་སེམས། །དཔལ་ལྡན་ཀུན་ཏུ་བཟང་པོ་གཞི་ཡི་དངོས་པོ་གང་གིས་བསྒོམ་པར་མི་བྱའོ། །ཞེས་སོ། ༈ །སྒྲུབ་ཐབས་ཀུན་བཟང་ལས། ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ། །རང་བཞིན་རྒྱུ་དང་བྲལ་


JKT005_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བས་མཚན་མ་མེད། །རྟོག་པ་རྣམས་དང་བྲལ་ཕྱིར་དངོས་པོ་ནི། །མ་ལུས་མཚན་མ་ལས་ནི་ངེས་པར་གྲོལ། །ཞེས་དང་། ཐ་མལ་རྣམ་རྟོག་རྒྱུན་ལས་ཞེན་པ་ཡི། །སྲིད་པའི་སྡུག་བསྔལ་གཞན་ཅིའང་ཡོད་མ་ཡིན། །དེ་དང་རྣམ་པར་འགལ་བར་གྱུར་པའི་སེམས། །འདི་ནི་མངོན་སུམ་དུ་ནི་རྟོགས་པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་བདག་ཉིད་ཅན། །གང་ཡིན་དེར་ནི་ཀུན་རྟོག་སྣང་མི་འགྱུར། །རིག་པ་ལས་ནི་གཞན་དུ་གྱུར་པ་དག །ཡོད་པ་མིན་པར་སྔར་ནི་བསྒྲུབས་པས་ན། །གང་ཞིག་གང་དང་མི་མཐུན་པ་དག་ཏུ། །ལན་གཅིག་གྱུར་པའང་དེ་བགྲོད་རྒྱས་གྱུར་པ། མཐོང་བའི་བསླབ་པ་རྣམ་པར་གཡེལ་བ་ཡིས། །རང་གི་མི་མཐུན་ཤིན་ཏུ་འགགས་པར་བྱེད། །སྦྱིན་པ་ལ་སོགས་བདག་མེད་ལྡན་པས་ཀྱང་། །ཐ་མལ་པ་ཡི་རང་གི་ངོ་བོ་ལས། །རྣམ་པར་རྟོག་པར་མི་འགྱུར་གང་ཕྱིར་འདིར། །ཡོད་ཀྱང་དེ་ནི་མི་མཐུན་འགྱུར་མ་ཡིན། །དེ་ལྟར་རྟོགས་ནས་སྙིང་རྗེར་ལྡན་པ་དང་། །ཡེ་ཤེས་བསམ་ཡས་སྐད་ཅིག་གིས་བསྒྲུབ་པ། །དཔལ་ལྡན་ཀུན་ཏུ་བཟང་པོ་རང་གི་ནི། །ངོ་བོ་སུ་ཞིག་ངེས་པར་སྒོམ་མི་བྱེད། །ཅེས་སོ། ༈ །ཡང་དེས་མཛད་པའི་བདག་སྒྲུབ་པ་ལ་འཇུག་པར། རྣམ་པར་རྟོག་པ་ཙམ་དང་སོ་སོར་འབྲེལ་བ་དེའི་རང་བཞིན་མ་ལུས་པ་འདི་ནི་གཅིག་ཏུ་སྡུག་བསྔལ་དཔག་ཏུ་མེད་པའི་མཚན་ཉིད་ཡིན་ལ། སྐད་ཅིག་མ་


JKT005_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནས་གཅིག་ཏུ་བརྒྱུད་པའི་བདག་ཉིད་ཅན་གྱི་སྲིད་པ་ཉམས་སུ་མྱོང་བ་དེ་རྣམ་པར་ལྡོག་པ་ཙམ་ནི་མྱ་ངན་ལས་འདས་པ་ཡིན་པས་དེ་བསྒྲུབ་པའི་ཕྱིར་རབ་ཏུ་འབད་པར་བྱ་སྟེ། རྣམ་རྟོག་ལས་གཞན་འཁོར་བ་ཞེས། །བྱ་བ་འགའ་ཡང་ཡོད་མིན་ཏེ། །དེ་ཕྱིར་རྣམ་རྟོག་བྲལ་གྱུར་པས། །རྟག་ཏུ་ཁྱོད་ནི་མྱ་ངན་འདས། །ཞེས་གང་གསུངས་པ་བཞིན་ནོ། །ཞེས་དང་། གང་གི་ཕྱིར་སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་འཛིན་པ་ལ་སོགས་པའི་རྣམ་པ་དང་བྲལ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ལ། དེ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བས་འོད་གསལ་བ་ཉིད་ཡིན་པའི་ཕྱིར་དང་། ཡེ་ཤེས་གཞན་བསྐྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་ནོ། །མི་དམིགས་པའི་སྙིང་རྗེ་ལ་སོགས་པའི་བདག་ཉིད་ཀྱིས་རྒྱུད་གཞན་ཐ་དད་པ་འཛིན་པ་མེད་པའི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཤེས་བྱ་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པའི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་སོ། །འགྲོ་བ་མ་ལུས་པ་ལ་ཕན་པའི་རྒྱུ་ཡིན་པ་ཉིད་ཀྱིས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་ནོ། །ཞེས་དང་། རྒྱ་ཆེ་བ་ལ་དམིགས་པ་ཉིད་ཀྱི་ཕྱིར་རང་གི་བདག་ཉིད་ཀྱི་གཟུགས་ལ་སོགས་པ་ཡང་ཐ་མལ་པའི་གཟུགས་ལ་ཞེན་པའི་གཉེན་པོ་ཉིད་ཡིན་པས་བརྒྱུད་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཇོག་པའི་རྒྱུ་


JKT005_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། རྫོགས་པའི་སངས་རྒྱས་ཀྱི་ངོ་བོའི་ང་རྒྱལ་གྱི་རྗེས་སུ་མཐུན་པའི་གཟུགས་ལ་སོགས་པ་ལོངས་སྤྱོད་པའི་ཕྱིར་རོ། །ཞེས་སོ། ༈ །དེས་མཛད་པའི་སྟངས་སྟབས་ཀྱི་བཀོད་པ་ལས། གཡས་པའི་བྱིན་པ་དང་ནི་བརླ་དབུས་སུ། །རྐང་པ་གཡོན་པ་རྣམ་པར་བཞག་ནས་ཀྱང་། །དེ་ཡི་སྟེང་དུ་གཡོན་པ་བཞག་པ་ནི། །རྡོ་རྗེའི་སྐྱིལ་མོ་ཀྲུང་ཞེས་བྱ་བར་བཤད། །གཡས་པའི་བྱིན་པས་བྱིན་པ་གཡོན་མནན་ལ། །པུས་མོ་གཉིས་ཀ་ཕབ་པར་བྱས་ནས་ནི། །ལུས་ནི་རབ་ཏུ་ཞི་བའི་ཚུལ་དང་ལྡན། །པདྨའི་འདུག་སྟངས་ཡིན་པར་མཁས་བས་བཤད། །རྐང་པ་གཡོན་པའི་བརླ་ཡི་སྟེང་དུ་ནི། །རྐང་པ་གཡས་པ་ཅུང་ཟད་ཙམ་སྦྱར་ལ། །གཡོན་པ་དེ་ཡི་འོག་ཏུ་བཞག་པ་ནི། །སེམས་མའི་སྐྱིལ་མོ་ཀྲུང་ཞེས་རྣམ་པར་གྲགས། །རྐང་པ་གཡོན་པ་ཡིས་ནི་སྐྱིལ་མོ་ཀྲུང་། །ཕྱེད་དུ་བཅས་ལ་དེ་དང་ཉེ་བར་ཡང་། །རྐང་པ་གཡས་པ་དྲང་པོར་བཞག་པ་ནི། །དེ་ནི་དཔའ་བོའི་འདུག་སྟངས་ཡིན་པར་འདོད། །རྐང་པ་གཉིས་ཀ་སྟན་གྱི་སྟེང་དུ་ནི། །དྲང་པོ་ཉིད་དུ་ཐུར་དུ་བརྐྱངས་བྱས་ལ། །དེ་ཉིད་བརྟན་པོར་རབ་ཏུ་འཇོག་པ་ནི། །བཟང་པོའི་འདུག་སྟངས་ཡིན་པར་རབ་ཏུ་གྲགས། །རྐང་པ་གཉིས་ཀ་མཐོ་གང་ཙམ་གྱིས་ནི། །བར་དུ་ཆོད་པར་སྟན་ལ་བཞག་ནས་ཀྱང་། །ཙོག་ཙོག་པོར་ནི་འདུག་པ་གང་ཡིན་པ། །དེ་ཉིད་ཙོག་པུའི་འདུག་སྟངས་ཉིད་དུ་


JKT005_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །རྐང་པ་གཡས་པ་ཉིད་ནི་སེམས་དཔའ་ཡི། །སྐྱིལ་ཀྲུང་ཕྱེད་པ་བརྟན་པར་རབ་བྱས་ལ། །གཡོན་པ་སྒེག་དང་བཅས་པས་བརྐྱངས་པ་ནི། །རོལ་པའི་འདུག་སྟངས་ཞེས་སུ་གྲགས་པ་ཡིན། །ཞེས་སོ། ༈ །དཱི་པཾ་ཀཱ་རས་མཛད་པའི་བྲི་གུཧྱ་ས་མཱ་ཛ་མཎྜལ་བིདྷ་ལས། ཉེས་བྱས་དུས་གསུམ་བྱས་པ་རྣམས། །རང་གི་ལོག་རྟོག་ཙམ་ལས་བྱུང་། །རྨི་ལམ་རྨི་ལམ་སོགས་བཞིན་དུ། །ལན་གསུམ་དུ་ནི་འཆགས་པར་བགྱིད། །ཅེས་དང་། མིང་གི་ཡི་གེ་དང་བོ་ནི། །ཀླད་ཀོར་བཅས་པར་སྔགས་རྣམས་བཏུ། །ཞེས་དང་། མགྲིན་པ་གོས་མཆོག་གིས་དཀྲིས་ལ། །ཨ་མྲ་སོགས་འདབ་ཀྱིས་ཁ་དགབ། །དཀྱིལ་འཁོར་བ་ཡི་བུམ་པ་ནི། །དེ་ཡི་སྔགས་ཀྱིས་ལྷག་གནས་བྱ། །འབྲུ་སྨན་རིན་ཆེན་ལྔ་རྣམས་དང་། །དྲི་བཟང་ཆུ་དང་འཁོར་ལོའི་ཚོགས། །མེ་ཏོག་ཕྲེང་བཏགས་རྡོ་རྗེ་ནི། །སྟེང་བཞག་འཁོར་ལོ་གཙོ་རྒྱལ་ལ། །མཆོད་ཡོན་ཕུལ་ཏེ་ཡང་དག་མཆོད། །མེ་ཏོག་དཀར་པོ་གཞུག་པར་བྱ། །ཞེས་དང་། དེ་སྟེང་དགང་གཟར་རྒྱར་སོར་བཞི། །ཟབས་སུ་སོར་གཉིས་ནང་རྡོ་རྗེ། །སོར་བཞིའི་མཐར་ནི་རྡོ་རྗེ་སྟེ། །བར་དུ་པདྨའི་འདབ་མའི་དབྱིབས། །བླུགས་གཟར་པདྨའི་དབྱིབས་སོར་གཉིས། །ཟབས་སུ་སོར་གཉིས་ནང་རྡོ་རྗེ། །ཞེས་དང་། རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །དེ་


JKT005_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །ཞེས་དང་། བླ་མ་དམ་པའི་གཞུང་བཟུང་བ། །དད་པ་ཡིས་ནི་གསལ་བར་བྱས། །དད་སོགས་ནོར་ནི་བསྟེན་བྱ་ཡིན། །བསྟེན་འོས་སྐལ་ལྡན་སྨད་བྱ་མིན། །བདག་ལས་དམན་པའམ་མཚུངས་དོན་ཡོད། །སེམས་ཅན་དམ་པས་ལེགས་བཤད་ནི། །བྱིས་པ་ལས་ཀྱང་བླང་བྱ་ཡིན། །ཞེས་གསུངས་སོ། །འདི་མར་མེ་མཛད་བཟང་པོས་མཛད་ཅིང་རིན་བཟང་གིས་འགྱུར་བའོ། ༈ །མཛེས་པའི་མེ་ཏོག་ཅེས་བྱ་བ་རིམ་པ་༨༧གཉིས་ནས། པའི་དེ་ཁོ་ན་ཉིད་སྒོམ་པ་ཞལ་གྱི་ལུང་གི་འགྲེལ་༡ ༣༤ བར། པ་བུདྡྷ་ཛྙཱ་ན་ཉིད་ཀྱི་དངོས་སློབ་མ་ཧཱ་ཨཱ་ཙརླ་བི་ཏ་པཱ་དས་འདི་ཀ་མ་ལ་གུརྒྱ་དང་ལྷ་ཛྷཱ་ན་དྷཱ་ཛའི་འགྱུར། མཛད་པར། འཇམ་དབྱངས་ཞེས་པ་ནི་འཇམ་ཞིང་མཉེན་པའི་དབྱངས་ཀྱིས་འགྲོ་བ་རྣམས་ཚིམ་པར་བྱེད་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཆེན་པོ་རྣམ་པར་དག་པའི་ཕྱིར་རོ། །ཞེས་དང་། དེ་ལ་ཨ་ཞེས་པ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཏེ། མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་གསུངས་པ་ལ་དཔྱད་ན། ཐམས་ཅད་འབྱུང་བའི་སྒོ་སྟེ། དེ་ཡང་ཟབ་གསལ་གཉིས་སུ་མེད་པའི་རང་བཞིན་ནམ་མཁའི་དཀྱིལ་འཁོར་ལྟ་བུ་བརྟགས་པ་ཐམས་ཅད་ཀྱིས་མ་སྐྱེས་པ་དང་པོ་ནས་ལྷུན་གྱིས་གྲུབ་པ་ཉིད་དུ་ཤེས་པར་བྱའོ། །ཞེས་དང་། ཨ་ལ་ལ་ཧོ། དེ་ལ་ཨ་ཞེས་


JKT005_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མ་སྐྱེས་པའི་ཕྱག་རྒྱ་སྟེ་བདག་དང་གཞན་དབུགས་འབྱིན་པར་བྱེད་པའོ། །ཞེས་དང་། དེ་ཡང་དུས་དང་པོ་རྐྱེན་ཁྱད་པར་ཅན་ལས་སྐྱེས་པའི་མདོག་གིས་བརྒྱན་ཅིང་། ཁྱད་པར་གྱི་གཉིས་སུ་མེད་པ་འབྱུང་བ་དེ་མི་བསླུ་ཞིང་། མཚན་དང་དཔེ་བྱད་དུ་ལྡན་པར་རང་འོད་ཀྱི་རིག་མས་འཁྱུད་པ་ཡོངས་སུ་དག་པ་ལ་སྣང་བ་ནི་ལ་དང་པོའོ། །གཅིག་པ་དང་དུ་མའི་རང་བཞིན་དང་བྲལ་བ་ཐབས་ཀྱི་ཆའི་བུམ་པ་ན་གནས་པའི་བདེ་བ་ཆེན་པོ་མི་བསླུ་བ་སྟེ་ནམ་མཁའི་དཀྱིལ་ལྟར་རྣམ་པར་དག་པ་གཉིས་སུ་མེད་པའི་གཟུགས་ཐོག་མ་ནས་ཞི་བར་ལྡན་པ་ནི་ལ་གཉིས་པའོ། །དེའང་ཐིག་ལེ་འགགས་པའི་ངོ་བོ་གཞན་ཡིད་དགའ་བར་བྱེད་པའི་མཚན་ཉིད་ཀྱིས་མི་བསླུ་བ་རིགས་གཅིག་ལ་སོགས་པས་གདུལ་བྱའི་རྒྱུད་ལ་སྣང་བར་འགྱུར་བས་དེའི་རྒྱུད་ཡོངས་སུ་དག་པར་བྱེད་ཅིང་། སྤྱི་དང་སོ་སོའི་ལས་ཀྱི་མཐའ་མེད་པའི་བར་དུ་གནས་པ་ནི་ལ་གསུམ་པའོ། །དེའང་རྒྱུན་མི་ཆད་ཅིང་མི་འགོག་པར་སྲིད་པ་ཇི་སྲིད་ཡོད་པ་དེ་སྲིད་བར་དུ་རོ་མྱང་བའི་མཚན་ཉིད་བརྒྱད་དང་ལྡན་པར་བཞུགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགྱེས་པ་ཐམས་ཅད་ཀྱི་ཕུལ་དུ་བྱུང་བས་ཧོ་ཞེས་བྱའོ། །ཞེས་དང་། མཚན་ཉིད་འཛིན་པའི་ཕྱིར་ན་ཆོས་ཏེ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་རྣམས་སོ། །ཞེས་དང་། རང་བཞིན་ནི་


JKT005_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རང་བཞིན་ཏེ། འོད་གསལ་བ་ནི་དེའི་རང་བཞིན་མ་སྐྱེས་པས་སྣང་བར་བྱེད་པའི་ཕྱིར་རོ། །མ་སྐྱེས་པའི་རང་བཞིན་ལ་རྫས་སུ་རྟོག་པ་ནི་འགལ་བའི་ཕྱིར་རོ། །གདོད་མ་ནས་དག་པ་ཞེས་པ་ནི། དེ་ཉིད་གདོད་མ་ནས་དག་པ་སྟེ། ཡེ་ཤེས་སྒྱུ་མ་ཁོ་ན་སྟེ། དེ་ལྟ་བུ་ནི་བྱེད་པ་མ་ཡིན་པས་ན་དེ་སྐད་ཅེས་དཔེར་ན་ནམ་མཁའ་བཞིན་ནོ། །ཞེས་དང་། རྡོ་རྗེ་འཆང་ཞེས་པ་ནི་དང་པོའི་མགོན་པོ་སྟེ་མི་ཤིགས་པའི་དོན་དང་ལྡན་པའི་ཕྱིར་རོ། །ཞེས་དང་། ཞལ་ཕྱག་ལ་སོགས་པ་དང་ལྡན་པ་ནི་ཕྱག་རྒྱ་ཆེན་པོའོ། །ཞེས་དང་། སྟོང་པ་ཉིད་དེའི་ངོ་བོ་བསྟན་པ། །འོད་གསལ་བ་ཞེས་ཏེ་དྲི་མ་དང་རྣམ་པར་བྲལ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་དེའི་རང་བཞིན་དུ་གསལ་བའི་ཕྱིར་རོ། །དྲི་མ་དང་ཇི་ལྟར་བྲལ་ཞེ་ན། གཟོད་ནས་རྣམ་པར་དག་ཅེས་ཏེ། བཅོས་མ་མ་ཡིན་པས་ནི་དང་པོ་ནས་ཏེ། བྱེད་པས་ནི་མ་ཡིན་ནོ། །ཞེས་དང་། བསྐྱེད་པའི་རིམ་པ་ནི་སྣོད་བཅུད་རགས་པར་འཁྲུལ་པ་བཟློག་པའི་ཕྱིར་རོ། །བློས་རྣམ་པར་བཞག་པའི་རྣལ་འབྱོར་པ་སྟེ་དང་པོའོ། །དེ་ཡང་འཁོར་བའི་ས་ལ་སོགས་པ་དང་ནམ་མཁའ་དང་རྩྭ་དང་ཤིང་གེལ་པ་ལྷའི་ཁང་པ་ལ་སོགས་པ་རྟེན་གྱི་དཀྱིལ་འཁོར་གྱིས་སྦྱོང་བར་བྱེད་ཅིང་། དེ་ན་གནས་པའི་སེམས་ཅན་སྐྱེ་གནས་བཞིས་བསྡུས་པ་ཐམས་ཅད་རྟེན་རྐྱེན་གྱི་འཁོར་ལོས་སྦྱོང་བར་བྱེད་དོ། །


JKT005_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རྫོགས་རིམ་ནི་དོན་ལ་མི་བསླུ་བའི་དེ་ཁོ་ན་ཉིད་དང་མི་གཉིས་པར་བསྒོམས་པས་མལ་ལས་ལྡོག་ཅིང་བརྟན་པ་རྙེད་དོ། །སོགས་དང་། ད་ནི་གཉིས་སུ་མེད་པའི་ཡེ་ཤེས་ལས་འཁོར་བ་ཇི་ལྟར་འབྱུང་བ་བསྟན་པ་དེ་འདྲའི་ཞེས་པ་ལ་སོགས་པའོ། །དེ་ཡང་གཉིས་སུ་མེད་པ་དེ་ལྟ་བུས་དངོས་པོ་ཀུན་ལ་རྣམ་པར་ཁྱབ་སྟེ་གནས་ཀྱང་དེ་མི་གསལ་བའི་རྒྱུ་ནི། ཐོག་མེད་དུས་ནས། ཞེས་ཏེ། སྲིད་པ་གང་ལ་དང་པོ་མེད་པ་དེ་ནི་ཐོག་མ་མེད་པའོ། །དེའི་དུས་ན་ནམ་མཁའ་ལས་སྤྲིན་འབྱུང་བ་བཞིན་དུ་རྣམ་རྟོག་ཆེན་པོ་ཞེས་ཏེ། སེམས་ཙམ་རྟོགས་པ་དང་འབྲེལ་པ་ལྟ་བུའི་ཚུལ་དུ་བྱུང་སྟེ། ཞེས་སོ། །དེ་ཡང་ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། བྲག་ཅ་དང་། མགལ་མེའི་འཁོར་ལོ་དང་། འཁྲུལ་པ་དང་། རྨི་ལམ་དང་། བྲི་ཟའི་གྲོང་ཁྱེར་དང་། ཆུའི་ཆུ་བུར་དང་། གློག་གི་རྣམ་པ་དང་། སྤྲུལ་པ་དང་། བརྒྱ་བྱིན་གྱི་གཞུ་དང་། སྤྲིན་གྱི་རྣམ་པ་སྟེ། དཔེ་བཅུ་གཉིས་ཀྱིས་དོན་དུ་རྟོགས་པར་འགྱུར་རོ། །ཞེས་དང་། ད་ནི་དེ་ལྟ་བུའི་དོན་ལ་གྲུབ་པའི་མཐའ་འཛིན་པའི་འཕགས་པ་དང་འཕགས་པ་མ་ཡིན་པ་རྣམས་ཀྱིས་འཁྲུལ་པར་བསྟན་པ་སྟེ། དེ་འདྲའི་ཞེས་པ་ལ་སོགས་པའོ། །དེ་འདྲའི་དངོས་པོ་ཐམས་ཅད་ཀྱི་མཐའི་དེ་བཞིན་ཉིད་ཟབ་མོ་དང་། ཡང་དག་པར་བསལ་བ་གཉིས་སུ་མེད་པ་ལས་ཐོག་མ་དང་ཐ་མ་མེད་


JKT005_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་ན་སོ་སོ་སྐྱེ་བོའི་གྲུབ་པའི་མཐའ་འཛིན་པ་རྣམས་ཀྱིས་ང་དང་ང་ཡིར་འཛིན་པས་ཡང་དག་པའི་ཚད་མས་མ་བརྟགས་པར་ནི་བདག་ཏུ་བཟུང་ཞེས་ཏེ། ཡིད་མི་ཆེས་པའི་ལུང་༡དང་། རྗེས་སུ་དཔག་པར་༣སྣང་བ་དང་། ལོག་པར་༣འཛིན་པའི་ཏིང་ངེ་འཛིན་གྱིས་སོ། །དེ་ཡང་དུས་ལས་བྱུང་བྱ་བ་ལ་སོགས་པ་བཞི་ནི་གྲངས་ཅན་པས་བརྟགས་པའོ། །འཛིན་པ་པོས་སྤྲུལ་པ་ལ་སོགས་པ་བརྒྱད་ནི་བྱེ་བྲག་པས་བརྟགས རྣལ་འབྱོར་ལ་སོགས་པ་བཞི་ནི་སེར་སྐྱ་པས་བརྟགས༴ ནང་གནས་ལ་སོགས་པ་ལྔ་ནི་ནམ་མཁའི་གོས་ཅན་པས༴ རྣམ་ཤེས་ལ་སོགས་པ་གསུམ་ནི་རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བས༴ མཐོང་བ་ལ་སོགས་པ་ལྔ་ནི་ཙ་རཀ་པས༴ ཤེད་ལས་སྐྱེས་པ་དང་ཤེད་བུ་ནི་རྒྱལ་པོ་ལ་སོགས་པས་བརྟགས་པའོ། །སྲོག་དང་གསོབ་ལ་སོགས་པ་ནི་གོས་དམར་བས་བརྟགས་པ་སྟེ། མུ་སྟེགས་ཀྱི་ལྟ་བ་པ་རྣམས་ཀྱི་གཙོ་བོ་རྣམས་ཀྱིས་དེ་ལྟར་རྣམ་པ་གསུམ་གྱིས་རྣམ་པར་རྟོག་ཅེས་པའོ། །རང་གི་སྡེ་པ་ལས་ཀྱང་ནམ་མཁའ་ནི་ཐོག་པར་བྱེད་པའི་རེག་བྱ་མེད་པའི་སྣང་བའོ། །འགོག་པ་གཉིས་ནི་སོ་སོར་བརྟགས་པའི་སྐྱེ་བ་འགོག་པར་བྱེད་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ལས་མེད་པས་མི་སྐྱེ་བ་སྟེ། དེ་གསུམ་ནི་རྒྱུ་རྐྱེན་གྱིས་ཤིན་ཏུ་འདུས་མ་བྱས་པ་སྟེ། དེ་ནི་ཤིན་ཏུ་བརྟན་བྱས་ཞེས་ཏེ་གཞན་གྱིས་


JKT005_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་དུ་མེད་པའི་ཕྱིར་རོ། །འདུས་བྱས་ཀུན་ཞེས་པ་ནི། ལྷག་མས་བསྡུས་པའི་ཕུང་པོ་ལྔ་སྟེ། དེ་ཡང་སྐད་ཅིག་མ་ཡིན་ཞིང་གོང་གི་བདག་པོ་ཐམས་ཅད་མེད་ཅིང་གཟུགས་ལ་སོགས་པ་ཕྲ་རབ་ཆ་ཤས་དང་བྲལ་བར་སྣང་བ་དང་མུན་པའི་གོ་སྐབས་མི་འབྱེད་ཅིང་རྫས་ཀྱི་སྐབས་འབྱེད་པ་འདུ་ཞིང་སྐྱེ་འགག་བྱེད་པ་ཤེས་པ་རེ་རེ་ལ་དམིགས་པ་ལས་གྲུབ་པ་དེ་ཡང་བློའི་རྣམ་པ་ལས་ལོགས་ཤིག་གྲུབ་པ་ཡིན་པར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བས་རྟོག་ཅེས་ཏེ། ཡུལ་ཁ་ཆེ་མུ་སྟེགས་བྱེ་བྲག་པ་ལྟར་སྨྲ་བ་སྟེ་དགེ་འདུན་བཟང་པོ་ལ་སོགས་པས་སོ། །རང་གི་རིག་པ་སྐྱེད་བྱེད་པ། །ཞེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ། །ཞེས་སོ། །དེ་ཡང་གང་ཞེ་ན། བལྟ་བྱ་སྤྱོད་ཡུལ་རྣམ་པ་བཞི། །ཞེས་ཏེ། གཟུགས་ལ་སོགས་པ་ནི་རྣམ་པ་སྟེ། །དེ་ཡང་རྡུལ་ཕྲ་རབ་གཅིག་ནས་གཅིག་ཏུ་འགྱུར་བ་ལ་སོགས་པ་སྣང་བར་རྟོག་གོ །དེ་དག་ལས་ཀྱང་འདུས་མ་བྱས་གསུམ་ནི་རྟག་པ་ཙམ་སྟེ། དོན་གཞན་དུ་འགྱུར་བ་མེད་པས་ན། མོ་གཤམ་བུ་བཞིན་མེད་པ་དང་། །ཞེས་ཏེ་མིང་ཙམ་ཅན་ཞེས་པའི་ཐ་ཚིག་གོ །འདུ་བྱེད་ཐམས་ཅད་ནི་བེམ་པོ་དང་མི་རྟག་པའི་ངོ་བོའི་བརྟགས་པ་མ་ཡིན་པས་ན་དུས་གསུམ་དུ་རྒྱུ་བ་མ་ཡིན་པ་དང་། དམན་མིན་རྡུལ་ཕྲ་རབ་སྟེ་གྲུབ་པའི་གཞི་ཡིན་པའི་ཕྱིར་རོ། །དེ་ཉིད་ཐོགས་པ་དང་བྲལ་ཡང་


JKT005_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་ལས་ཀྱིས་འདུས་པའི་གཟུགས་ཡིན་པར་ཉན་ཐོས་མདོ་སྡེ་པས་རྟོག་གོ། །ཡང་དག་ཅན་ཡང་དོན་དམ་མིན། །ཞེས་པ་ནི་མུ་སྟེགས་ཀྱིས་བརྟགས་པ་རྣམས་སོ། །རྡུལ་ཕྲན་དག་ཀྱང་དེ་བཞིན་ནོ། །ཞེས་པ་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བས་བརྟགས་པའོ། །སོ་སོར་སྣང་བའི་གཟུགས་ཕྲ་རབ་སོ་སོར་སྣང་བ་མི་དམིགས་པ་དང་འདུས་པ་མི་དམིགས་པ་སྟེ། ཉན་ཐོས་མདོ་སྡེ་པས་བརྟགས་པའོ། །དེ་ཐམས་ཅད་རྨི་ལམ་ལྟ་བུར་མི་སྣང་བ་སྟེ། འོ་ན་གང་སྣང་ཞེ་ན། གཟུང་འཛིན་སྤངས་པའི་རྣམ་ཤེས་ཆེ། །ཞེས་སོ། །ཇི་ལྟར་སྣང་ཞེ་ན། དོན་དམ་ཤེལ་ལྟར་དག་པ་རུ། །ཞེས་ཏེ། གཉིས་པོས་སྟོང་པའི་རྣམ་པར་ཤེས་པ་ཤེལ་ལྟར་དག་པ་ལྟ་བུ་དོན་དམ་པར་རྫས་ཉིད་དུ་སེམས་པ་ཉིད་རྣལ་འབྱོར་སྤྱོད་པས་རབ་ཏུ་རྟོག་གོ། །ཞེས་སོ། །སོ་སོར་སྣང་བའི་གཞུང་ཐམས་ཅད། །ཅེས་པ་ནི་བརྡ་དང་གཟུང་འཛིན་དང་དངོས་པོའི་ཀུན་ཏུ་བརྟགས་པའོ། །དེ་དག་ཀྱང་དོན་དམ་པ་མིན་ཏེ། ཅིའི་ཕྱིར་ཞེ་ན། གཅིག་དང་དུ་མའི་རང་བཞིན་དང་བྲལ་པའི་ཕྱིར་དཔེར་ན་ནམ་མཁའི་ཆུ་སྐྱེས་བཞིན་དུ་གཞུང་དེ་ཐམས་ཅད་སྤངས་པ་སྟེ། གཉིས་མེད་དོན་དམ་པའི་བདེན་པའོ། །གཉིས་སུ་མེད་མིན་ཞེས་ཏེ་ཀུན་རྫོབ་ཀྱི་བདེན་པའོ། །དེ་ཉིད་སྤྲོས་པ་མེད་པས་ན་ཞི་བའོ། །དེའང་མཐའ་གསུམ་གྱིས་མ་རིག་པའི་རྣམ་པར་ཤེས་པ་ཀུན་རྫོབ་སྒྱུ་མ་ལྟ་བུའི་


JKT005_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཙམ་དུ་དག་པ་དང་། མ་དག་པར་སྣང་བ་དོན་དམ་པར་ན་ཤིན་ཏུ་དྲི་མེད་ནམ་མཁའ་ལྟར་སྣང་བ་བློ་གྲོས་དང་ལྡན་པ་དབུ་མ་པས་རྟོགས་སོ། །དེ་དག་གི་རྟོག་པ་དང་བཅས་པའི་གཙོ་བོ་སྟེ། དེ་དག་ལ་སོགས་པ་མཐའ་ཡས་པ་ཞེས་པས་ནི་ལྟ་བ་ལྔ་བརྒྱ་བདུན་ཅུ་པ་རྣམས་བསྡུ་བར་བྱའོ། །དེ་ཀུན་ཀྱང་གཉིས་སུ་མེད་པའི་དོན་དེ་ཁོ་ན་ལ་གནས་ནས་བློ་ཐ་དད་པར་སོ་སོར་བརྟག་པའོ། །དེ་ལྟར་སྒྱུ བརྟགས་ཀྱང་དེ་ཐམས་ཅད་ཡང་དག་པར་བརྟགས་པ་མིན་པར་བླ་ན་མེད་པའི་སངས་རྒྱས་མ་ཐོབ་པས་བླ་དང་བཅས། ཞེས་སོ། །ཅིའི་ཕྱིར་ཞེ་ན། འོག་མ་འོག་མའི་རྣལ་འབྱོར་བློ་ལས་གོང་མ་གོང་མས་ཁྱད་པར་དུ་འཕགས་སོ། །དེ་མུ་སྟེགས་པ་ལས་བྱེ་བྲག་ཏུ་སྨྲ་བས་ཏེ་མི་རྟག་པའོ། །དེ་ལས་མདོ་སྡེ་པ་སྟེ་རྟག་པའོ། །དེ་ལས་རྣལ་འབྱོར་སྤྱོད་པ་སྟེ་སེམས་ཙམ་གྱིས་སོ། །དེ་ལས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་སྟེ་ཀུན་རྫོབ་ཙམ་ཉིད་ཀྱིས་སོ། །དེ་ལས་བླ་ན་མེད་པའི་གཞུང་པ་སྟེ་ཡེ་ཤེས་ཁོ་ནས་སོ། །དེ་བས་ན། འོག་མའི་བློ་ནི་གོང་མ་ཡི། །ཤེས་རབ་ཀྱིས་ནི་སུན་འབྱིན་ནོ། །ཞེས་པ་ཡང་དེ་ཁོ་ནས་བསལ་ལོ། །ཞེས་དང་། འདི་ཡི་དོན་ཤེས་པ་ནི་མ་འོངས་པའི་དུས་ན་རྡོ་རྗེ་འཛིན་པ་ནི་བླ་མ་སྟེ་རྡོ་རྗེ་འཛིན་པ་དེའི་ལུས་ལ་གནས་པའི་ཕྱིར་རོ། །དེ་རྗེས་སུ་མཐུན་པའི་ཡོན་གྱིས་མཉེས་པར་བྱས་ཏེ་ཤེས་པར་བྱའོ། །ཞེས་


JKT005_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེའི་ཡང་སྔོན་དུ་སོང་བའི་རྒྱུ་ནི་རང་གི་ཚེ་རབས་སྔོན་དུ་བསོད་ནམས་ཆེན་པོ་བསགས་པའི་སྟོབས་ཀྱིས་ཕྱི་རོལ་གྱི་ཡི་གེ་ལ་སོགས་པ་ལ་བརྟེན་པ་མེད་པར་སློབ་མའི་རྒྱུད་དུ་རྣམ་པར་འཕོའོ། །ཞེས་སོ། །གཉིས་སུ་མེད་པའི་རྣམ་པ་ལ་དང་པོའི་ལས་ལ་སོགས་པའི་མཐའ་གཉིས་དགག་པར་གསུངས་པ། དེ་ལ་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་ནི་རི་མོའི་དཀྱིལ་འཁོར་རོ། །སྦྱིན་སྲེག་ནི་ཐབ་ལ་སོགས་པ་དང་ལྡན་པའོ། །གཏོར་མ་ནི་འབྱུང་པོ་ལ་སོགས་པའིའོ། །བཟླས་པ་ནི་ཕྲེང་བའི་སྔགས་ལ་སོགས་པ་བཟླས་པའོ། །བགྲང་ཕྲེང་ནི་ལས་ཀྱི་བྱེ་བྲག་གི་གྲངས་དང་ཁ་དོག་ལ་སོགས་པའོ། །སྐྱིལ་མོ་ཀྲུང་ནི་རྡོ་རྗེའི་སྐྱིལ་མོ་ཀྲུང་ལ་སོགས་པའོ། །སྟངས་སྟབས་ནི་གཡས་བརྐྱང་པ་ལ་སོགས་པ་སོ་སོའི་ཚུལ་སྤྱོད་པའི་ཁྱད་པར་རོ། །སོགས་ཀྱིས་བསྡུས་པ་ཚོགས་ཀྱི་འཁོར་ལོ་དང་། ཕྱིའི་མཆོད་པ་ལ་སོགས་པའོ། །དེ་རྣམས་ལ་ཞེས་པ་ནི་སྤྲོས་བྲལ་རྣམ་པར་བསླུ་བ་སྟེ་སྤྲོས་པར་སྣང་བའི་ཕྱིར་རོ། །དེའི་བྱ་བ་མ་ཡིན་ཞེས་ཏེ་གཅིག་ཏུ་སྤྱོད་པའི་ཚུལ་གྱིས་སོ། །དགག་པ་མ་ཡིན་ཞེས་ཏེ། དེ་ལ་གནས་པ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་མི་དགག་སྟེ། ལྷག་པའི་ལྷ་ནི་མཚན་མ་མེད་པའི་ལྷ་སྟེ། དེ་ལས་ཐམས་ཅད་འབྱུང་བའི་ཕྱིར་ན་སྤྲུལ་ཕྱིར་རོ། །ཞེས་སོ། །ཡང་རྩ་བར། ད་ནི་གཉིས་མེད་ཡེ་ཤེས་ཉིད། །


JKT005_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་གཟུགས་ལ་བརྟེན་ནས་ཀྱང་། །མི་གཡོ་ལ་སོགས་གཡོ་དང་བཅས། །ཚངས་སོགས་ལྷ་དང་ལྷ་མིན་སོགས། །ཐམས་ཅད་རབ་ཏུ་མི་སྣང་ཡང་། །ཐིག་ལེ་འགོག་པར་མི་འགྱུར་ཏེ། །རྒྱུ་དང་མི་རྒྱུར་བཅས་པ་ཀུན། །སླར་ཡང་དེ་ལས་འབྱུང་བར་བྱེད། །དེ་ལས་སྐྱེ་བོ་རྣམས་ཀྱིས་ནི། །ཡང་དག་མ་རྟོགས་པ་ཡི་ཕྱིར། །ཚངས་པའི་སྒོ་ང་ལས་སྐྱེས་པར། །འཁྲུལ་བས་ཆོས་རྣམས་ཀྱིས་མི་བསྒུལ། །གང་གིས་ཀྱང་ནི་མི་ཤིགས་པ། །ཇི་སྲིད་འདི་ནི་ལུས་གནས་པས། །ལས་དང་ལས་ནི་རབ་བྱེད་པ། །བརྟན་པོ་འཇིག་པ་རབ་སྤངས་པའི། །མི་ཤིགས་ཐིག་ལེ་བསྒོམ་པར་བཤད། །ཅེས་པའི་འགྲེལ་པར། ཙྪཱ གཉིས་མེད་ཡེ་ཤེས་ཞེས་པ་ནི། ཟབ་མོ་དང་གསལ་བ་གཉིས་སུ་མེད་པའི་ཡེ་ཤེས་ནམ་མཁའ་ལྟར་དག་པ་གང་ཡིན་པའོ། །དེ་ཀུན་རྫོབ་ཀྱི་གཟུགས་སུ་ཇི་ལྟར་གནས་ཤེ་ན། ཐིག་ལེ་ཁ་དོག་ལྔ་པ་ཙ་ན་ཀའི་འབྲུ་ཙམ་དུ་རྣམ་པར་གནས་ཏེ། དེ་ལ་བརྟེན་ནས་ཞེས་པ་ནི་དེ་ལ་རླུང་ལ་སོགས་པའི་དཀྱིལ་འཁོར་བྱུང་ནས་མི་གཡོ་བ་ལ་སོགས་པ་ཞེས་པ་ནི་སྣོད་ཀྱི་འཇིག་རྟེན་ལྕགས་རི་དང་། ལྷའི་ཁང་པ་ལ་སོགས་བ་ཡང་། དེ་ལས་འབྱུང་བར་བྱེད་ཅེས་པར་སྦྱར་རོ། །དེ་བཞིན་དུ་གཡོ་བ་དང་བཅས་ཞེས་ཏེ། བཅུད་ཀྱི་སེམས་ཅན་ཚངས་པ་ལ་སོགས་པའི་ལྷ་དང་ལྷ་མིན་དང་སོགས་ཀྱི་སྒྲས་བསྡུས་པ་མི་དང་བྱོལ་སོང་དང་


JKT005_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དྭགས་དང་དམྱལ་བ་ལ་སོགས་པའི་ཡང་དེ་ལས་འབྱུང་བར་བྱེད་ཅེས་སྦྱར་རོ། །གང་གི་དུས་སུ་འབྱུང་བར་བྱེད་ཅེ་ན། ཐམས་ཅད་རབ་ཏུ་མི་སྣང་ཡང་། །ཞེས་ཏེ། ལས་སུ་སྨྲ་བའི་གཞུང་གིས་གནས་པའི་བསྐལ་པ་ཟད་ནས་མེ་ལ་སོགས་པ་ཉི་ཤུའི་བར་དུ་རྣམ་པར་གཞིག་སྟེ་སྟོང་པར་འགྱུར་བའི་དུས་སུ་ཡང་། །ཐིག་ལེ་འགོག་པར་མི་འགྱུར་ཏེ། །ཞེས་པ་ནི་ཡེ་ཤེས་རྡོ་རྗེའི་རང་བཞིན་ཡིན་པས་ན་མེ་ལ་སོགས་པ་ གང་གིས་ཀྱང་གཞིག་ཏུ་མེད་པའི་ཕྱིར་དེ་ཁོ་ནར་སྣང་བའོ། །དེ་ནས་ཆགས་པར་འགྱུར་བའི་དུས་སུ་གོང་མ་ལྟར། རྒྱུ་དང་མི་རྒྱུར་བཅས་པ་ཀུན། །སླར་ཡང་དེ་ལས་འབྱུང་བར་བྱེད། །ཅེས་པའོ། །དེ་ལ་ཕྱི་རོལ་པ་རྣམས་ཀྱིས་འཁྲུལ་པར་གསུངས་པ། དེ་ལས་ཞེས་པ་ལ་སོགས་པའོ། །སྐྱེ་བོ་རྣམས་ཞེས་པ་ནི་ཁ་ན་མ་ཐོ་བ་ལས་རིང་དུ་སོང་བའི་ཆོས་མ་ཐོབ་པ་གྲུབ་པའི་མཐའ་འཛིན་པའོ། །དེས་ཡང་དག་པའི་དོན་མ་རྟོགས་པའི་ཕྱིར་མི་ཤིགས་པའི་ཐིག་ལེར་མ་ཤེས་ཏེ་ཚངས་པའི་སྒོ་ང་ཞེས་འཁྲུལ་ཏེ། སེམས་ཅན་གྱི་ལས་ཀྱིས་ཚངས་པ་མི་སྣང་ཡང་དེའི་སྒོ་ང་ལུས་པས་དེ་ལས་ཐམས་ཅད་སྐྱེས་པའོ་ཞེས་འདོགས་ཤིང་ཚངས་པ་ལ་མེས་པོ་ཞེས་སྨྲ་སྟེ། རང་གིས་ཀྱང་དེ་བཞིན་དུ་འཁྲུལ་ཏེ་དེ་ཁོ་ན་ཡིན་ནོ་སྙམ་དུ་རློམས་སོ། །དེ་བས་ན་དེ་ལས་སྟོང་པ་ཉིད་དུ་ཁས་བླངས་པའི་སྐྱེ་བོ་རྣམས་ཀྱིས་དུས་ལས་བྱུང་བ་སོགས་ལ་སྒྲོ་


JKT005_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་ཤིང་དེའི་ལམ་ལ་འཇུག་པར་བྱེད་དོ། དེ་ལྟར་ན་ཡང་དེའི་རང་བཞིན་ནི་ཆོས་ཀུན་གྱིས་མི་བསྐུལ་ཏེ། མེ་ལ་སོགས་པའི་འབྱུང་བ་གང་གིས་ཀྱང་མི་ཤིགས་པ་སྟེ། མི་ཤིགས་པའི་ཐིག་ལེ་སྟེ། ཇི་སྲིད་འདི་ནི་ལུས་གནས་པས། །ཞེས་པས་ནི་བཅུད་ཀྱི་སེམས་ཅན་རྣམས་ཀྱི་སྙིང་གི་པདྨ་ཁ་སྦྱར་གྱི་དབུས་ན་ཐིག་ལེའི་རྣམ་པར་གནས་པའོ། །ཇི་སྲིད་རང་བཞིན་དག་པའི་མན་ངག་ཐོབ་ནས་དེའི་དོན་ལ་མི་འཛིན་པ་དེ་སྲིད་དུ། ལས་དང་ལས་མིན་རབ་བྱེད་པས། །ཞེས་ཏེ། སྲོག་གཅོད་པ་སྤངས་བ་ལ་སོགས་པའི་ལས་དང་། སྲོག་གཅོད་པ་ལ་སོགས་པ་མ་ཡིན་པའི་ལས་རབ་ཏུ་བྱེད་དེ། ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་མ་ཤེས་པས་ལས་སུ་སྨྲ་བ་སྟེ། དེས་མཐོ་རིས་དང་དམྱལ་བ་ལ་སོགས་པར་འགྲོ་བར་འགྱུར་རོ། །དེའི་རང་བཞིན་ཡོངས་སུ་ཤེས་པའི་ལས་ཀྱིས་འཁོར་བར་འཁོར་བ་མི་ནུས་ཏེ། ལས་དེ་ཉིད་དེར་ཐིམ་པའི་ཕྱིར་རོ། །དེ་བས་ན་བརྟན་པོ་ཞེས་ཏེ། ཅིའི་ཕྱིར་ཞེ་ན། འཇིག་པ་རྣམས་སྤངས་པ། ཞེས་པ་ནི། མི་རྟག་པ་ལ་སོགས་པའི་བསྐལ་པ་རྣམ་པར་སྤངས་པའོ། །དེའི་ཕྱིར་དེ་ལྟ་བུའི་མི་ཤིགས་པའི་ཐིག་ལེ་བསྒོམ་པར་བཤད་པ་ཁས་འཆེས་སོ། །ཞེས་དང་། དབུགས་ཀྱི་རྟ་ཞོན་ཀུན་རྟོག་རྣམས། །ཞེས་ཏེ་རླུང་དང་ལྷན་ཅིག་ཏུ་བྱུང་བའི་ཀུན་ཏུ་རྟོག་པ་གློ་བུར་བ་ནི་གཟུང་བ་དང་འཛིན་པའི་རྟོག་པ་སྟེ།


JKT005_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་བྱུང་བ་དང་བཅས་པའོ། །ཞེས་དང་། རྩ་བར། འདི་ནི་ཡང་དག་གོམས་བྱས་པས། །མི་གནས་མྱ་ངན་འདས་པ་ཆེ། །ཐབས་ཀུན་གྱིས་ནི་བསྒྲུབ་བྱ་མཆོག །རྡོ་རྗེ་འཆང་བ་ཆེན་པོ་ཐོབ། །འདི་ནི་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་འབའ་ཞིག་དབང་བྱས་ནས། །རིམ་པ་གཉིས་པ་སྒོམ་པའི་ཐབས། །མི་ཤིགས་ཐིག་ལེ་བསྒོམ་པའོ། །ཞེས་གསུངས་སོ། །ཡང་། དེ་བཞིན་ཉིད་དང་ཡང་དག་མཐའ། །བྱང་ཆུབ་སེམས་ཞལ་ལུང་ལས། གཟུགས་བཅུ་དྲུག་གོ། །མཐེ་བོའི་རྩ་བར་ཡི་གེ་ཨ། །རྗེ་ངར་ལ་ནི་ཡི་གེ་དེ་བཞིན་ཨཱ། བརླ་གཉིས་ལ་ནི་ཨི་ཡི་གཟུགས། །གསང་བ་ལ་ནི་ཨཱི་ཡི་གཟུགས། །ལྟེ་བའི་རྩ་རུ་ཨུ་གཟུགས་ནས། །དེ་བཞིན་གསུས་པར་ཨུ་ཡི་གཟུགས། །ནུ་མ་གཉིས་སུ་རི་གཟུགས་ནས། དེ་བཞིན་ལག་པར་རཱི་གཟུགས་ནས། །མགྲིན་པ་ལ་ནི་ལི་ཡི་གཟུགས། །དེ་བཞིན་མ་མཆུར་ལཱ་ཡི་གཟུགས། །འགྲམ་པ་གཉིས་སུ་ཨེ་གཟུགས་སོ། །དེ་གཉིས་མིག་གཉིས་ཡང་ནི་ཨེ། །རྣ་བའི་རྩ་བར་ཨོ་ཡི་གཟུགས། །སྤྱི་བོར་ཨོ་གཟུགས་ཡང་དག་གནས། །ཨཾ་ཨའི་གཟུགས་སུ་ཚིགས་ཀུན་ལ། །བཅུ་དྲུག་དུས་སུ་རྫོགས་པར་འགྱུར། །ཞེས་དང་། དཔལ་༤ ༣ཧེ་རུ་ཀའི་སྒྲུབ་ཐབས་ཀྱི་འགྲེལ་པར། ཧེ་རུ་ཀ་ལ་ཡང་ངེས་ཚིག་གི་ཚུལ་གྱིས་ནི་ཧེ་ཞེས་བྱ་བའི་ཚུལ་གྱིས་ན་རྒྱུ་ཡིན་ལ། དེ་དང་བྲལ་བ་རྣམ་པར་ཐར་པ་མཚན་


JKT005_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད་པའི་སྒོའོ། །རུ་ནི་རུ་ཏི་ར་སྟེ་སྨོན་པ་མེད་པའོ། །ཀ་ནི་ཀ་ར་སྟེ་བྱེད་པ་དང་བྲལ་བས་སྟོང་པ་ཉིད་དོ། །དེ་ལྟར་རྣམ་པར་ཐར་པའི་སྒོ་གསུམ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྡོ་རྗེ་ཁྲོ་བོ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས། ཡང་། གནས་དགུ་ནི། ཞི་གནས་དུར་ཁྲོད་ཤིང་གཅིག་དང་། །ལམ་མདོ་བྲག་ཕུག་ཆུ་འགྲམ་དང་། །རི་རྩེ་ཁང་སྟོང་མ་མོའི་གནས། །འདི་ནི་དུར་ཁྲོད་གནས་དགུ་ཡིན། །ཞེས་སྤྱོད་པ་བྱེད་པའི་གནས་སུ་གསུངས་སོ། །གྲོལ་ཐིག་ལས། འབྱུང་བ་ཧཱུྃ་གི་ངོ་བོ་ཡིས། །སངས་རྒྱས་ལ་སོགས་སྤྲོ་བར་བྱེད། །དེ་ཡི་དུས་སུ་གནས་པ་ཡི། །ཆོས་ཀུན་འགྲུབ་པར་བྱེད་པའོ། །འཇུག་པ་ཨོཾ་གྱི་ངོ་བོ་ཡིས། །སངས་རྒྱས་ལ་སོགས་སྡུད་པར་བྱེད། །དེ་ཡི་དུས་སུ་གཡོ་བ་ཡི། །ཆོས་ཀུན་འགྲུབ་པར་བྱེད་པའོ། །གནས་པ་ཨཱཡི་ངོ་བོ་ཡིས། །སངས་རྒྱས་ལ་སོགས་བཟུང་བ་ཡིས། །དེ་བཞིན་གཡོ་གནས་ཆོས་རྣམས་ཀུན། །གཉིས་མེད་ཡེ་ཤེས་འཇུག་པའོ། །ཞེས་སྣང་། ཡང་། ཕྱག་རྒྱ་བཞི་འབྲེལ་རེ་རེ་ནས། །ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྟེ། །དེ་བཞིས་བསྒྲེས་པས་དགུ་བརྒྱའོ། །དེ་ནི་འཕོ་བ་ཉི་ཤུ་བཞིས། །བརྩིས་པས་ཁྲི་ཕྲག་གཉིས་དང་ནི། །ཆིག་སྟོང་དང་ནི་དྲུག་བརྒྱའོ། །ཞེས་སོ། །བདག་སྒྲུབ་པ་ལ་འཇུག་པར། འགྲོ་བ་གང་ཞིག་རྨོངས་པའི་རྒྱུ་ཡིས་གནས་མ་ཡིན་ལ་སྐྲག་འགྱུར་


JKT005_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བ། །ཡུན་རིང་དུས་སུ་བསོད་ནམས་ཕུང་པོ་ཆེན་པོ་མིན་པ་འབྱུང་འགྱུར་རྒྱུས། །རིགས་མེད་བཤེས་མེད་བློ་མ་སྦྱངས་ཤིང་སྔ་མར་དགེ་བ་མ་བསྐྱེད་པས། །ཆོས་འདི་དག་ལ་སྐྲག་པར་འགྱུར་བ་དོན་ཆེན་འདི་ཀྵ ལས་ཉམས་པར་འགྱུར། །ཞེས་བཤད། དེ་ཡང་འཇམ་དཔལ་ཞལ་ལུང་ནི། ཐོག་མར་བུདྡྷ་ཛྷཱ་ན་རང་གིས་གདམས་པ་བཙལ་ནས་མཐར་འཇམ་དཔལ་དབྱངས་མཇལ་བའི་བར་དང་། དེ་ལ་གསོལ་བ་བཏབ་ཚུལ་བཅས་ཀྱི་སྐབས་དབྱེ་ནས། དངོས་གཞི་ལ། ཉན་པར་གདམས་ནས་ཐོག་མར་གཉིས་སུ་མེད་པའི་ཡེ་ཤེས་བསྟན་པ་ནི། ཆོས་རྣམས་སོགས་སོ། །གཉིས་སུ་མེད་པའི་ཡེ་ཤེས་ལས་འཁོར་བ་ཇི་ལྟར་འབྱུང་བའི་ཚུལ་བསྟན་པ་ནི། དེ་འདྲའི་དོན་དེས་དངོས་པོ་ཀུན། །སོགས་ནས། དེ་ཡི་ངོ་བོ་རྟོགས་པར་བྱ། །བར་རོ། །དེ་རྟོགས་པར་བྱེད་པའི་ལམ་ལ་འཇུག་པའི་སྐྱེས་བུ་གསུངས་པ། གང་ཞིག་དེ་རྟོགས་རབ་འདུན་པ། །སོགས་སོ། །རྗེས་མཐུན་གཏོང་ཕོད་དེས་ཤེས་འགྱུར། །ཞེས་སོ། །དེས་མཉེས་པར་བྱ་བའི་བླ་མ་ཇི་ལྟ་བུ་ཡིན་ཞེ་ན། དེ་ཡིས་རྗེ་བཙུན་ཡང་དག་པ། །སོགས་ནས། དེ་འདྲའི་བླ་མ་མཉེས་པར་བྱ། །བར་རོ། །ཇི་ལྟར་མཉེས་པར་བྱེད་ཚུལ་ནི། ཡུལ་དང་མཁར་དང་ཁྱིམ་དང་རྟ། །སོགས་ནས། དེ་འདྲའི་རྗེ་བཙུན་དབང་པོ་མཆོད། །ཅེས་པའི་བར་རོ། །ཁྱད་པར་མཉེས་པར་བྱེད་པ་བླ་མ་


JKT005_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་མཚན་ཉིད་གསུངས་པ། གསལ་ཞིང་རབ་དག་སོགས་དང་། ལྷག་པར་ཕྱག་རྒྱའི་མཚན་ཉིད་བསྟན་པ་དངོས་ནི། སྒྱུ་མ་དེ་ཡང་འཇིག་རྟེན་འདིར། །སོགས་ནས། ལྷག་པའི་ལྷ་ཞེས་བྱ་བ་བསྒྲུབ། །ཅེས་པའི་བར་རོ། །དེ་དང་ལྡན་པ་ལ་གསང་དབང་བསྐུར་ཚུལ་བསྟན་པ་ནི། དེ་ཡང་ཐུན་མོང་དང་བཅས་པ། །སོགས་ནས། བཅུ་གཉིས་དོན་དུ་རྟོགས་པར་འགྱུར། །བར་རོ། །དེ་ནས་ཞིང་དག་པར་བྱས་པའི་སློབ་མ་ལ་ཆོས་སྐུ་རྟོགས་པར་བྱ་བའི་ཕྱིར་ཤེར་དབང་བསྐུར་བར་གསུངས་པ། དེ་ལས་དེ་ལ་རང་བྱུང་གི །སོགས་ནས། ལྷ་མོ་དེ་ལ་འཁྱུད་པར་བྱ། །བར་རོ། །དེ་ནས་བླ་མས་དེ་ལ་དེ་ཁོ་ན་ཉིད་བཞི་པ་བསྟན་པ་ནི། རྡོ་རྗེ་པདྨར་རེག་པ་ནི། །སོགས་ནས། སྒྲུབ་པ་ཆེན་པོ་དེ་ཉིད་དོ། །ཞེས་སོ། །དེ་ནས་བླ་མ་དེའི་ངོ་བོ་བཤད་པས་སྦྱིན་པར་གསུངས་པ། ནམ་མཁའི་ཁམས་དང་རྡོ་རྗེ་སྦྱོར། །སོགས་ནས། བླངས་ནས་བཏུང་བྱའོ། །བར་རོ། །ད་ནི་དེ་ལྟ་བུའི་དོན་ལ་གྲུབ་པའི་མཐའ་འཛིན་པའི་འཕགས་པ་དང་འཕགས་པ་མ་ཡིན་པ་རྣམས་ཀྱིས་འཁྲུལ་པར་བསྟན་པ་ནི། དེ་འདྲའི་དངོས་པོ་ཐམས་ཅད་ཀྱིས། །སོགས་ནས། གསོ་བྱེད་སྐྱེས་བུ་དམ་པའོ། །ཞེས་པའི་བར། ད་ནི་བདག་ཉིད་ཆེན་པོ་རྣམས་ཀྱིས་དེ་རིག་པར་བྱས་ནས་གོམས་པར་བྱ་བ་གསུངས་པ། དེ་བས་ལུས་ངག་ཡིད་གསུམ་གྱི། །


JKT005_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས། ཕྱི་རོལ་ལུས་ནི་སྡོམ་བྱེད་དོ། །ཞེས་པས་བསྐྱེད་པའི་རིམ་པས་གཞི་རྣམ་པར་བཀོད་ནས། རྫོགས་པའི་རིམ་པ་དེ་སྦྱོང་བའི་ཐབས་གསུངས་པ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མཆོག །ཅེས་སོགས་ནས། ཆོ་ག་འདི་ནི་དང་པོར་བཤད། །ཅེས་པའི་བར་གྱིས་དགའ་བའི་ཡེ་ཤེས་ཀྱི་རང་བཞིན་མི་ཤིགས་པའི་ཐིག་ལེ་བསྒོམ་པ་དང་། དགའ་བ་བར་མའི་ཡེ་ཤེས་ཀྱི་རང་བཞིན་གསང་བའི་ཐིག་ལེ་བསྒོམ་པའི་ཆོ་ག་གསུངས་པ། དེ་ལ་བསྒྲུབས་པས་བྱིན་བརླབས་པས། །སོགས་ནས། རྗེས་སུ་དྲན་པའི་ཡན་ལག་གོ །ཞེས་པའི་བར་དུ་དབུགས་དགག་པ། གཏོང་བ། གཟུང་བ། རྗེས་དྲན་གྱི་ཡན་ལག་གསུམ་པ་བསྟན། དེ་ནས་དགའ་བྲལ་གྱི་ཡེ་ཤེས་ཀྱི་རང་བཞིན་དབང་གི་མཐར་ཐུགས་རྗེ་རྒྱས་པའི་ཡན་ལག་ཏུ་གནས་པས་སྤྲུལ་པའི་ཐིག་ལེ་བསྒོམ་པར་གསུངས་པ། དེ་ལྟར་ཡན་ལག་གསུམ་གྱིས་ནི། །ཞེས་སོགས་ནས། ཆོ་ག་འདི་ལ་རབ་ཏུ་འབད། །བར་རོ། །དེ་དག་གི་དོན་བསྡུ་བ། དེ་ལྟར་དགའ་གསུམ་བྱེ་བྲག་གིས། །སོགས་ནས། ཆོ་ག་ཡན་ལག་བསྟན་པའོ། །ཞེས་སོ། །དེ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་མི་ཤིགས་པའི་ཐིག་ལེ་དེ་ཁོ་ན་ཉིད་བསྒོམ་པའི་ཆོས་གསུངས་པ། ད་ནི་གཉིས་མེད་ཡེ་ཤེས་ཉིད། །སོགས་ནས། སྒྲུབ་པའི་བདག་ཉིད་ཅན་དུ་འགྱུར། །བར་རོ། །ད་ནི་གཉིས་

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


JKT005_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་ཡེ་ཤེས་དེ་ལྟར་གོམས་པར་བྱས་པ་དེ་མངོན་དུ་བྱ་བའི་ཐབས་གསུངས་པ། བདག་ཉིད་ཅན་དེས་སྒྲུབ་པའི་མཆོག །སོགས་ནས། ཟླ་དྲུག་སོགས་པར་རབ་ཏུ་འབད། །བར་རོ། །དེས་མངོན་དུ་བྱས་པའི་འབྲས་བུའི་མཚན་ཉིད་ནི། དེ་ཡིས་རྗེ་བཙུན་ཡིད་མེད་པ། །སོགས་ནས། བློ་ལྡན་རྣམས་ཀྱིས་རྟོགས་པར་བྱ། །ཞེས་པའི་བར་གྱིས་ངོ་བོ་མཚན་ཉིད་དང་བཅས་པ་རྒྱ་ཆེར་བསྟན་ཏོ། །དེའི་ཉེ་བར་ལེན་པའི་རྒྱུ་ས་བཅུ་དང་ལྡན་པ་ལྷ་མོས་གསུངས་པའི་ཚུལ། ས་བཅུ་དང་ནི་རབ་ལྡན་པའི། །སོགས་ནས། གང་དུ་གསུངས་པ་རབ་ཐོས་ཏེ། །བར་རོ། །ད་ནི་དེ་ལ་འཇུག་པར་མི་ནུས་པ་རྣམས་ལ་གཞན་དུ་བསྟན་པར་གསུངས་པ། དེ་བས་དེ་འདྲའི་དོན་ཆེན་ལ། །སོགས་ནས། བཅུ་གསུམ་ས་ཞེས་བྱ་བར་བཤད། །བར་རོ། །ད་ནི་རིམ་པ་གཉིས་པའི་དེ་ཁོ་ན་ལ་གནས་པ་ལ་བསྔགས་པ་གསུངས་པ། དེ་ལྟར་རིམ་པ་གཉིས་པ་ཡིས། །སོགས་ནས། འཕོ་བར་ཐེ་ཚོམ་མི་བྱའོ། །ཞེས་པའི་བར་རོ། །དེ་ལྟར་ཕྱོགས་ཆོས་ལ་མྱ་ངན་ལས་འདས་པའི་རིམ་པ་བསྟན་ནས། ད་ནི་བར་མ་དོར་མྱ་ངན་ལས་འདའ་བའི་རིམ་པ་གསུངས་པ། ད་ནི་རང་ཉིད་བྱིན་རླབས་སོགས་ནས། དངོས་གྲུབ་དེ་ནི་བསྒོམ་པར་བཤད། །ཅེས་པའི་བར་གྱིས་འཆི་བར་སྐྱེ་གནས་གསུམ་གྱིས་སྐུ་གསུམ་འགྲུབ་པའི་ལམ་འཁོར་བཅས་བསྟན་ནས།


JKT005_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དོན་གྱི་མཇུག་བསྡུ་བའི་ཕྱིར། གང་ཞིག་འདི་ནི་མ་རྟོགས་པར། །སོགས་ནས། ཨ་ལ་ལ་ཧོ། ཞེས་པའི་བར་གྱིས་གསང་བར་གདམས་པ་སོགས་བསྟན། དེ་ནས་བློས་སྤྲུལ་པའི་དཀྱིལ་འཁོར་བསྡུ་བ་གསུངས་པ། དེ་ལྟར་རོལ་པའི་སོགས་ནས། མི་སྣང་གྱུར། །བར། དེ་ལྟར་རང་གིས་ཤེས་ནས་སྐལ་ལྡན་གྱི་དོན་ཇི་ལྟར་བྱས་པའི་ལོ་རྒྱུས་གསུངས་པ། རྡོ་རྗེ་གདན་གྱི་རྒྱབ་ནས་སོགས་ནས། སྐལ་ལྡན་འགས་དོན་བྱས། །བར་རོ། །ད་ནི་དེ་ལྟ་བུས་དད་པར་བྱས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་འབྲས་བུ་དང་བཅས་པ་གསུངས་པ། དེ་བས་དེ་ལྟར་སོགས་ནས། འདོད་པས་ཡང་དག་ལོངས། །བར་རོ། །སྣོད་དུ་རུང་བའི་སེམས་ཅན་མང་བ་མ་ཡིན་པ་ལ་གསང་བ་བླ་མའི་ཞལ་ནས་རྙེད་པར་བྱ་བ་གསུངས་པ། འདི་ནི་རྣལ་འབྱོར་སྤྱོད་པས་སོགས་ནས། ཡང་དག་ཞལ་རྙེད་བྱས། །བར་རོ། །དེ་ལས་གཞན་གྱི་སོམ་ཉི་བཟློག་པའི་ཕྱིར། དེ་བས་རྣལ་འབྱོར་སོགས་ནས། ཐེ་ཚོམ་མ་བྱེད་ཅིག །བར་རོ། །རྒྱུ་གཉིས་དང་མི་ལྡན་པ་རྣམས་དོན་ཁྱད་པར་ཅན་དང་བྲལ་བར་གསུངས་པ། འདི་ནི་རང་བཞིན་གྲུབ་པའི་སོགས་ནས། ཞེས་བྱ་དེ་ལ་བྱའོ། །བར། ད་ནི་དེ་ཁོ་ན་ལ་བློ་བརྟན་པོར་བྱ་བར་གསུངས་པ། དེ་ལྟར་རབ་ཏུ་ཤེས་པར་བྱས་ནས་སུ། །སོགས་ནས། ཅི་ཕྱིར་དེ་མི་སྒོམ། །ཞེས་པའི་བར་རོ། །ད་ནི་


JKT005_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དེ་ཉིད་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་གྱིས་བསྒོམ་པར་གསུངས་པ། དད་དང་བརྩོན་འགྲུས་སོགས་ནས། བྱ་བ་ཁོ་ནའོ། །བར། ད་ནི་འདི་བྱས་པ་ལས་བྱུང་བའི་དགེ་རྩ་བསྔོ་བ་གསུངས་པ། དེ་ལྟར་ཞལ་གྱི་ལུང་བསྡུས་པ་ལས། སོགས་ནས། སྲིད་ལས་སྒྲོལ་བར་ཤོག །ཅེས་པའི་བར་རོ། །དེ་ཡང་ཐོག་མར་མཆོད་པར་བརྗོད་པ་ནི། དཔལ་ལྡན་བདེ་རྫོགས་ཟབ་གསལ་གཉིས་མེད་འོད་ཟེར་ལྡན། །སོགས་ནས། དེ་ལ་བྱ་བྱེད་གསུམ་མཉམ་པ་ཡིས་རྟག་ཏུ་འདུད། །ཅེས་པའི་བར་གྱིས། དེ་ནས་བརྗོད་འབྲེལ་དགོས་པ་ཉིང་དགོས་ཀྱིས་བརྩམ་པར་དམ་བཅའ་བ་ནི། ཆོས་རྣམས་ཀུན་གྱི་སྙིང་། པོ་དངོས་པོའི་དེ་བཞིན་ཉིད། །སོགས་ནས། འཇམ་དབྱངས་བླ་མའི་ལུང་གིས་རྟོགས་ཕྱིར་བཤད་པར་བྱ། །བར་རོ། །ད་ནི་འགྲོ་བ་རྣམས་དད་པར་བྱ་བའི་ཕྱིར་རྗེ་བཙུན་ཉིད་ཀྱིས་མཉེས་པའི་ལོ་རྒྱུས་གསུངས་པ། དབུས་ཀྱི་ཡུལ་ཆེན་ཁ་བིར་གྲོང་ཁྱེར་རྡོ་འཇོག་ཏུ། །སོགས་ནས། སྔར་ལྟར་རོ། །ཡུལ་དབུས་ནཱ་ལེནྡྲ། དེ་ལས་ཡུལ་ཕྲན་ཁ་བིར་གྱི་བྱེ་བྲག་གྲོང་ཁྱེར་རྡོ་འཇོག་ཏུ། ༈ །དངོས་པོར་འཛིན་པ་བཟློག་པའི་རྣལ་འབྱོར་པས་སྲུང་བའི་འཁོར་ལོ་ལ་སོགས་པས་ཕྱི་རོལ་གྱི་ཡུལ་སྦྱངས་ཏེ། དེ་ལ་གནས་པའི་སེམས་ཅན་ནི་སྐྱེ་གནས་བཞིས་བསྡུས་པ་སྟེ། ཏིང་ངེ་འཛིན་ལྷག་མས་གོ་རིམ་བཞིན་དུ་དྲོད་གཤེར་ལས་སྐྱེས་པ་དང་།


JKT005_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུས་ཏེ་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པ་སྦྱོང་བ་སྟེ། འདི་ནི་འོག་ནས་འཆད་དོ། །གཤམ་དུ། བླུགས་དང་གཏོར་དང་དག་པ་བྱས་པས་སློབ་དཔོན་ཆེར་འགྱུར་ཏེ། །ཐམས་ཅད་ཀུན་གྱི་རྗེས་འཛིན་གཞན་རྣམས་རྒྱུད་ཀུན་ལ་སྦྱོར་བའི། །དང་པོའི་རིམ་པ་རབ་རྟོགས་དྲི་མ་རྣམས་ནི་དག་བྱས་ཏེ། །ཡེ་ཤེས་སྒྱུ་མའི་སྣོད་དུ་རུང་བར་རྣལ་འབྱོར་དེ་འགྱུར་ཤོག ༡ །སྙིང་རྗེ་ལྡན་པའི་བླ་མའི་ཞབས་ལ་གུས་པ་རབ་ལྡན་པས། །རི་བོང་འཛིན་པའི་གཟུགས་ཀྱིས་རང་རྒྱུད་རབ་ཏུ་སྨིན་བྱས་ཏེ། །ཞིང་དག་བྱས་པས་ཆོས་ཀུན་སྒྱུ་སོགས་དོན་དུ་རབ་རྟོགས་ནས། །བྱམས་པ་ལ་སོགས་བཞིན་དུ་སེམས་ཅན་ཀུན་གྱིས་འགྲོ་བར་ཤོག ༢ །ལྷན་ཅིག་བྱེད་པས་བྱིན་རླབས་རྗེ་བཙུན་ཐུགས་རྗེ་ཆེན་པོ་ཡིས། །དགའ་བ་རྙེད་པས་ཆོས་ཀུན་དག་པའི་ངོ་བོ་ཆེན་པོ་མཆོག །ཇི་བཞིན་གནས་པའི་དོན་ལ་མི་བསླུ་བཅུ་དྲུག་ཐིག་ལེའི་ཆ། །ངལ་གསོ་ལས་ཐོབ་མན་ངག་ཆེན་པོ་རབ་ཏུ་རྙེད་པར་ཤོག ༣ །དེ་རྙེད་དེ་ལ་སེམས་ནི་ཡང་དག་རབ་ཏུ་མགུ་གྱུར་ནས། །མགྲིན་པ་དམའ་བས་བརྟགས་ནས་རང་རིག་ཆོས་ཀྱི་སྐུ་ནི་ཡང་དག་ཐོབ། །སྐུ་དང་གསུང་དང་ཐུགས་དང་དཔག་མེད་སྤྲུལ་པའི་གཟུགས་ཀྱིས་ནི། །ཁམས་གསུམ་བཀང་ནས་སེམས་ཅན་ཐམས་ཅད་སྲིད་ལས་གྲོལ་བར་ཤོག །ཅེས་དབང་བཞིའི་ལམ་དང་སྦྱར་ཏེ་ཊི་


JKT005_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཡང་གསལ་བར་བཤད་དོ། ༈ །མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ་དཔལ་མགོན་ནཱ་གཱ་རྫུ་ནའི་ཞབས་སེན་གྱི་པདྨོ་སྤྱི་བོའི་ནོར་བུས་རེག་པའི་བསྟི་སྟངས་ཀྱིས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཤཱི་གུ་ཧྱ་ས་མཱ་ཛའི་སྦས་དོན་གྱི་བདུད་རྩིའི་ཆུ་གཏེར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་མནྡཱ་རས་བསྲུབས་པ་ལས་སྐྱེས་པའི་ནང་གི་དེ་ཁོ་ན་ཉིད་ཉེ་བར་བསྡུས་པ་ཟླ་ཤེལ་གསར་པའི་དོགས་པ་ལྟ་བུ་ཞིག་ཤར་བར་གྱུར་ཏེ་སྨོས་མ་ཐག་པའི་མཐུ་ལས་སོ། །དེའི་ཕྱིར་ན་ཤིན་ཏུ་དམན་པའི་སར་གནས་པའི་བློ་གྲོས་ཀྱི་ཀུ་མུ་དཱ་ཡང་གུས་པ་དང་བཅས་པས་ཅུང་ཟད་ཅིག་དགོད་པའི་ཚེ་ན་རྡོ་རྗེའི་ཚིག་གི་དུམ་བུ་འགའ་ཞིག་བསྡུས་ཏེ་བུང་བ་གཞོན་ནུའི་མགྲིན་པའི་རྒྱུད་མང་བཞིན་ལེན་པར་བྱའོ་ཞེས་དམ་བཅས་པ་སྟེ་སྐལ་བ་བཟང་པོར་འདོད་པ་རྣམས་ཀྱིས་རྣ་བ་ལྷོགས་ཤིག །ཅེས་གདམས་སོ། །དེ་ཡང་སྒྲུབ་པའི་ཐབས་མདོར་བྱས་པ་ལས། །རྣམ་རྟོག་བག་ཆགས་ཉེས་པ་ཡིས། །འགྲོ་བ་གསུམ་པོ་རྣམ་རྨོངས་ལ། །བློ་དང་ལྡན་པས་ལེགས་བལྟས་ཏེ། །རྣལ་འབྱོར་རྒྱུད་ཀྱིས་སྦྱང་བར་བྱ། ༈ །ཞེས་དང་། དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །རི་བོ་དབེན་པ་དག་ཏུ་ནི། །དངོས་གྲུབ་ཐམས་ཅད་


JKT005_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་བསྒྲུབ། །འཇམ་པའི་སྟན་ལ་འདུག་ནས་ནི། །སེམས་དཔའི་སྐྱིལ་ཀྲུང་ལེགས་གནས་ནས། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས། །གནས་སྲུང་བ་ནི་བསམ་པར་བྱ། །ཞེས་དང་། རྣམ་པར་སྣང་མཛད་ངོ་བོ་ནི། །ཁ་དོག་དཀར་པོ་ཡི་གེ་ཨོ། །གཟུགས་ཕུང་ངོ་བོ་ཉིད་ཀྱིས་ནི། །སྔགས་ཤེས་པས་ནི་སྤྱི་བོར་དགོད། །ཨཱནི་མགོན་པོ་འོད་དཔག་མེད། །འདུ་ཤེས་ཕུང་པོའི་ངོ་བོ་ཉིད། །མདོག་དམར་ཁ་ལ་བསམས་ནས་ནི། །ངག་གི་དབང་ཕྱུག་ཉིད་འཐོབ་འགྱུར། །མི་བསྐྱོད་པ་ཡི་ཡི་གེ་ཧཱུཾ། །རབ་ཏུ་བཟང་པོ་མཐིས་ཤུན་མདོག །རྣམ་ཤེས་ཕུང་པོའི་ངོ་བོ་ཉིད། །སྔགས་པས་སྙིང་གར་རྣམ་པར་དགོད། །རིན་ཆེན་མགོན་པོའི་ཡི་གེ་སྭཱ། །ཚོར་བའི་ཕུང་པོའི་ངོ་བོ་ཉིད། །ཚོར་བ་དག་གི་རྒྱུ་རྐྱེན་ནི། །ཁ་དོག་སེར་པོ་ལྟེ་བར་དགོད། །རྐང་པ་གཉིས་ལ་ཡི་གེ་ཧཱ། །འདུ་བྱེད་ཕུང་པོའི་ངོ་བོ་ཉིད། །ལས་ཀྱི་མགོན་པོ་དེ་ཉིད་ནི། །སྔགས་པས་ཁ་དོག་ལྗང་གུར་དགོད། །ཅེས་དང་། དེ་ལྟར་བདག་ཉིད་བྱིན་གྱིས་བརླབ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པའི། །མཚན་མ་དྲུག་ད དཔའ་བསྒོམ་པར་བྱ། །སྙིང་གའི་དབུས་སུ་ཕྲ་མོ་ཡི། །ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམ། །ཏིང་འཛིན་སེམས་དཔའ་ཞེས་བྱ་བའི། །ཡི་གེ་ཧཱུཾ་ནི་དེ་རུ་དགོད། །ཅེས་དང་། ཧཱུྃ་གིས་ལེགས་པར་སྦྱངས་


JKT005_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ། །ཡི་གེ་ཨཱཡིས་རྟོགས་བྱས་ཏེ། །ཨོཾ་གྱིས་མནན་ནས་སྦར་བར་བྱ། །འདི་ནི་ཁ་ཟས་སྦྱང་བྱ་བའོ། །ཞེས་སོ། ༈ །ཡང་དེས་མཛད་པའི་བསྐྱེད་རིམ་མདོ་བསྲེར། ཤིན་ཏུ་སྟོང་པ་ཟབ་ཅིང་ཕྲ་བས་ན། །རྟོག་གེའི་ཡུལ་མིན་འཁྲུལ་པས་ཤེས་མི་ནུས། །ཞེས་སོ། ༈ །དབང་བཞིའི་རབ་ཏུ་བྱེད་པར། དངོས་ཀུན་རྣམ་དག་འོད་གསལ་རང་བཞིན་བདེ་བ་ཆེན་པོའི་སྐུ། །འགྲོ་བ་འདི་ཀུན་ཐུགས་རྗེས་ཁྱབ་མཛད་ཅིར་ཡང་སྣང་བའི་སྐུ། །མ་ལུས་ཡུལ་དུ་གྱུར་པ་ཁམས་གསུམ་རོ་མཉམ་གཉིས་སུ་མེད། །ཟུང་འཇུག་གཟོད་ནས་དབྱེར་མེད་རྡོ་རྗེ་འཆང་བ་དེ་ལ་འདུད། །ཅེས་དང་། གཟུགས་བརྙན་ལུས་། དང་བྱང་ཆུབ་སེམས། །མཚན་མ་དབྱིབས་དང་སྦས་པ་ཡུམ། །ཞལ་གྱི་བུམ་པས་དབང་བསྐུར་ཏེ། །ཕྱི་ཡི་བཞི་པ་གྲངས་ཀྱི་གཞི། །སྦས་པའི་བཞི་པ་དག་འཕྲལ་གཞི། །བདེ་ཆེན་བཞི་པ་འབྲས་བུའི་གཞི། །ཞེས་དང་། ང་ནི་ཡེ་ནས་རྡོ་རྗེ་འཆང་། །གནས་སྐབས་གློ་བུར་གྱིས་བསྒྲིབས་ཤིང་། །རང་གི་མཚན་ཉིད་ངོ་མ་ཤེས། །དམ་པའི་དྲིན་གྱིས་དེ་མཐོང་ནས། །རང་གི་ལུས་ལ་དེ་ཉིད་གནས། །ཆུ་ཁམས་གསེར་དང་ནམ་མཁའ་འདྲ། །དེ་ལྟར་མོས་ལྡན་བློ་བཟང་ལ། །སྤྲོ་བ་བསྐྱེད་པ་བུམ་པའི་ཞལ། །དང་པོ་ལུས་འདི་གྲུབ་པ་ནི། །ཆོ་ག་གསུམ་དང་བྱང་ཆུབ་ལྔའོ། །ཕ་མའི་ས་བོན་བར་དོའི་སེམས། །ལས་ཀྱི་རླུང་


JKT005_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞོན་ནས་ནི། །མ་རིག་པ་ཡིས་ལེན་པར་བྱེད། །ཆགས་དང་ཕྲག་དོག་དབང་གིས་ཞུགས། །མེར་མེར་ལྟར་ལྟར་ཡི་གེ་ལྔ། །གོར་གོར་མཁྲང་གྱུར་མཚན་མ་ལྔ། །ཡན་ལག་རྫོགས་པ་རིགས་ལྔའི་སྐུ། །སྔོན་དུ་ཤི་བ་ཆོས་སྐུ་སྟེ། །བར་དོ་ལོངས་སྤྱོད་རྫོགས་པའོ། །ས་བོན་གསུམ་འདྲེས་ཟླ་བ་ཡིན། །གནས་སྐབས་གཉིས་ནི་ཡི་གེ་སྟེ། །གནས་སྐབས་གཉིས་ནི་མཚན་མ་ཡིན། །གཅིག་ནི་སྤྲུལ་པའི་སྐུ་རྫོགས་པའོ། །ཞེས་སོགས་རྒྱས་པར་གསུངས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དབུགས་གཏོང་རྔུབས་པ་མ་ཡིན་ཏེ། །སྤྱན་ཕྱེ་བཙུམས་པ་མ་ཡིན་ནོ། །དགྱེ་བ་མ་ཡིན་སྒྱུ་ཟློབ་མིན། །གསུང་བ་མ་ཡིན་མི་གསུང་མིན། །ཕྱིར་ནི་ལུས་ལ་མི་སྤྱོད་ཅིང་། །ནང་དུ་སེམས་ལ་མི་རྟོག་གོ །སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བའི་འཆིང་བས་བཅིང་བར་འགྱུར། །སེམས་གང་།གིས་ནི་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་སྐྱེ་བར་འགྱུར། །བྱ་བ་ཐམས་ཅད་བློས་བཏང་ལ། །གང་ལྟར་གནས་པའི་དོན་ལ་བཞག །མ་བཅོས་པ་ཉིད་མ་ནོར་བ། །བདེ་བ་ཆེན་པོ་རང་སོ་ཉིད། །དོན་དུ་སྣང་བ་རང་བཞིན་མེད། །དངོས་པོར་གསལ་བ་རྟོག་པ་མེད། །ཆུ་དང་རྙོག་མ་དེ་བཞིན་ནོ། །བྱིངས་ཤིང་ལྕི་བ་གཟེངས་བསྟོད་ཅིང་། །འཐོར་ཞིང་འཕྱར་བ་རང་སོར་བཞག །ཅུང་ཟད་ཅུང་ཟད་


JKT005_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་བྱས་པས། །གོང་ནས་གོང་དུ་ཁྱད་པར་འགྲོ། །མཐར་ནི་མི་རྟོག་ཏིང་འཛིན་དག །ལྷུན་གྱིས་གྲུབ་པ་འཐོབ་པར་འགྱུར། །བླ་མ་ཉིད་ཀྱང་མཉམ་བཞག་ལ། །སློབ་མ་བྱིན་གྱིས་བརླབ་པར་བྱ། །ཐུན་གྱི་ངེས་པ་ཡོད་མིན་ཏེ། །ཇི་ཙམ་གནས་ཀྱི་བར་དུ་བཞག །འདོད་པའི་ལོངས་སྤྱོད་ཀུན་བསྟེན་ཅིང་། །ལུས་ཀྱི་འབྱུང་བ་རོ་ཡང་མཉམ། །བཞི་པའི་དབང་བསྐུར་ཆོ་གའོ། །ཨེ་ཝཾ་མཱ་ཡཱའི་ཡི་གེ་བཞིས། །དོན་བཞི་དང་ནི་སྦྱར་བར་བྱ། །རྒྱུད་རྣམས་ཀུན་གྱི་དོན་བསྡུས་པའོ། །ཨེ་ནི་འཇུག་པ་ཝཾ་ནི་གནས། །མཱ་ནི་སྲུང་བ་ཡཱ་ནི་གྲོགས། །ཨེ་ནི་ལས་དང་ཝཾ་ནི་ཆོས། །མཱ་ནི་མུ་དྲ་ཡཱ་དམ་ཚིག །ཨེ་ནི་སྣང་བ་སྟོང་པ་སྟེ། །ཝཾ་ནི་མཆེད་པ་ཤིན་ཏུ་སྟོང་། །མ་ནི་ཉེར་ཐོབ་ཆེན་པོ་སྟོང་། །ཡཱ་ནི་རོ་མཉམ་ཐམས་ཅད་སྟོང་། །ཨེ་ནི་མ་ཐོབ་ཐོབ་བར་བྱེད། །ཝཾ་ནི་ཐོབ་པ་བརྟན་པར་བྱེད། །མཱ་ནི་གོང་ནས་གོང་དུ་འགྲོ། །ཡཱ་ནི་ཚེ་འདིར་རྫོགས་སངས་རྒྱས། །ཞེས་སོགས་མང་པོ་དང་། །རྟེན་ཅན་ལས་ལ་བརྟེན་པ་སྟེ། །ལས་ནི་ལུས་ངག་ཡིད་ཀྱི་ལས། །དེ་ལ་རྒྱས་འདེབས་ཕྱག་རྒྱ་ཡིན། །དགའ་བྲལ་ལ་ནི་བཞི་པར་བརྗོད། །སེམས་ལ་དམིགས་པ་ཇི་བཞིན་དུ། །སྒོམ་པ་སེམས་ལ་དམིགས་པ་སྟེ། །རྟེན་ཅན་ཞེས་ནི་བརྗོད་པ་ཡིན། །རྟེན་མེད་རང་ལུས་ཐབས་ལྡན་ནམ། །འཁོར་ལོ་བཞི་དང་འཁོར་ལོ་གཉིས། །རྡོ་རྗེ་སེམས་


JKT005_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་དབབ་ཐབས་སམ། །རྣམ་པར་ཤེས་པ་ཐོད་སྦྱོར་རམ། །ཡི་གེ་ཧཱུཾ་གི་དབབ་ཐབས་སམ། །གཏུམ་པོའམ་མཁའ་འགྲོའི་བྱིན་རླབས་སམ། །བླ་མ་དུས་ཐབས་བསྟེན་པས་སོ། །ཉམས་སུ་མྱོང་བ་བཞི་པ་སྟེ། །རྣམ་ཤེས་རླུང་དང་རོ་གཅིག་པའོ། །ངོ་བོ་ཉིད་ནི་རྡོ་རྗེ་འཆང་། །ཡན་ལག་བདུན་དང་ལྡན་པ་སྟེ། །ཞེས་སོགས་དང་། །ཆུ་ནང་གི་ནི་ཟླ་བའི་གཟུགས། །བདེན་པ་མ་ཡིན་བརྫུན་པ་མིན། །དེ་བཞིན་དཀྱིལ་འཁོར་འཁོར་ལོ་ཡང་། །རང་བཞིན་མེད་ལུགས་དེ་ལྟར་སྣང་། །ཞེས་དང་། དངོས་དོན་རང་གི་མཚན་ཉིད་ལས། །གུད་ན་ཡོད་པ་མ་ཡིན་ཏེ། །ལྷ་སོགས་ཡེ་ཤེས་སྣང་བ་ལས། །གཞན་དུ་ཙྩོ དམིགས་པ་སྨོས་ཅི་དགོས། །ཞེས་དང་། བདེ་ཆེན་བདེ་བ་ཆེན་པོའི་སྐུ། །རང་སྣང་རིག་མས་ཉེར་བརྒྱན་པ། །འོག་མིན་གནས་སུ་དུས་རྟག་ཏུ། །མཚན་དང་དཔེ་བྱད་འབར་བར་བཞུགས། །གང་དང་གང་གིས་འདུལ་ཕྱུར་པ། །དེ་དེ་བཞིན་དུ་སོ་སོར་སྣང་། །མོས་བའི་དབང་གིས་ཐ་དད་པ། །སེམས་ཅན་རྣམས་ནི་འདུལ་བར་མཛད། །རྒྱུད་གཞན་དག་ལས་བཤད་པ་ནི། །སྤང་བྱ་གསུམ་དང་མ་རིག་པ སྦྱོང་བྱེད་སྨིན་བྱེད་དབང་བཞིའོ། །གྲོལ་བྱེད་རྒྱུད་དང་སྔགས་དང་ཆོས། །གསང་བའི་རིམ་པས་བཞི་པར་འདོད། །འདི་ཉིད་ཡི་གེ་སྤྱི་སྲས་དང་། །མཐར་ཐུག་ཡིན་པས་བཞི་པར་འདོད། །མཁའ་འདྲ་ཆོས་


JKT005_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྟོང་པ་ལས། །རྟོག་མེད་ཡེ་ཤེས་འཇའ་འདྲ་བ། །རླུང་དང་ཡེ་ཤེས་ཏིང་འཛིན་གྱིས། །འབད་པ་བྲལ་བར་ལྷུན་གྱིས་གྲུབ། །ཅེས་སོ། །འདི་ཞི་བའི་སྙིང་པོ་དང་འགོས་ལྷས་བཙས་ཀྱིས་བསྒྱུར་བར་བཤད་སྣང་མོད། ཅུང་ཟད་དཔྱད་བྱར་སེམས་སོ། ༈ །དེས་མཛད་པའི་རྫོགས་རིམ་རིམ་པ་ལྔའི་ངག་དབེན་དང་པོ་རྡོ་རྗེའི་བཟླས་པའི་རིམ་པར། བསྐྱེད་པའི་རིམ་པར་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་མིང་ཅན། །རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །སྔགས་ཀྱི་དམིགས་པ་རྟོགས་ནས་ནི། །རྡོ་རྗེའི་བཟླས་པ་རྣམས་ལ་སློབ། །རྡོ་རྗེ་བཟླས་ནས་རྣལ་འབྱོར་པ། །སེམས་ལ་དམིགས་པ་འཐོབ་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཡང་དག་མཐས་ནི་རྣམ་པར་སྦྱང་། །ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཟུང་འཇུག་ཏིང་འཛིན་ལ་གནས་ནས། །ཕྱིར་ཞིང་གང་ཡང་མི་སློབ་བོ། །འདི་ནི་རྫོགས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཆེན་པོའང་དེ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་


JKT005_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགྱུར། །འདས་པ་དང་ནི་མ་འོངས་པ། །ད་ལྟར་བྱུང་བའི་སྲིད་གསུམ་ནི། །འོད་གསལ་བས་ནི་རྣམ་དག་པས། །སྐད་ཅིག་དེ་ལ་མ་ལུས་མཐོང་། །དཔལ་ལྡན་འདུས་པའི་རྒྱུད་དུ་ནི། །དེ་ཉིད་དེ་དག་རྒྱས་།། བཏབ་པས། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་ཁ་ལས་རྟོགས་པར་བྱ། །ཞེས་དང་། རྩ་བའི་རྒྱུད་ལས་ལུང་དྲངས་པ། སྣ་ཡི་རྩེ་མོར་ཡུངས་ཀར་བསམས། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །གསང་བའི་སྔགས་ཀྱིས་བརྟག་པ་ཡི། །ཡེ་ཤེས་མཆོག་གི་གནས་བསྒོམ་མོ། །རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །སོགས་རླུང་བཅུའི་དེ་ཁོ་ན་ཉིད་རྒྱས་པར་བསྟན་མཐར་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པར། ཨོཾ་ཨཱཿཧཱུྃ། དོན་རྟོགས་པ་ཡི་བཟླས་པ་ནི། །ངོ་བོ་ཉིད་མེད་བཟང་པོ་ལས། །དུས་གསུམ་སངས་རྒྱས་ཀྱིས་བརྟགས་པ། །རྡོ་རྗེའི་བཟླས་པར་དེ་བཤད་དོ། །སློང་མོ་ཟ་ཞིང་མི་བཟླ་སྟེ། །མ་སློང་པ་ལའང་ཆགས་མི་བྱ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་སོགས་དང་། དགོངས་པ་ལུང་བསྟན་པའི་རྒྱུད་ལས་དྲངས་པ། མི་རྟོག་དོན་གྱི་དེ་ཉིད་ནི། །རབ་ཏུ་ཕྱེ་ནས་བཤད་པར་བྱ། །བརྗོད་པ་དམིགས་པར་བཅས་པ་དང་། །བརྡར་གྱུར་པ་དང་དོན་དམ་མོ། །ཚིག་གི་བརྗོད་པ་


JKT005_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་སྟེ། །དམིགས་པར་བཅས་པ་སངས་རྒྱས་ཉིད། །སྔགས་ཀྱི་དེ་ཉིད་བརྡ་རུ་བཤད། །དོན་དམ་དེ་བཞིན་ཉིད་ཡིན་ནོ། །དང་པོ་གཅིག་ནི་དགུ་དབུས་ན། །སོགས་ཀྱིས་སྔགས་སུ་བསྟན། འོག་དང་སྟེང་དུ་བཅས་པ་ནི། །ཤེས་ནས་བློ་ཡིས་ངེས་པར་སྦྱར། །བརྗོད་པ་ཡི་ནི་སྔགས་འདི་དག །དངོས་མེད་ངོ་བོ་ལས་བྱུང་བའོ། །དེ་ནི་ཡོངས་སུ་གྱུར་པའི་གཟུགས། །ལྷ་རུ་ཉེ་བར་མཚོན་པ་གང་། །དེ་ནི་ཉེ་བར་དམིགས་པའོ། །བརྡ་ནི་དེ་ཉིད་གསུམ་གནས་པ། །རང་བཞིན་བཟླས་པའི་མཚན་ཉིད་དོ། །ཨེ་ཡིག་བཤད་པའི་ཡེ་ཤེས་ནི། །སངས་རྒྱས་ཀུན་གྱི་སྙིང་པོར་གྱུར། །ཨོཾ་གྱིས་སེམས་ཅན་ཡང་དག་སྡུད། །སངས་རྒྱས་སྐུ་ནི་རབ་ཏུ་བརྟག །ཧཱུྃ་གིས་སེམས་ཅན་ཡང་དག་སྤྲོས། །སངས་རྒྱས་ཐུགས་སུ་རབ་ཏུ་བརྟག །ཨཱཎཡིས་གནས་པར་གྱུར་པའོ། །སངས་རྒྱས་གསུང་དུ་རབ་ཏུ་བརྟག །འཇུག་པ་ཉིད་དང་གནས་པ་དང་། །ལྡང་བ་ཡི་ནི་རིམ་པས་ཀྱང་། །ཤེས་རབ་ཐབས་ཀྱི་གཞིར་གནས་ཏེ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བསྡུས་པ་ནི། །སྦྱོར་བཞི་བསྡུས་པ་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་དབྱུ་གུ། བཞིའི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །


JKT005_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། འདུས་རྒྱུད་ཕྱི་ན་འབྲངས་པ་དག །རིག་པའི་ཆོ་ག་འདི་ཡིས་ནི། །ཐུན་མཚམས་བཞི་ནི་རབ་སྦྱོར་བས། །གྲངས་འབུམ་གྱི་ནི་མཚན་ཉིད་ཅན། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་དང་། བསྒོམ་པ་ཡི་ནི་བར་ཆད་ཅན། །རྣལ་འབྱོར་ཕྱི་རོལ་བཟླས་པ་སྤངས། །སྔགས་དོན་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་བདག་ཉིད་ཇི་ལྟར་བཟླ། །ཞེས་དང་། གསུང་གི་རྡོ་རྗེ་སྒྲུབ་པ་སྟེ། །འདིས་ནི་སྔགས་ཀྱི་དེ་ཉིད་གསལ། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །འཇུག་གནས་ལྡང་གསུམ། སེམས་ཙམ་ལ་ནི་ངེས་པར་སྦྱར། །ཞེས་དང་། རི་དབང་རྩེ་ནས་འགའ་ཞིག་ལྟུང་གྱུར་ན། །ལྟུང་བར་མི་འགྱུར་བསམས་ཀྱང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་དང་། ཁྲི་ཕྲག་གཉིས་དང་ཆིག་སྟོང་དང་། །དེ་བཞིན་དུ་ནི་བརྒྱ་ཕྲག་དྲུག །རྣལ་འབྱོར་དབང་པོ་ཉིན་མཚན་གྱིས། །བཟླས་བརྗོད་ཀྱི་ནི་གྲངས་བྱེད་དོ། །ཞེས་སོ། ༈ །རིམ་པ་གཉིས་པའི་དགོངས་པ་བླ་མེད་ཀྱི་རིམ་པར། ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །ཕྱག་འཚལ་ཕྱག་འཚལ་ཕྱག་འཚལ་འདུད། །ཇི་ལྟར་བསྟོད་ཅིང་ཕྱག་འཚལ་བ། །གང་ལ་བསྟོད་ཅིང་གང་གིས་བསྟོད། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་རིག་ཡེ་ཤེས་ནི། །ལེགས་


JKT005_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་གང་ཡིན་འདི་ཕྱག་ཡིན། །འོན་ཀྱང་ཀུན་མཁྱེན་མ་ཐོབ་བར། །དེ་ནི་ཉེ་བར་དམིགས་མི་འགྱུར། །མུན་ནག་རབ་རིབ་ཀྱིས་ཁེབས་པ། །དྲིན་གྱིས་སྣང་བ་འཐོབ་པར་འགྱུར། །སྟོང་ཉིད་། ཤིན་ཏུ་སྟོང་པ་དང་། །གསུམ་པ་ཆེན་པོ་སྟོང་པ་དང་། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ། །ཤེས་རབ་ཐབས་སུ་སྦྱོར་བ་ལས། །རྫོགས་པ་ཉེ་བར་འཐོབ་པར་འགྱུར། །ཐམས་ཅད་སྟོང་པ་འོད་གསལ་བ། །རྒྱུ་ཡི་རིམ་པ་རྣམ་དག་པ། །རྣམ་ཤེས་གསུམ་པོ་སྦྱོར་བ་དང་། །སྟོང་པ་གསུམ་ནི་མཉམ་སྦྱོར་བས། །བླ་མེད་གོ་འཕང་འཐོབ་པར་འགྱུར། །ཞེས་སོགས་ཀྱིས་སྣང་མཆེད་། ཐོབ་པའི་ཡེ་ཤེས་ཀྱི་མཚན་ཉིད་གསལ་བར་བསྟན་ནས། སྣང་དང་སྣང་བ་མཆེད་པ་དང་། །དེ་བཞིན་སྣང་བ་ཉེར་ཐོབ་པའི། །སེམས་ནི་རྣམ་པ་གསུམ་བཤད་ནས། །དེ་ཡི་སྒྲུབ་པ་བརྗོད་པར་བྱ། །རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །གང་ཚེ་སྣང་བ་ལྡན་གྱུར་ཅིང་། །རླུང་གི་བཞོན་པ་ཉིད་གྱུར་པ། །དེ་ཚེ་རང་བཞིན་དེ་དག་ཀུན། །མ་ལུས་ལུས་པ་མེད་པར་འབྱུང་། །རླུང་ནི་གང་དང་གང་གནས་པ། །རང་བཞིན་དེ་དང་དེ་འབྱུང་འགྱུར། །ཇི་སྲིད་རླུང་ནི་མི་རྒྱུ་དང་། །སྣང་བ་མི་གཡོ་བར་གྱུར་


JKT005_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ། །སྣང་བ་གཉིས་ཀྱི་རྒྱུར་གྱུར་པ། །བདག་གི་དངོས་པོ་རྣམ་པར་བརྟག །ཇི་ལྟར་སྣང་བ་ཐོབ་པ་ལྟར། །གཉིས་ཀའི་ཡན་ལག་ཉིད་དུ་འགྱུར། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །འདོད་ཆགས་ཉིད་དང་ཆགས་བྲལ་དག །དེ་ཡི་བར་ཏེ་གསུམ་པོ་ནི། །དབང་པོ་གཉིས་ནི་མཉམ་སྦྱོར་བའི། །རྡོ་རྗེ་པདྨ་འདུས་ལས་སོ། །ཞེས་སོགས་དང་། གང་ཞིག་ཆུ་སྐྱེས་རྡོ་རྗེ་སྦྱོར། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། །ལན་གཅིག་ཙམ་ཞིག་མྱང་ནས་ཀྱང་། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཡེ་ཤེས་འཇུག་པའི་ངོ་བོ་ཡི། །དབྱེ་བ་ཇི་བཞིན་ཤེས་བྱ་ལ། །རང་གི་དེ་ཉིད་སླར་ཡང་ནི། །རྟག་ཏུ་རྣལ་འབྱོར་པས་མཚོན་བྱ། །ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང་། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བར་ནི་ཞུགས་པར་འགྱུར། །དེ་འདྲའི་རང་བཞིན་མ་ཤེས་པས། །མི་ཤེས་མུན་པས་ཁེབས་པ་ནི། །དགེ་དང་མི་དགེའི་ལས་བྱས་ནས། །འགྲོ་བ་ལྔར་ནི་འཁོར་བར་འགྱུར། །ཞེས་སོགས་དང་། ད་ནི་ཡོངས་རྫོགས་རྣལ་འབྱོར་གྱི། །གསལ་བ་རུ་ནི་


JKT005_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་བྱ་སྟེ། །སྟོང་པ་གསུམ་གྱི་རྣམ་དག་གང་། །འོད་གསལ་བར་ནི་འདིར་བཤད་དོ། །ཐམས་ཅད་སྟོང་པར་དེ་བརྗོད་དོ། །ཡེ་ཤེས་གསུམ་ནི་རྣམ་དག་པ། །ཡེ་ཤེས་དག་ནས་དེ་ཉིད་རྟོགས། །ཐམས་ཅད་མཁྱེན་པ་བླ་ན་མེད། །འགྱུར་བ་མེད་ཅིང་སྣང་བ་མེད། །གཉིས་མེད་མཆོག་ཏུ་ཞི་བ་ནི། །ཡོད་དང་དེ་བཞིན་མེད་པ་དང་། །དེ་ནི་ཚིག་གི་སྤྱོད་ཡུལ་མིན། །དེ་ནས་འོད་གསལ་དག་པ་ལ། ཡེ་ཤེས་གསུམ་ནི་འབྱུང་འགྱུར་ཏེ། །སུམ་ཅུ་རྩ་གཉིས་མཚན་འབར་ཞིང་། །དཔེ་བྱད་བཟང་པོ་བརྒྱད་ཅུར་གྱུར། །རྣམ་པ་ཀུན་ཏུ་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པ་དེ་ནས་འགྱུར། །ཞེས་སོགས་ལུང་དང་བཅས་ཏེ་རྒྱ་ཆེར་གསུངས་མཐར། གཟོད་ནས་དག་པའི་རང་བཞིན་ཅན། །ངོ་བོ་ཉིད་ཀྱིས་དེ་གྲུབ་ན། །བསླབ་པའི་སྦྱོར་བས་ཅི་ཞིག་བྱ། །རྟོག་ལས་དེ་བཞིན་ཉིད་མི་སྐྱེ། །གང་ཞིག་དེ་ལྟར་འདིར་རྟོགས་ན། །ཡེ་ཤེས་རིམ་པ་སྤངས་པ་ཉིད། །དེ་ཡི་དབྱེ་བ་མི་ཤེས་པས། །སླར་ཡང་སློབ་པར་འགྱུར་བ་ཡིན། །ཞེས་སོགས་ཀྱིས་རང་བཞིན་བརྒྱད་ཅུ་འགགས་པའི་སྣང་གསུམ་གྱི་ཡེ་ཤེས་སྔོན་དུ་འགྲོ་བས་མཐར་གྱིས་ཐམས་ཅད་སྟོང་བ་དོན་གྱི་འོད་གསལ་གྲུབ་ཅིང་། དེ་ཡང་ཕྱག་རྒྱ་ལས་དྲངས་པ་ཉིད་ལན་གཅིག་ཉམས་སུ་མྱོང་ནས་ཕྱིས་རང་གིས་བསྟེན་གོམས་བྱ་བར་བཤད་དོ། །གསུམ་པ་ཀུན་རྫོབ་སྒྱུ་མ་བདག་བྱིན་


JKT005_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་པའི་རིམ་པ་ལས་བདག་བྱིན་བརླབས་པའི་རིམ་པ་ཞེས། །ཀུན་རྫོབ་བདེན་པ་བསྟེན་པ་སྟེ། །དེ་ནི་བླ་མའི་དྲིན་དག་གིས། །འཐོབ་པར་འགྱུར་གྱི་གཞན་དུ་མིན། །བདག་ལ་བྱིན་གྱིས་བརླབས་པའི་རིམ། །གང་གིས་རྙེད་པར་མ་གྱུར་པས། མདོ་སྡེ་རྒྱུད་དང་རྟོག་པ་ལ། དེ་ཡི་ངལ་བ་དོན་མེད་འགྱུར། །བདག་ལ་བྱིན་རླབས་རིམ་ཐོབ་པའི། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐེ་ཚོམ་མེད་པར་འཐོབ་པར་འགྱུར། །བདག་བྱིན་བརླབས་པའི་ཏིང་འཛིན་དང་། །དེ་བཞིན་འོད་གསལ་བ་ཡི་གནས། །རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །བདེན་པ་གཉིས་སུ་བསྟན་པ་ཡིན། །བདག་བྱིན་བརླབས་པའི་རིམ་གྱིས་ནི། །འོད་གསལ་བ་ནི་འཐོབ་པར་འགྱུར། །དེ་བས་རྡོ་རྗེ་སློབ་དཔོན་གྱིས། །དང་པོར་བདག་བྱིན་བརླབས་པ་བསྟན། །འགྲོ་ཀུན་རང་དབང་མེད་པ་དེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བར་འཆིང་བས་བཅིང་བར་འགྱུར། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །སོགས་ནས། དེ་ཉིད་རླུང་དང་ཡང་འོད་གསལ་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང་། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །


JKT005_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདིར་བཤད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང་། །སོགས་ནས། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བའོ། །དངོས་དང་དངོས་མིན་ལས་གྲོལ་བ། །རྡོ་རྗེ་སེམས་དཔའ་ལོགས་བྲིས་ལ། །མེ་ལོང་དྲི་མ་མེད་པ་ལ། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་བལྟ་བས་མི་ངོམ་པ། །སློབ་མ་བཟང་པོ་དེ་ལ་བསྟན། །བདག་བྱིན་བརླབས་ཞེས་དེ་བཤད་དོ། །སྒྱུ་མར་བསྟན་པའི་མཚན་ཉིད་ཀྱིས། །དེ་ཉིད་ཉེ་བར་མཚོན་པ་སྟེ། །ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་གྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །སོགས་དང་། རྡོ་རྗེ་ཐེག་པ་དེ་ཉིད་དུ། །འདིར་ནི་མང་དུ་བཤད་ཅི་དགོས། །རྣལ་འབྱོར་པ་ཡིས་གང་གང་དམིགས། །དེ་དེ་སྒྱུ་མ་ལྟ་བུར་བརྟག །མེ་ལོང་ནང་གི་གཟུགས་བརྙན་དང་། །རྨི་ལམ་སྒྱུ་མ་ཆུ་བུར་དང་། །མིག་འཕྲུལ་མཚུངས་པ་གང་གིས་མཐོང་། །འདི་ནི་གཙོ་བོ་ཡིན་པར་བཤད། །ཅེས་སོགས་དང་། །ལས་དང་ཉོན་མོངས་ལས་ཅན་ལུས། །བྱེད་པ་པོ་དང་འབྲས་བུ་ཉིད། །སྨིག་རྒྱུ་རྨི་ལམ་ལྟ་བུ་དང་། །དྲི་ཟའི་གྲོང་ཁྱེར་


JKT005_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང་མཚུངས། །འདི་འདྲའི་ཏིང་འཛིན་མི་ཤེས་པས། །དངོས་པོ་ལ་ནི་ཉེར་དམིགས་ཏེ། །འདོད་ཆགས་སྣ་ཚོགས་སྐྱེས་པ་རྣམས། །དེ་དག་སྒྱུ་མའི་སྨན་གྱིས་གསོ། །ཞེས་དང་། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ༴ དེ༔ ཡེ་ཤེས་མཆོག་ནི་འཐོབ་པར་འགྱུར། །བླ་མེད་བྱེད་པ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་མཆོད་བྱས་ན། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་གང་ཞིག་ཡོད། །དེ་ཉིད་མི་ཟད་འདོད་པ་ཡིས། །ཤིན་ཏུ་ཁྱད་པར་ཅན་ཉིད་དེ། །དེ་དང་དེ་ནི་བླ་མར་སྦྱིན། །སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོའི་འཇིགས་ལས་ཕ་རོལ་བསྒྲལ། །ཅེས་སོ། ༈ །བཞི་པ་དོན་དམ་འོད་གསལ་མངོན་པར་བྱང་ཆུབ་པའི་རིམ་པར། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་བདག་ཉིད་ཆེ་བའི་ལྷ། །མན་ངག་རྣམས་ནི་རབ་སྟེར་བས། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་དང་། །ཐོག་མར་བྱུང་དང་ཐ་མར་འབྱུང་པའམ། །དབུས་མིན་འབྱུང་བའམ་དབུས་སུ་འབྱུང་བའམ། །མཐའ་མིན་འབྱུང་བའམ་མཐར་ནི་འབྱུང་བ་རྣམས། །དེ་དག་ཐམས་ཅད་སྟོང་པར་དམ་པས་གསུངས། །གང་དུ་འགྲོ་བ་དང་ནི་འོང་མེད་ཅིང་། །ཟད་དང་འཕེལ་མེད་དངོས་དང་དངོས་མེད་མིན། །ངོ་མཚར་གཟུགས་ཅན་ཡིན་


JKT005_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ངོ་མཚར་མིན། །གནས་པར་འགྱུར་མིན་མྱུར་དུ་འགྲོ་བ་མིན། །གང་ཞིག་ཡོད་དང་མེད་པའི་ཐ་སྙད་རྣམས་དང་བྲལ། །བསོད་ནམས་གཟུགས་སུ་མ་ཡིན་སྡིག་པའི་གཟུགས་མ་ཡིན། །སྡིག་གི་བདག་མིན་མཆོག་གྱུར་པ། །དེ་དག་ཐམས་ཅད་སྟོང་པར་སངས་རྒྱས་རྣམས་ཀྱིས་གསུངས། །སོགས་དང་། མན་ངག་ཐོབ་པའི་སློབ་མ་ཡིས། །དེ་ནས་རྣལ་འབྱོར་རྣམ་གཉིས་བསླབ། །རིལ་པོར་འཛིན་པའི་རིམ་པ་དང་། །དེ་བཞིན་རྗེས་སུ་གཞིག་པའོ། །མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་པའི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །རྒྱུ་དང་མི་རྒྱུའི་དངོས་པོ་ཀུན། །དང་པོ་འོད་གསལ་བྱ་བ་སྟེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱེད། །རྗེས་སུ་བཞག་པའི་རིམ་པ་ཡིན། །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ཏུ་ཐིམ་གྱུར་པ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱེད། །འགྲོ་དང་འདུག་དང་ཉལ་དང་ཟ། །མིག་བཙུམ་འབྱེད་དང་རྒོད་པ་ན། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །དེ་ཉིད་རིག་པ་རྟག་ཏུ་གནས། །གཟུགས་བཅས་འོད་ཟེར་དེ་དང་དེ། །རྣམ་ཤེས་རླུང་དང་ལྡན་པ་ཡི། །བདག་བྱིན་བརླབས་པའི་རིམ་གྱིས་ཀྱང་། །སེམས་ཅན་དོན་དུ་ལན་འགའ་འབྱུང་། །ཇི་ལྟར་དྭངས་པའི་


JKT005_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་པ་ལས། །སྒྱུ་འཕྲུལ་དྲྭ་བ་འབྱུང་བར་འགྱུར། །རིགས་ལྔའི་སངས་རྒྱས་ལ་ལྟོས་པའི། །ཕྱག་རྒྱ་ཆེན་པོར་བརྟག་པ་ནི། །འོད་ཟེར་ལྔ་ཡི་འབྱུང་བ་དག །ནམ་མཁའི་འཇའ་ཚོན་དག་དང་མཚུངས། ༈ །ལྔ་པ་བདེན་གཉིས་དབྱེར་མེད་ཟུང་དུ་འཇུག་པའི་རིམ་པར། །འཁོར་བ་སྒྱུ་མ། དང་ནི་མྱ་ངན་འོད་གསལ་འདས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཀུན་ནས་ཉོན་མོངས་རྣམ་པར་བྱང་། །དོན་དམ་ཉིད་དུ་ཤེས་ནས་ནི། །གང་གིས་གཅིག་ཏུ་ཤེས་གྱུར་པ། །དེ་ཡིས་ཟུང་དུ་འཇུག་པ་ཤེས། །སོགས་ནས། །རིལ་པོར་འཛིན་དང་རྗེས་གཞིག་དང་། །འཇུག་དང་དེ་བཞིན་གནས་པ་དང་། །དེ་ནས་གང་དུ་ལྡང་གྱུར་པ། །མཉམ་གྱུར་ཟུང་དུ་འཇུག་པའོ། །ཀུན་རྫོབ་དང་ནི་དོན་དམ་དག ། སོ་སོའི་ཆར་ནི་ཤེས་གྱུར་པ། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་སོགས་དང་། །དྲན་དང་མི་དྲན་ལས་གྲོལ་ཞིང་། །རྟག་ཏུ་འབྱུང་བའི་མཚན་ཉིད་ཅན། །རྣལ་འབྱོར་པ་ནི་འདོད་བཞིན་སྤྱོད། །ཟུང་འཇུག་རིམ་པ་ལ་གནས་པའོ། །ཞེས་དང་། བསྐྱེད་པའི་རིམ་པ་འདི་གཅིག་ཡིན། །གཞན་ཡང་རྫོགས་པའི་རིམ་པ་དག །གཉིས་པོ་གང་དུ་གཅིག་གྱུར་པ། །དེ་ནི་ཟུང་དུ་
འཇུག་པར་བཤད། །སོགས་ཀྱི་མཐར། དེ་ལྟར་གང་གནས་རྣལ་འབྱོར་པ། །ཟུང་འཇུག་རིམ་པ་གནས་པ་སྟེ། །དེ་ནི་ཀུན་མཁྱེན་དེ་ཉིད་མཐོང་། །སྣ་ཚོགས་འཛིན་ཅེས་བརྗོད་པ་ཡིན། །སྒྱུ་འཕྲུལ་དྲྭ་བ་མངོན་སངས་རྒྱས། །འཁོར་བའི་རྒྱ་མཚོའི་ཕ་རོལ་སོན། །བྱ་བ་བྱས་པའི་རྣལ་འབྱོར་ཆེ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །དེ་ཉིད་གཉིས་མེད་ཡེ་ཤེས་ཏེ། །མི་གནས་མྱ་ངན་འདས་པ་ཡིན། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །དེ་བཞིན་ཀུན་གྱི་དབང་ཕྱུག་ཡིན། །རྡོ་རྗེ་ལྟ་བའི་ཏིང་འཛིན་ཡང་། །རྫོགས་པའི་རིམ་གནས་དེ་ཉིད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །གཉིས་སུ་མེད་པར་དེ་བཤད་དོ། །སོགས་རྒྱས་པར་བསྟན་ཏོ། །ཤིན་ཏུ་སྦས་པའི་བདུད་རྩི་ནི། །རིམ་པ་ལྔ་པའི་ཐིགས་པ་ཞིག །བཏུང་ལས་བསོད་ནམས་གང་ཐོབ་དེས། །བླ་མེད་གྲུབ་པའི་སྲོག་འཛིན་ཤོག །སརྦ་ག་ཏི་སཾ་ཡ་ཐཱ་ཝཛྷནྟུ།།


previousརྣམ་འགྲེལ་བཅུ་གཅིག་གི་ངོས་འཛིན་ནོར་བུའི་གཎྜི། next