Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་རྡོ་རྗེའི་ཚིག་གི་དུམ་བུ་ཞིག་དོན་ཅུང་ཟད་རྒྱས་པར་བཀྲལ་བ་གྲུབ་པའི་ཞལ་ལུང་།
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་རྡོ་རྗེའི་ཚིག་གི་དུམ་བུ་ཞིག་དོན་ཅུང་ཟད་རྒྱས་པར་བཀྲལ་བ་གྲུབ་པའི་ཞལ་ལུང་། next

འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་རྡོ་རྗེའི་ཚིག་གི་དུམ་བུ་ཞིག་དོན་ཅུང་ཟད་རྒྱས་པར་བཀྲལ་བ་གྲུབ་པའི་ཞལ་ལུང་།


JKT005_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་རྡོ་རྗེའི་ཚིག་གི་དུམ་བུ་ཞིག་དོན་ཅུང་ཟད་རྒྱས་པར་བཀྲལ་བ་གྲུབ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ༔ ཤིན་ཏུ་ཕྲ་བའི་རྩ་རྣམས་དྷུ་ཏིར་དག །ཀོ་ཊ་ཁུ་སོགས་འགྲོ་ལྡོག་དབུ་མར་རྫོགས། །ཆར་ཡང་ཛ་ལནྡྷ་རར་སྨིན་པ་ཡི། །ཧེ་རུ་ཀ་དཔལ་ཁྱབ་བདག་བླ་མས་སྐྱོངས། །དེ་ལ་གཉིས་སུ་མེད་པའི་རྒྱུད་སྡེ་ཆེན་པོ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་རྒུའི་


JKT005_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་པའི་དོན་ཅུང་ཟད་བཀྲལ་ན་བཞི་སྟེ། གཞི་སྨིན་བྱེད་དབང་དང་སྦྱར་བ། ལམ་གྲོལ་བྱེད་བསྐྱེད་རྫོགས་དང་སྦྱར་བ། འབྲས་བུ་སྐུ་བཞི་ཟུང་འཇུག་དང་སྦྱར་བ། འཕྲོས་དོན་གྱི་ཁྱད་པར་གཞན་དང་སྦྱར་བའོ། །དང་པོ་ལ་གསུམ། གང་དུ་དབང་བསྐུར་བའི་རྟེན། ཇི་ལྟར་དབང་བསྐུར་བའི་ངོ་བོ་དང་། དབང་སོ་སོའི་རང་འབྲས་དང་སྦྱར་བའོ། །དང་པོ་ནི། འཇིག་རྟེན་གསུམ་ན། ཞེས་སྨོས་ཏེ། དེ་ཡང་སྤྱིར་འཇིག་རྟེན་གསུམ་ལ་འཇུག་ཚུལ་མང་ཡང་། འདིར་ཕྱི་ལྟར་ན་འདོད་གཟུགས་གཟུགས་མེད་ཁམས་གསུམ་སྟེ། དེ་ཉིད་ཁྱད་པར་ནང་ལྟར་དུ་སྦྱར་ན། ལུས་ངག་ཡིད་གསུམ་སྟེ། སོ་སོའི་མཚུངས་ཆོས་ཇི་ལྟར་སྦྱོར་སྙམ་ན། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་གཉིས་སུ་མེད་པ་ཕྲ་བ་གཉུག་མའི་ལུས་དང་། དེ་ལས་གཞན་དུ་གྱུར་པ་རགས་པའི་ལུས་སྟེ་འདོད་ཁམས་སྣང་བའི་གྲོང་ཁྱེར་བུམ་དབང་བསྐུར་བའི་རྟེན། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་གཉུག་མའི་ངག་དང་། རག་པ་འགྲོ་འོང་རླུང་གི་རྒྱུ་བ་གཟུགས་ཁམས་ཕྱེད་སྣང་གི་གྲོང་ཁྱེར་གསང་དབང་བསྐུར་བའི་རྟེན། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དང་གཉིས་སུ་མེད་འོད་གསལ་གྱི་སེམས་དང་། ཐ་མལ་རྣམ་པར་རྟོག་པ་ས་བོན་དང་བཅས་གཟུགས་མེད་ཁམས་མི་སྣང་བའི་གྲོང་


JKT005_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ཤེར་དབང་དང་བཞི་པའི་རྟེན་དུ་གྱུར་པ་དང་། གཞན་ཡང་འདོད་ཁམས་འཁྱུད་པ་དང་། གཟུགས་ཁམས་ལག་བཅངས་དང་། གཟུགས་མེད་ཁམས་དགོད་པ། ཁམས་གོང་མ་བལྟ་བའི་བདེ་བ་བཞི་ལམ་དུ་བྱས་ནས་དབང་བཞི་བསྐུར་དགོས་པ་སོགས་སོ་སོའི་མཚན་ཉིད་རྒྱས་པར་བཤད་དུ་ཡོད་ཀྱང་འདིར་དེ་ཙམ་དུ་བསྡུས་ནས་གཉིས་པ་ནི། གཞོན་ལུས་གཅིག་ཞེས་པ་ནས། སྡུག་གུ་ཞེས་པའི་བར་གྱིས་བསྟན་ཏེ། འདི་ལ་བཞི། དང་པོ་བུམ་དབང་ལ་གཞོན་ནུ་ཞེས་སྨོས་པ་ནི། དབང་ཐམས་ཅད་ཀྱི་ཐོག་མ་ཡིན་པའི་ཕྱིར་དང་། འདི་སྔོན་དུ་མ་སོང་བར་འོག་མ་རྣམས་མི་འབྱུང་བའི་མཚོན་དཔེར་བྱས་བ་སྟེ། སྤྱི རྒྱུད་གཞན་ལས་ཀྱང་དང་པོའི་དབང་ཞེས་སྨོས་པའི་ཕྱིར་དང་། དཔལ་ལྡན་དུས་ཀྱི་འཁོར་ལོ་ལས་ཀྱང་དམིགས་ཀྱི་གསལ་བར་གསུངས་སོ། །དེས་རང་འབྲས་ནི་ལུས་གཅིག་པུ་དག་པར་བྱེད་པའི་ཕྱིར་ན་དེ་སྐད་དུ་བརྗོད་པའོ། །གཉིས་པ་གསང་བའི་དབང་ལ་གནས་བརྟན་ཞེས་བརྗོད་པ་ནི། ཀྱེ་ཊ་སྦྲ་ན་ཞེས་པའི་སྒྲ་ལས་དྲངས་ལ། །གནས་ནི་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་གྱི་ཁྱད་པར་སྤྱི་བོ་ཛ་ལནྡྷཱར་ལ་སོགས་པ་སྟེ། དེར་བྱེད་པ་བསྡམས་པའི་ཐབས་མཁས་ཀྱིས་རླུང་ཡིད་སེམས་གསུམ་བསྟན་པར་བྱེད་པ་ནི་བདག་བྱིན་གྱིས་བརླབས་པའི་རིམ་པའོ། །དེ་ནི་གང་ལས་འབྱུང་ན་གསང་དབང་གི་རྗེས་སུ་སྐྱེས་བའི་ཕྱིར་རོ། །


JKT005_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་པོ་ནི་བུམ་དབང་གཞོན་ནུ་ལྟ་བུ་ལས་གོང་དུ་གྱུར་པའི་སླད་དོ། །སྐྱེ་རྒུའི་བདག་ཞེས་སྨོས་པ་ནི། སྐྱེ་བ་ཡོད་དོ་ཅོག་སྟེ་སྒོ་གསུམ་འཕེལ་བྱེད་ཀྱི་རྩ་བ་རླུང་ཁོ་ན་ལས་གྲུབ་པའི་ཕྱིར། འདིས་དེ་འཆིང་བར་བྱེད་པས་ན་བདག་པོའོ། །གསུམ་པ་ཤེར་དབང་ལ། སུམ་ཅུ་རྩ་གཉིས་ནི། དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་དང་། ལྷན་གཅིག་སྐྱེས་ཀྱི་དགའ་བ་བཞི་ལའང་། དགའ་བའི་དགའ་བའི་དགའ་བ་སོགས་བཞི་བཞིར་ཕྱེ་བའི་བཅུ་དྲུག་ཉིད། ཐབས་དང་། ཤེས་རབ་ཀྱི་དབྱེ་བས་སོ་གཉིས་ཏེ། དེ་ཉིད་ཤེར་དབང་གིས་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་རྐྱེན་གྱིས་གནས་བཞིར་དྭངས་པའི་མཚན་མ་ལས་བྱུང་བ་དང་། ནང་འཛིན་པར་བྱེད་པ་ནི་དབང་འདི་འཛིན་པའི་སྔགས་རིག་གྲུབ་པ་ལ་འོས་པའི་ཕྱིར་རོ། །དབང་བཞི་པ་ནི། སྡུག་གུ་ཞེས་པ་སྟེ། སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་མཛའ་བས་སྙིང་ལ་འི དམ་དུ་འཁྱུད་པའི་སྤྲོས་བྲལ་གྱི་ཡེ་ཤེས་མངོན་སུམ་པ་ནི་གསུམ་པའི་དུས་དང་བཞི་པའི་ཐབས་དང་། བདག་ཉིད་ཀྱི་བསོད་ནམས་ལས་འབྱུང་བའི་ཕྱིར་རོ། །འདིར་སྡུག་གུ་ཞེས་སྨོས་པའི་ཞར་ལ་ཐབས་ཀྱང་འདྲེན་པ་སྟེ་གཞན་དུ་ཡ་བྲལ་གྱི་ལམ་ནི་རྡོ་རྗེ་ཐེག་པ་ལྟ་ཅི་སྨོས། ཕ་རོལ་ཏུ་ཕྱིན་པ་ལའང་མ་གསུངས་ཏེ། སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་། །ཞེས་སྨོས་པའི་ཕྱིར་རོ། །


JKT005_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། འཇིག་རྟེན་གསུམ་ན་མཛེས། །ཞེས་སྨོས་ཏེ། སྔར་བཤད་པ་ལྟར་རགས་པ་འཁྲུལ་པའི་ལུས་ངག་ཡིད་གསུམ་དྲི་མ་དང་བཅས་པ་སྦྱངས་ནས། ཕྲ་བ་གཞོན་ནུའི་ལུས་ངག་ཡིད་གསུམ་མངོན་དུ་བྱེད་པས་རྡོ་རྗེ་གསུམ་གྱི་རང་བཞིན་གྲུབ་པའི་ལང་ཚོ་གསར་པས་མཛེས་པའོ། །དབང་དང་སྦྱར་བ་བསྟན་ཟིན་ཏོ། །གཉིས་པ་ལ་གཉིས། རིམ་པ་དང་པོ་དང་སྦྱར་བ། རྫོགས་པའི་རིམ་པ་དང་སྦྱར་བའོ། །དང་པོ་ནི། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཅེས་པས་བསྟན་ཏེ། འདི་ལ་གཉིས། རགས་པ་བསྐྱེད་རིམ་དང་སྦྱར་བ་དང་། ཕྲ་བ་སེམས་འཛིན་གྱི་རིམ་པ་གཞན་དང་སྦྱར་བའོ། །དང་པོ་ལ། སྤྱིར་ཕ་རྒྱུད་ལྟར་རྡོ་རྗེའི་ཆོ་ག་གསུམ་དང་། མ་རྒྱུད་ལྟར་མངོན་བྱང་ལྔ་སྟེ། །དང་པོ་ནི། སངས་རྒྱས་ཐམས་ཅད་ཀྱི་མཚན་དཔེ་སྒྲུབ་པར་བྱེད་པའི་གཞི་ལས། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྙིང་སྟོབས་ཀྱི་འཇིག་རྟེན་ལམ་དུ་ཁྱེར་ན་འདོད་ཁམས་ཀྱི་བག་ཆགས་སྦྱང་བར་བྱེད་པ་ཕྱག་རྒྱའི་ཆོ་ག །གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་རྡུལ་གྱི་འཇིག་རྟེན་ལམ་དུ་བྱས་ནས་གཟུགས་ཁམས་ཀྱི་བག་ཆགས་སྦྱོང་བར་བྱེད་པ་ཡིག་འབྲུའི་ཆོ་ག །ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་མུན་པའི་འཇིག་རྟེན་ལམ་དུ་བྱས་ནས་གཟུགས་མེད་ཁམས་ཀྱི་བག་ཆགས་སྦྱོང་བར་བྱེད་པ་ཕྱག་མཚན་གྱི་ཆོ་གའོ། །གཉིས་པ་ནི། ཧེ་བཛྲ་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །


JKT005_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་སོར་རྟོག་སྟེ། །རྫོགས་པར་བྱ་བ་ནན་ཏན་དང་། །ཐམས་ཅད་གཅིག་གྱུར་ཆོས་དབྱིངས་དངོས། །ཞེས་གསུངས་པའི་ཟླ་ཉི་ཕྱག་མཚན་ས་བོན་སྐུ་ཡོངས་རྫོགས་ལ་སེམས་བཟུང་བའི་དབང་དུ་བྱས་ཏེ། ཟླ་བ་ནི་སྙིང་སྟོབས། ཉི་མ་ནི་རྡུལ། གཞན་རྣམས་མུན་པ་ལ་སྦྱོར་རོ། །ཁྱད་པར་གྱི་ལམ་ཁྱེར་ནི། ཕྱི་ནང་སྣོད་བཅུད་བརྟན་གཡོ་དང་བཅས་པའི་གཟུགས་སུ་སྣང་བ་ཐམས་ཅད་གདན་གསུམ་སྒྱུ་འཕྲུལ་དྲྭ་བའི་ལྷ་སྐུ་ཉག་གཅིག་ཏུ་དག་པ་དང་། ཁམས་མངོན་པར་འདུ་བྱས་པ་དང་། མ་བྱས་པ་ལས་བྱུང་པའི་སྒྲ་སྐད་ཐམས་ཅད་སྐྱེ་མེད་གཉུག་མ་ནཱ་དའི་རང་མདངས་གཞོམ་གཞིག་དང་བྲལ་བའི་སྔགས་སུ་རྫོགས་པ། རྟོག་པ་དང་དཔྱོད་པ་ནི་ས་བོན་མཚུངས་པར་ལྡན་པ་སེམས་དང་སེམས་བྱུང་གི་ཆོས་ཁམས་ཐམས་ཅད་ཉག་གཅིག་སྐྱེས་པ་འོད་གསལ་བའི་དབྱིངས་སུ་སྨིན་ཏེ། རྡུལ་མུན་སྙིང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་ཐམས་ཅད་དུ་འཆར། ཡང་དག་གཉུག་མའི་རྡོ་རྗེ་གསུམ་མངོན་དུ་བྱེད་པའོ། །གཉིས་པ་ནི། གཞོན་ལུས་གཅིག་ཅེས་པ། དེ་ལྟར་སྤྱིར་བསྐྱེད་རིམ་གྱི་རྣམ་གྲངས་ལ་མཐའ་ཀླས་མོད་ཀྱང་། རྫོགས་རིམ་གྱི་རྟེན་དུ་ངེས་པར་གཅེས་པ་ནི་ཕྲ་ཐིག་གི་རྣལ་འབྱོར་ཏེ། དེ་ཉིད་རྫོགས་རིམ་གཉིས་པའི་འཇུག་སྒོར་གྱུར་པས་གཞོན་ནུ་དང་། སྤྱི་བོའམ། སྙིང་གའམ།


JKT005_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་རྩེ་སོགས་གང་ཡང་རུང་བར་ཕྲ་བའི་ཐིག་ལེ་གཉུག་མའི་ལུས་གཅིག་པུ་དེ་ལ་ཡིད་འཛིན་ཅིང་སྡུད་བར་བྱེད་པའི་དོན་ཏེ། །གཉིས་པ་ལ་གསུམ། གསང་དབང་གི་ལམ་བདག་བྱིན་གྱིས་བརླབས་པ་དང་། ཤེར་དབང་གི་ལམ་ཕྱག་རྒྱ་བརྟེན་པ་དང་། དབང་བཞི་པའི་ལམ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་ངེས་པར་བྱ་བ་དང་སྦྱར་བའོ། །དང་པོ་ནི། གནས་བརྟན་རྒན་པོ་སྐྱེ་རྒུའི་བདག །ཅེས་པ་སྟེ། འདིར་གནས་ནི་ཡང་དག་པའི་ཐར་པ་སྟེར་བར་བྱེད་པའི་ལམ་ཨ་ཝ་དྷུ་ཏིའོ། །དེར་སྦྱོར་བ་བཞི་དང་ལྡན་པའི་གནད་ཀྱིས་སྲོག་རྩོལ་གྱི་རླུང་ཁ་སྦྱོར་དུ་བརྟན་པར་བྱས་པས། སྔར་བསྐྱེད་རིམ་གྱི་སེམས་འཛིན་སྣ་ཚོགས་པས་དུབ་པའི་རླུང་སེམས་གཞོན་ནུ་ལྟ་བུ་ཉིད། འོད་གསལ་བའི་དབྱིངས་སུ་འདྲེས་ཏེ་གཟུང་འཛིན་གྱི་འཇུག་ལྡང་དང་བྲལ་བའི་ཕྱིར་རྒན་པོ། དེ་ཉིད་སྣང་ཤེས་ཀྱི་ཉམས་དང་། ཕྱི་ནང་གི་དྲོད་ཕལ་ཆེར་སྐྱེ་བའི་བདག་པོར་གྱུར་པ་སྟེ། དེ་སྐད་དུ་ཡང་། སྦྱོར་བ་རྣམ་བདུན་གཙོ་བོ་བུམ་པ་ཅན། །སངས་རྒྱས་ལམ་ནི་ཁ་སྦྱོར་དག་ལ་གནས། །འདི་ནི་འཆི་བ་མེད་པའི་བཅུད་ལེན་ཏེ། །འདི་ནི་རྒས་པ་མེད་པའི་སྨན་གྱི་མཆོག །མཐུ་སྟོབས་དུ་མ་སྒྲུབ་པར་བྱེད་པའང་འདི། །རིམ་གཉིས་རྟེན་འབྲེལ་བརྟན་པར་བྱེད་པའང་འདི། །ཞེས་སོ། །གཉིས་པ་ནི། སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་པ་སྟེ། དེ་ནས་དངོས་


JKT005_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སམ་ཡིད་ཀྱི་རིག་མ་ལ་འདུ་ཤེས་གསུམ་ལྡན་གྱི་སྙོམས་པར་ཞུགས་ཏེ་བསྲུབས་དང་བསྲུབས་པའི་སྦྱོར་བས་བདེ་ཆེན་འཁོར་ལོའི་ཟླ་བ་ཞུ་བ་གནས་བཞིར་སོན་པ་ཉིད་དབབ་བཟློག་དགྲམ་བསྐྱིལ་གྱི་གནད་ལ་བརྟེན་ནས། ལུས་ཐམས་ཅད་རྩ་ཡིས་ཁྱབ་ཀྱང་། རྩ་ཐམས་ཅད་ཀྱི་གཙོ་མོ་སུམ་ཅུ་རྩ་གཉིས་ཡིན་ལ། དེ་ཀུན་ཁམས་བྱང་ཆུབ་སེམས་ཀྱིས་ཁྱབ། དེར་བདེ་བས་ཁྱབ། བདེ་བ་དེས་དྲངས་པའི་སྟོང་ཉིད་ཀྱིས་རྒྱས་ཐེབས་པས་འོད་གསལ་གཟུང་འཛིན་དང་བྲལ་བའི་མཚན་མ་འཆང་བར་བྱེད་པས་ན་དཔེ་ཡི་ཡེ་ཤེས་མངོན་དུ་གྱུར་པའོ། །གསུམ་པ་ནི། སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་པ་སྟེ། དེ་ལྟ་བུའི་ཞུ་བདེའི་སྡུག་གུས་ཕུང་ཁམས་སྐྱེ་མཆེད་གྱི་སྣང་ཆ་ཐམས་ཅད་དམ་དུ་འཁྱུད་པ་ལས་གཟུང་བ་འཛིན་པ་ཐམས་ཅད་ལས་འདས་པ། རྡུལ་དང་། ཤེས་བྱ་དང་། སྤྲོས་པའི་མཚན་མ་ལས་རིང་དུ་བརྡལ་བའི་དོན་གྱི་ཡེ་ཤེས་འགྱུར་བ་མེད་པའི་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུར་མཐོང་བ་སྟེ། དེ་ཉིད་ཁུ་རྡུལ་རླུང་གི་འཇིག་རྟེན་གསུམ་རྣམ་པར་དག་པའི་སྐུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ངོ་བོ་ཉིད་དུ་གྱུར་པས། སྲིད་པ་དང་ཞི་བའི་ཕ་མཐར་མི་གནས་པའི་མྱ་ངན་ལས་འདས་པའི་སར་མཛེས་པའོ། །ལམ་དང་སྦྱར་བ་བསྟན་ཟིན་ཏོ། །གསུམ་པ་ལ་བཞི་སྟེ། དེ་ལྟར་གཞི་མ་ནོར་བའི་


JKT005_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཐོང་བ་དང་། ལམ་བསྒོམས་པས་གློ་བུར་བསལ་རུང་གི་སྒྲིབ་པ་ཐམས་ཅད་སྦྱངས་ཏེ། རང་གི་ངོ་བོའི་བཞུགས་ཚུལ་ཇི་ལྟ་བ་མངོན་དུ་གྱུར་པ་ནི་སྐུ་གསུམ་དབྱེར་མེད་པའི་བདག་ཉིད་ཆེན་པོ་སྟེ། དེ་ལ་དབྱེ་ན་བཞི་ལས། དང་པོ་ནི། ཆོས་ཀྱི་སྐུ་ནི། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཅེས་པ་སྟེ། འབར་གཡོ་བརྟན་པའི་འཇིག་རྟེན་གསུམ་གྱི་དབུས་ན་གནས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་སྒྲིབ་གཉིས་ཀྱི་བགྲེས་རྒུད་སྤངས་པས་དག་པ་གཉིས་ལྡན་གྱི་གཞོན་ནུར་གྱུར་པའི་ཡེ་ཤེས་ཀྱི་ལུས་བྲལ་སྨིན་གྱི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་གཅིག་པུར་གྱུར་པ་ནི་ཤིན་ཏུ་ཞི་བ་ཆོས་ཀྱི་སྐུའོ། །གཉིས་པ་ལོངས་སྤྱོད་རྫོགས་སྐུ་ནི། གནས་བརྟན་རྒན་པོ་སྐྱེ་རྒུའི་བདག །ཅེས་པ་སྟེ། འདི་ལ་གཉིས། དང་པོ་ངེས་པ་ལྔ་དང་སྦྱར་ན། གནས་ཞེས་པས་གནས་ངེས་པ་འོག་མིན་སྟུག་པོ་བཀོད་པར། བརྟན་པ་ཞེས་དུས་ངེས་པ་འཕོ་འགྱུར་དང་བྲལ་བའི་རྟག་པ་རྒྱུན་གྱི་འཁོར་ལོ། རྒན་པོ་ཞེས་པ་སྟོན་པ་ངེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་ཅིང་། ས་ལམ་མཐའ་དག་གི་རྩེ་མོར་གཤེགས་པས་སློབ་པའི་ལམ་ཀུན་ལས་རྒན་པོར་གྱུར་པ། སྐྱེ་རྒུ་ཞེས་པས་འཁོར་ངེས་པ་སངས་རྒྱས་ཀྱི་གསུང་ལས་སྐྱེས་པའི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡོད་དོ་ཅོག །བདག་ཅེས་པས་ཆོས་ཕུན་སུམ་ཚོགས་པ་ཐེག་


JKT005_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་དང་། གྲུབ་མཐའ་ཐམས་ཅད་དང་། ལམ་ཐམས་ཅད་ཀྱི་རྩ་བར་གྱུར་པའི་བདག་ཉིད་བླ་མེད་རྡོ་རྗེའི་རྒྱུད་སྡེ་འབའ་ཞིག་བསྟན་པར་མཛད་པ་ནི་ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ། །གཉིས་པ་ཁ་སྦྱོར་ཡན་ལག་བདུན་ལྡན་དང་སྦྱར་ན། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་དང་འགོག་པ་མེད། །ཡན་ལག་བདུན་བཤད་དོན་དང་ལྡན་པ་བསྒྲུབ་བྱ་འདིར། །བདག་འདོད་ཚད་མས་ཡོངས་བསྒོས་བློ་ཆེན་གྱིས་ཀྱང་བསྔགས། །ཞེས་པ་སྟེ། གནས་ཞེས་པ་སྦྲ་ནའི་སྒྲ་ལས་དྲངས་ན་འཕོ་བ་མེད་པ་སྟེ། དུས་རྟག་ཏུ་ཡོན་ཏན་ཡོངས་སུ་གང་བ་ལོངས་སྤྱོད་པར་གཡོ་བ་མེད་པ་དང་། བརྟན་པ་ནི་ཤེས་རབ་གྱི་དགའ་མས་རྟག་ཏུ་འཁྱུད་པའི་རོས་སིམ་པས་གཟུང་འཛིན་གྱི་འཆིང་བ་ཕྲ་མོར་བགྱིད་པའི་ཕྱིར་ཁ་སྦྱོར། རྒན་པོ་ནི། དགའ་བ་གསུམ་ལས་གོང་དུ་གྱུར་པའི་བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་དང་། གཟུང་འཛིན་གྱི་སྤྲོས་པ་ཉེ་བར་ཞི་ནས་ཟུང་འཇུག་ཆེན་པོའི་ངང་དུ་སྡུད་པའི་རང་བཞིན་མེད་པའོ། །སྐྱེ་བ་ནི། སེམས་ཅན་ལ་དམིགས་པ་མེད་པའི་ཟག་བྲལ་གྱི་སྙིང་རྗེ་ཆེན་པོ་སྐྱེ་བས་རྒྱུད་ཡོངས་སུ་གང་བའོ། །རྒུ་ཞེས་པ་ནི། པྲ་ཞེས་པའི་སྒྲ་ལས་དྲངས་ན་མང་ཚིག་སྟེ། འགྲོ་བ་ཀུན་གྱི་ཁམས་དབང་བསམ་པ་དང་འཚམས་


JKT005_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུལ་བྱེད་ཀྱི་ཐབས་མཁས་མཐའ་ཀླས་པ་རྒྱུན་མི་ཆད་པར་སྟོན་པའོ། །བདག་པོ་ནི། ཡེ་ཤེས་དེ་ཉིད་མཉམ་པ་ཉིད་སོགས་ཐམས་ཅད་འཆར་བའི་གཞིར་གྱུར་པས་གཞན་གྱི་དོན་ལ་འགོགས་པ་མེད་པའོ། །གསུམ་པ་སྤྲུལ་སྐུ་ནི། སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་པ་སྟེ། སྔར་སྨོས་པའི་འོག་མིན་དུ་ཆེན་པོར་བཞུགས་པའི་ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཉིད་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ། མཛད་པ་བཅུ་གཉིས་ཀྱི་རྣམ་རོལ་དུ་སྟོན་པ་མཆོག་གི་སྤྲུལ་པའི་སྐུ། ཐུན་མོང་བ་ལྟར་ན་དེ་བཞིན་གཤེགས་པ་ལ་ཕྱག་བྱས་པ་སོགས་དང་། ཁྱད་པར་གྱི་དབང་དུ་ན་བཅུ་དྲུག་དགའ་བའི་ཡེ་ཤེས་ཐབས་དང་ཤེས་རབ་ཀྱི་རོལ་མོར་སྨིན་པ་ལས་བྱུང་བའི་མཚན་སུམ་ཅུ་རྩ་གཉིས་དང་། ཞར་ལ་དེའི་ཟླས་དྲངས་པའི་དཔེ་བྱད་བརྒྱད་ཅུ་སོགས་བྲལ་སྨིན་གྱི་ཡོན་ཏན་མུ་མཐའ་མེད་པ་འཆང་བའི་བདག་ཉིད་དོ། །བཞི་པ་ངོ་བོ་ཉིད་སྐུ་ནི། སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་སྡུག་གུས་དམ་དུ་འཁྱུད་པའི་རྣམ་ཀུན་མཆོག་ལྡན་ཉམ་པ་དང་བྲལ་བའི་ཡེ་ཤེས། སྐུ་གསུམ་གྱི་འཆར་གཞིར་གྱུར་པ་དེ་ནི། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་ཉི་ཤུའི་བྱང་ཆུབ་པའི་དཀྱིལ་འཁོར་གྱི་དབུས་ན་ཡེ་ཤེས་དང་། ཡོན་ཏན་དང་། མཛད་པ་དང་། ཕྲིན་ལས་ཀྱི་རྣམ་རོལ་དུ་མ་དང་བཅས་


JKT005_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། མཐའ་ཀླས་པའི་རྒྱལ་བ་ཀུན་གྱི་ཕྱི་མོ་གཅིག་པུར་མཛེས་པར་བཞུགས་པའོ། །འབྲས་བུ་དང་སྦྱར་བ་ཡང་བསྟན་ཟིན་ཏོ། །བཞི་པ་ལ་གཉིས། ཐུན་མོང་གི་ཐེག་པའི་ལམ་དང་སྦྱར་བ་དང་། ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པ་དང་སྦྱར་བའོ། །དང་པོ་ནི། ཐེག་པ་དམན་པ་དང་། ཆེན་པོ་ལ་སྦྱར་བའོ། །དང་པོ་ནི། འཇིག་རྟེན་ཞེས་སོགས་ནས། སྐྱེ་རྒུའི་བདག་ཅེས་པའི་བར་ཏེ། འདི་ལྟར་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་སྡུག་བསྔལ་གྱི་བདེན་པའི་རང་གཟུགས་འབའ་ཞིག་ཏུ་མཐོང་ནས། དེས་དྲངས་པའི་ལམ་བདེན་གྱི་འཇུག་སྒོ་ངེས་པར་འབྱུང་བའི་བློ་གཞོན་ནུ་དང་། དེ་ནར་སོན་ནས་ལམ་ལ་ཚུལ་བཞིན་དུ་སློབ་པས་ཀུན་འབྱུང་གི་ས་བོན་བཅོམ་སྟེ་རྒྱུན་དུ་ཞུགས་པ་སོགས་སློབ་ལམ་གསུམ་གྱི་གནས་སུ་བརྟན་པ་ཐོབ་སྟེ། མཐར་ཉོན་མོངས་པའི་གཡུལ་གྱིས་བརྫི་བར་མི་ནུས་པའི་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ་འགོགས་བདེན་མངོན་དུ་གྱུར་པ་ནི་རྒན་པོའོ། །གཉིས་པ་ནི། སྐྱེ་རྒུའི་བདག་ཅེས་པ་ནས། འཇིག་རྟེན་གསུམ་ན་མཛེས་ཞེས་པའི་བར་ཏེ། སྐྱེ་བ་ནི། ཛ་ནའི་སྒྲ་ལས་དྲངས་ན་ཉོན་མོངས་པའི་ཡིད་ལངས་པས་སྡུག་བསྔལ་གྱི་རྒྱ་མཚོར་འཕེན་པར་བྱེད་པའི་འཁོར་བ་ཐམས་ཅད་དོ། །དེ་ལ་དམིགས་པའི་བློས་དྲངས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་བདག་གིར་བཟུང་བ་ནི་ཐེག་ཆེན་གྱི་


JKT005_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མཐའ་དག་གི་རྩ་བ་སྟེ། རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དེ་ལ་སེམས་བསྐྱེད་པ་ནི་ཚོགས་ལམ་ཆུང་ངུའི་མགོ་བརྩམ་སྟེ། དེ་ནས། སྒོམ་ལམ་མཐར་ཐུག་པའི་བར་དུ་དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། ཚོགས་ལམ་ཆེ་འབྲིང་ཆུང་གསུམ་གྱིས་བསྡུས་པ་དང་། དབང་པོ་ལྔ་དང་སྟོབས་ལྔས་བསྡུས་པའི་སྦྱོར་ལམ་དང་། མཐོང་ལམ་ཡན་ལག་བདུན་དང་། སྒོམ་པའི་འཕགས་ལམ་ཡན་ལག་བརྒྱད་དེ་སུམ་ཅུ་སོ་བདུན་ལས། དབང་པོ་ལྔ་དང་སྟོབས་ལྔ་པོ་བློ་རྩལ་རྫོགས་ཆེ་ཆུང་ལས་ངོ་བོ་གཅིག་ཏུ་བྱས་པས་སོ་གཉིས་པོའི་མཚན་མ་རིམ་པ་བཞིན་དུ་འཆར་བའི་མཐར། སྲིད་པ་དང་ཞི་བ་གཉིས་ཀ་ལ་མི་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྡུག་གུ་ལས་བྱུང་བའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་མི་སློབ་པའི་གོ་འཕང་འཇིག་རྟེན་གསུམ་གྱི་རྩེ་མོར་མཛེས་པ་ཉིད་ཐོབ་པའོ། །གཉིས་པ་ནི། འཇིག་རྟེན་གསུམ་ན། ཞེས་པས་ལུས་ངག་ཡིད་གསུམ་དང་གཞོན་ལུས་གཅིག་ཅེས་པས་དེ་ཐམས་ཅད་ཀྱི་འཆར་གཞི་གཉུག་མའི་སེམས་ངོས་བཟུང་སྟེ། དེར། གནས་བརྟན་རྒན་པོ་ཞེས་སློབ་དཔོན་མཚན་ཉིད་དང་ལྡན་པས། སྐྱེ་རྒུའི་བདག་ཅེས་པས་ལམ་ཐམས་ཅད་དང་། འབྲས་བུ་ཐམས་ཅད་སྐྱེ་རྒུའི་


JKT005_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཞིང་ས་ལྟ་བུར་གྱུར་པ་སྨིན་པར་བྱེད་པ་ཡན་ལག་དང་བཅས་པ་བླངས་ཏེ། སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སངས་རྒྱས་ཀྱི་ང་རྒྱལ་རྣལ་འབྱོར་དུ་བྱ་བ་སྐྱེ་བ་ཀུན་རྫོབ་ཀྱི་བདེན་པ་ལམ་དུ་བྱེད་པ་ལུས་རིམ་སྐྱེས་དང་མཐུན་པའི་བསྐྱེད་རིམ་དང་། སྡུག་གུ་ཞེས་པས། དངོས་ཡིད་ཀྱི་ཕྱག་རྒྱ་སྡུག་གུ་བསྟེན་པ་ལས་སུ་རུང་བའི་དཔེ་དང་། ཡེ་ཤེས་རྣམ་ཀུན་མཆོག་ལྡན་རྡོ་རྗེ་བཙུན་མོའི་ཐར་པ་བསྟེན་པའི་དོན་གྱི་ཡེ་ཤེས་འཆི་བ་དོན་དམ་གྱི་བདེན་པ་ལམ་དུ་བྱས་ཏེ་ལུས་རིམ་རྫོགས་དང་མཐུན་པའི་རྫོགས་རིམ་དང་། འཇིག་རྟེན་གསུམ་ན་མཛེས། །ཞེས་པས། ཐ་མལ་པའི་སྒོ་གསུམ་གནས་གྱུར་ཏེ་རྡོ་རྗེ་གསུམ་གྱིས་མཛེས་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཐོབ་པ་སྟེ། མདོར་ན་བློ་ཀ་གཅིག་པུས་ཀྱང་སྔགས་ཀྱི་ལམ་དང་འབྲས་བུ་འཁོར་དང་བཅས་པ་ཚང་བར་བསྟན་ཟིན་ཏོ། །སླར་སྨྲས་པ། གྲུབ་པའི་ངག་གི་བདུད་རྩིས་བརླན་ཆགས་པའི། །ལེགས་བཤད་པ་ཀུ་ལ་ཡི་མེ་ཏོག་གསར། །བཞད་པ་འདི་ཡང་གཞན་དྲིང་ཉི་ཟླ་ལས། །ལྟོས་མིན་འཇམ་མགོན་དགའ་མའི་དཔྱིད་ལས་བྱུང་། །དེ་ཕྱིར་དེ་ལས་བྱུང་བའི་དགེ་ཚོགས་རྒྱུན། །ཡང་དག་ཐར་པའི་རྩེ་མོར་འདྲེས་པའི་མོད། །སྲིད་དང་ཞི་བའི་ཕ་མཐའ་ཡས་འདས་པའི། །སྒྱུ་འཕྲུལ་དྲྭ་བའི་གོ་འཕང་བརྙེས་གྱུར་ཅིག །ཅེས་


JKT005_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

པའང་ལམ་འདི་ལ་སྔོན་དགེའི་བག་ཆགས་ཅུང་ཟད་སད་པའི་རྣལ་འབྱོར་གཞོན་ནུ་གཙུག་ལག་སྨྲ་བའི་ཉི་མ་ཞེས་བྱ་བ་ལ། དོན་གཉེར་ཅན་དག་གིས་དྲིས་ཤིང་བསྐུལ་བའི་ངོར། ཤིན་ཏུ་ཉུང་ངུའི་ཚིག་གིས་ཆོས་འཁོར་དཔལ་གྱི་བསམ་ཡས་སུ་ཤར་མར་བྲིས་པ་སྟེ། སླར་ཡང་ཆོས་ཀྱི་བློ་གྲོས་ཅན་བྱུང་ན་ལུང་རིགས་མན་ངག་གསུམ་གྱི་དཔྱད་པས་དྲངས་ཏེ་བཤད་པར་བྱ་བར་དམ་བཅའོ། །ཤུ་བྷཾ།། ༈ །།ན་མའི་ཀ་ལ་ཙཀྲ་ཡ། དེའི་བསྐྱེད་རྫོགས་ཀྱི་ལམ་གྱི་རིམ་པར་ཕྱེ་བ་ལ། ཐོག་མར་ལམ་ཐུན་མོང་བས་བློ་སྦྱང་། བློ་སྦྱངས་ནས་རྒྱུད་སྣོད་རུང་དུ་བྱེད་པའི་དབང་དང་དམ་ཚིག་གི་སྐོར་བཤད། རྒྱུད་སྣོད་རུང་དུ་བྱས་ནས་སྨིན་པ་དང་གྲོལ་བར་བྱེད་པའི་བསྐྱེད་རྫོགས་གཉིས་བཤད་པའོ། །དང་པོ་ནི། དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པར་འདོད་པའི་གང་ཟག་དེས་བསྟེན་བྱ་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བརྟེན་པ་ལ་བློ་སྦྱང་དགོས་ཏེ། མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་དགེ་བའི་བཤེས་གཉེན་ལ་རག་ལས་པའི་ཕྱིར་རོ། །དེ་རྗེས་དལ་འབྱོར་རྙེད་དཀའ་བ་དང་དོན་ཆེ་བའི་ཚུལ་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་འདོད་ཀྱི་བློ་མཚན་ཉིད་པ་རྒྱུད་ལ་མི་སྐྱེ་བའི་ཕྱིར་རོ། །དེ་རྗེས་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་དེ་ཡང་འཆི་བ་


JKT005_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཕྲུགས་སུ་བསམ་པའི་སྒོ་ནས་ཡུན་རིང་དུ་མི་གནས་པའི་ཚུལ་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་ཚེ་འདིའི་འཁྲི་བ་མི་ཆོད་པས་ཆོས་བྱེད་འདོད་ཀྱི་བློ་མཚན་ཉིད་པ་མི་སྐྱེ་བའི་ཕྱིར། དེ་རྗེས་ངན་སོང་གི་སྡུག་བསྔལ་དང་། དེ་ལས་སྐྱོབ་པར་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཤེས་པའི་སྒོ་ནས་སྐྱབས་འགྲོ་མཚན་ཉིད་པ་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་དཀོན་མཆོག་གསུམ་ལ་དམིགས་པའི་དད་པ་ཁ་ཞེ་མེད་པ་དང་སྐྱབས་གནས་ལ་བློ་ལིང་བསྒྱུར་གྱི་སྐྱབས་འགྲོ་མཚན་ཉིད་པ་མི་སྐྱེ་བའི་ཕྱིར། དེ་རྗེས་དགེ་མི་དགེའི་ལས་ལམ་དང་། དེ་དག་གི་འབྲས་བུ་བདེ་སྡུག་གཉིས། རྗེས་སུ་འགྲོ་ལྡོག ། འཁྲུལ་མ་འཁྲུལ་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་སྡོམ་པ་གསུམ་གྱི་སྲུང་སྡོམ་རྩིང་པོར་སོང་ནས་ཕྱི་མ་ངན་འགྲོར་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་རྗེས་ཀུན་ནས་ཉོན་མོངས་རྒྱུ་འབྲས་དང་། རྣམ་བྱང་རྒྱུ་འབྲས་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་འཁོར་བ་ལས་བཟློག་འདོད་དང་། ཐར་པ་ཐོབ་འདོད་གོ་བ་ཙམ་པོར་སོང་ནས་ཐར་པ་དོན་གཉེར་གྱི་བློ་མཚན་ཉིད་པ་རྒྱུད་ལ་མི་སྐྱེ་བའི་ཕྱིར་རོ། །དེ་རྗེས་རྒྱུ་འབྲས་མན་ངག་བདུན་མ་སོགས་ཀྱི་སྒོ་ནས་སྨོན་སེམས་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་བྱམས་སྙིང་རྗེའི་རྩ་བ་ཅན་གྱི་སྨོན་སེམས་མཚན་ཉིད་ཚང་བ་རྒྱུད་ལ་མི་སྐྱེ་བས་


JKT005_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་པ་མིང་ཙམ་པར་འགྱུར་བའི་ཕྱིར་རོ། །དེ་རྗེས་རྒྱལ་སྲས་སྤྱིའི་སྤྱོད་པ་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་བསླབ་དགོས་ཏེ། བསམ་པ་དེ་གྲོགས་སུ་ཡོད་ན་འཇུག་སྡོམ་མཚན་ཉིད་ཚང་བ་རྒྱུད་ལ་སྐྱེ་ལ། དེ་མེད་ན་མི་སྐྱེ་བའི་ཕྱིར། དེ་རྗེས་ཞི་ལྷག་འདྲེན་པར་བྱེད་པའི་ཐབས་སེམས་གནས་དགུ་སོགས་དང་། ཞི་ལྷག་རང་གི་ངོ་བོ། ཞི་ལྷག་གི་མི་མཐུན་ཕྱོགས་བྱིང་རྒོད་གཅོད་ཚུལ་སོགས་ལ་གོ་བ་རྣམ་དག་ཆགས་པ་དགོས་ཏེ། དེ་མེད་ན་ཞི་ལྷག་གི་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་མཚན་ཉིད་ཚང་བ་རྒྱུད་ལ་མི་སྐྱེ་བའི་ཕྱིར་རོ། ༈ །གཉིས་པ་ནི། སྐབས་འདིར་རྒྱུད་སྣོད་རུང་དུ་བྱེད་པའི་དབང་དེ་ལ་གསུམ་དུ་ཡོད་དེ། བསྐྱེད་རིམ་སྒོམ་པའི་སྣོད་རུང་དུ་བྱེད་པའི་དབང་དེ་ལ་དབང་བདུན་དང་། རྫོགས་རིམ་སྒོམ་པའི་རྒྱུད་སྣོད་རུང་དུ་བྱེད་པའི་དབང་གོང་མ་བཞི་དང་། རྒྱུད་འཆད་པ་སོགས་ལ་དབང་བའི་རྒྱུད་སྣོད་རུང་དུ་བྱེད་པའི་གོང་ཆེན་གྱི་དབང་བཞི་དང་གསུམ་ཡོད་པའི་ཕྱིར། དེ་ཡང་དབང་མདོར་བསྟན་ལས། དབང་ནི་བདུན་པོ་འདི་རྣམས་ཏེ། །དཀྱིལ་འཁོར་བཞེངས་ལ་སྦྱིན་པར་བྱ། །ཞེས་དང་པོ་བདུན་ནི་དམིགས་གསལ་ཀུན་སྤངས་པའི་སློབ་མ་རེ་རེ་ཙམ་མ་གཏོགས་རྡུལ་ཚོན་ཁོ་ནར་བསྐུར་བར་གསུངས་སོ། །དེ་ལྟར་དབང་ཐོབ་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་དཔང་པོར་བྱས་ཏེ་ཁས་བླངས་པའི་


JKT005_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་བརྟུལ་ཞུགས་ཉེར་ལྔ་དང་། སྡོམ་པའི་མི་མཐུན་ཕྱོགས་རྩ་ལྟུང་བཅུ་བཞི་ལ་སོགས་པ་སྲོག་དང་བསྡོས་ནས་བསྲུང་དགོས་ཏེ། དེ་རྣམས་མ་བསྲུངས་པར་བསྐྱེད་རྫོགས་ལམ་ཇི་ལྟར་བསྒོམས་ཀྱང་དོན་མི་འགྲུབ་པའི་ཕྱིར་རོ། ༈ །གསུམ་པ་ལ་གཉིས་ཏེ། དང་པོ་ལ་རྒྱུད་སྨིན་པར་བྱེད་པ་བསྐྱེད་རིམ་བཤད་པ་ལ་གསུམ། རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་ཚང་བར་བསྒོམ་མི་དགོས་པའི་ལོག་རྟོག་དགག ། བསྐྱེད་རིམ་ཇི་ཙམ་སྒོམ་པར་བཤད། བསྐྱེད་རིམ་སྒོམ་ཚུལ་བཤད་པའོ། །དང་པོ་ནི། སྔ་ཕྱིའི་མཁས་པ་མང་པོས་རྫོགས་རིམ་གྱི་སྔོན་འགྲོའི་བསྐྱེད་རིམ་ལ་ནི། དུས་འཁོར་དཔའ་གཅིག་དང་། ལྷན་སྐྱེས་ཙམ་བསྒོམས་པས་ཆོག་གི། བསྐྱེད་རིམ་ཚང་བར་བསྒོམ་མི་དགོས་ཏེ། དེ་འཇིག་རྟེན་པའི་དངོས་གྲུབ་ཀྱི་ཆེད་དུ་ཡིན་པའི་ཕྱིར་རོ། །ཞེས་བཤད་པ་ནི་མི་འཐད་དེ་འགལ་བ་རྣམ་པ་བཞི་ཡོད་པའི་ཕྱིར་དང་། ཁྱད་པར་མཆོག་དངོས་ཐོབ་པའི་རྒྱུར་སྟོང་གཟུགས་ཕྱག་ཆེན་རང་རྒྱུད་ལ་བསྐྱེད་དགོས་པར་ཤེས་པའི་ཆེད་དུ་ཡེ་ཤེས་ལེའུ་བསྟན། ཕྱག་རྒྱ་ཆེན་པོ་ཐོབ་པ་ལ་དེའི་སྔོན་དུ་རྒྱུད་སྨིན་བྱེད་བསྐྱེད་རིམ་དགོས་པས་དེ་ཤེས་པའི་ཕྱིར་སྒྲུབ་ལེ་བསྟན། བསྐྱེད་རིམ་སྒོམ་པ་ལ་དེའི་སྣོད་རུང་དུ་བྱེད་པའི་དབང་བསྐུར་འགྲོ་དགོས་པས། དེ་ཤེས་པའི་ཕྱིར་དུ་དབང་ལེ་བསྟན། དེ་ལའང་དེའི་སྔོན་དུ་དབང་བསྐུར་བ་པོ་དང་རྒྱུད་


JKT005_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པ་པོ་དང་ཉན་པ་པོའི་རྩ་རླུང་ཐིག་ལེ་དང་ཕུང་ཁམས་སྐྱེ་མཆེད་ཤེས་དགོས་པས་དེ་ཤེས་པའི་ཆེད་དུ་ནང་ལེ་བསྟན། དེ་ཡང་སྔོན་དུ་སྦྱང་གཞི་སྣོད་ཀྱི་ཆགས་ཚུལ་སོགས་ཤེས་དགོས་པས། དེ་ཤེས་པའི་ཆེད་དུ་ཁམས་ལེ་བསྟན་པའི་གོ་རིམ་དང་འགལ་བའི་ཕྱིར་རོ། །གཉིས་པ་ནི། རབ་ཏུ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གསུམ་ཡོངས་རྫོགས་སམ། འཁོར་ལོ་གསུམ་ལ་བཀོད་པའི་པདྨའི་གདན་ཅན་གྱི་ལྷ་བརྒྱ་ང་དྲུག་གམ། ཐུགས་དཀྱིལ་ཡོངས་རྫོགས་ཙམ་བསྒོམ་པ་ནི་མཆོག་ཏུ་འགྱུར་ལ། དེ་ལ་སྦྱང་གཞི་སྲིད་པ་སྐྱེ་འཆི་སྦྱོང་བའི་ལམ་ཚང་བའི་ཕྱིར་དང་། དེར་མ་ཟད་སྒྲུབ་པོའི་ཕུང་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་སྦྱོང་བའི་ལམ་གྱི་གནད་ཚང་བའི་ཕྱིར་རོ། །དེ་ཙམ་མ་གྲུབ་ནའང་ལྷ་བཅུ་གསུམ་མའམ། དགུའམ། ལྔ་ཡན་ཆད་ངེས་པར་བསྒོམ་དགོས་ཏེ། དེ་ཙམ་བསྒོམས་པས་ཕུང་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་སྦྱོང་བའི་ལམ་མ་ཚང་ཡང་། སྲིད་པ་སྐྱེ་འཆི་སྦྱོང་བའི་ལམ་གནད་ཚང་བའི་ཕྱིར་རོ། །གསུམ་པ་ལ། སྔོན་དུ་འགྲོ་བའི་རིམ་པ་དང་། བསྐྱེད་རིམ་དངོས་གཉིས། དང་པོ་ལའང་། བདུད་རྩི་བྱིན་གྱིས་བརླབས་པ། རྡོར་དྲིལ་བྱིན་རླབས། མཆོད་པ་བྱིན་རླབས། རྡོར་སེམས་སྒོམ་བཟླས་སོ། །དང་པོ་ལའང་། བསང་། སྦྱང་། བསྐྱེད་ཅིང་བྱིན་གྱིས་བརླབས་པས་རྫས་


JKT005_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་རྣམས་བསང་སྦྱང་གི་དོན་དུ་བྱའོ། །གཉིས་པ་དང་། གསུམ་པ་ལའང་བསང་སྦྱང་བསྐྱེད་ཅིང་བྱིན་གྱིས་བརླབས་པ་བཞིའོ། །བཞི་པ་བསྐྱེད་ཅིང་ཡི་གེ་བཀོད་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་དབང་བསྐུར་ཞིང་གསོལ་བ་བཏབ་ལ་སྔགས་བཟླ་བ་རྣམས་སོ། །གཉིས་པ་ལ། སྔོན་འགྲོ་སྲུང་འཁོར་བསྒོམ་པ་དང་། དངོས་༤གཞི་སྒྲུབ་ཐབས་༢བཤད་པ་གཉིས། དང་པོ་ལ། སྔོན་འགྲོ་ཚོགས་གཉིས་བསགས་པ། དངོས་གཞི་སྲུང་འཁོར་བསྒོམ་པ། མཇུག་ཏུ་གཏོར་མ་ཕུལ་ཏེ་གཤེགས་སུ་གསོལ་བའོ། །དང་པོ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་གཉིས། དང་པོ་ལ་ཚོགས་ཞིང་སྤྱན་དྲངས་ནས། ཕྱག་འཚལ་བ། མཆོད། བཤགས་པ། ཡི་རང་བ། བསྐུལ་བ། མྱ་ངན་ལས་མི་འདའ་བ། སྐྱབས་གསུམ་ལ་བསྟེན་པ། རང་གི་ལུས་དབུལ་བ། རང་གི་དགེ་རྩ་སེམས་ཅན་གཞན་ལ་སྦྱིན་པ། ཐེག་ཆེན་སྨོན་སེམས་བསྐྱེད་པའི་སྒོ་ནས་བདག་དང་བདག་གིར་འཛིན་པ་སྤངས་པ་བསྟན་ལ། ཚིགས་བཅད་ལྷག་མ་རྣམས་ཀྱིས་ལམ་ལ་བསླབ་པ་བསྟན་ཏོ། །གཉིས་པ་ནི། དངོས་པོ་མེད་པ་སོགས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་བསྟན་ཏོ། །གཉིས་པ་ལ། བདག་སྲུང་བ་དང་། གནས་སྲུང་བའི་དོན་དུ་སྲུང་འཁོར་བསྒོམ་པའོ། །དང་པོ་ལ་ལྷ་རྫོགས་པའི་དོན་དུ་སྐུ་གསུང་ཐུགས་ཡེ་ཤེས་


JKT005_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བ། རིགས་དྲུག་དགོད་པ། སྐུ་གསུང་ཐུགས་ཡེ་ཤེས་རྣམ་པར་དག་པར་བྱ་བ། ཡན་ལག་དྲུག་དགོད་པ། རྡོ་རྗེ་ཐམས་ཅད་ཀྱིས་བདུད་བཞི་གཞོམ་པ་དང་ལྔའོ། །གཉིས་པ་ལ། རྟེན་བསྐྱེད་པ། བརྟེན་པ་ལྷ་བསྐྱེད་པ། བདུད་བགེགས་ཚར་གཅོད་པའི་སྔགས་བཟླ་བའོ། །གསུམ་པ་ནི། རྡོ་རྗེ་བཞི་དང་ལྡན་པའི་དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་འཇིགས་བྱེད་འཁོར་དང་བཅས་པ་རྣམས་ལ་ཟློ གཏོར་མ་ཕུལ་ནས། གསང་གནས་ལ་སོགས་པའི་རྩ་འཁོར་དྲུག་ཏུ་གཤེགས་གསོལ་བྱ་བའོ། །གཉིས་པ་སྒྲུབ་ཐབས་དངོས་གཞི་བཤད་པ་ལ། ལས་བསགས་པའི་རྗེས་སུ་འཆི་བ་འོད་གསལ་མྱོང་བ་དང་ཆོས་མཐུན་པར་སྔོན་འགྲོ་ཚོགས་བསགས་པའི་རིམ་པ་བསྟན་པ། ཤི་ནས་བར་དོ་འགྲུབ་སྟེ་སྲིད་པ་གཞན་དུ་སྐྱེ་བ་བླངས་པ་དང་ཆོས་མཐུན་པར་རྣལ་འབྱོར་བཞི་བཤད་པ་དང་གཉིས། དང་པོ་ལའང་། སྦྱང་གཞི་བཤད་པ། སྦྱང་གཞི་སྦྱོང་བྱེད་སྦྱར་ནས་བཤད་པ། སྒྲུབ་ཐབས་ཀྱི་ཚིག་དོན་བཤད་པ་དང་གསུམ་མོ། །དང་པོ། ལུགས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེས་སྐྱེ་བ་འདིར་འབྱུང་བས་ཁམས་འཚོ་བ་དང་། འབྱུང་བ་རིམ་པར་ཐིམ་ནས་འཆི་བའི་འོད་གསལ་འཆར་བ་གསུམ་མོ། །གཉིས་པ་ནི། རང་ཉིད་སྐད་ཅིག་སོགས་དང་། རང་གི་ལུས་ཆུའི་ཁམས་ཀྱི་སོགས་དང་། དངོས་མེད་སོགས་ཀྱིས་སྦྱོང་བར་བྱེད་དོ། །


JKT005_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་བསགས་པ་གཉིས་ལས། དང་པོ་ནི་སྲུང་འཁོར་གྱི་སྐབས་སུ་བཤད་ཟིན་ལ། གཉིས་པ་ནི། དངོས་པོ་མེད་སོགས་ཀྱིས་སྟོན་པ་ཡིན་ནོ། །གཉིས་པ་ལ། མངལ་དུ་སྐྱེ་སྲིད་བླངས་པ་དང་ཆོས་མཐུན་པར་རྣལ་འབྱོར་དང་པོ་གཉིས་བསྒོམ་ཚུལ་བཤད་པ། ཕྱི་རོལ་དུ་བཙས་ཏེ་དབང་པོ་ཡུལ་ལ་འཇུག་པ་དང་ཆོས་མཐུན་པར་ལས་རྒྱལ་མཆོག་བསྒོམ་ཚུལ་བཤད་པ། ལོ་བཅུ་དྲུག་གི་མཐར་བདེ་བ་རྫོགས་པར་མྱོང་བ་དང་ཆོས་མཐུན་པར་ཕྲ་ཐིག་གི་རྣལ་འབྱོར་བསྒོམ་ཚུལ་བཤད་པའོ། །དང་པོ་ལ་རྟེན་གཞལ་ཡས་ཁང་བསྐྱེད་པ། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་སྦྱང་གཞི་བཤད་པ། དེ་དང་ཆོས་མཐུན་སྦྱར་བ། སྒྲུབ་ཐབས་ཀྱི་ཚིག་དོན་དངོས་བཤད་པའོ། །དང་པོ་ནི། ཁམས་དྲུག་པ་ཡེ་ཤེས་ཀྱི་ཁམས་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པར་གནས་པའི་སྐབས་དེར། སྣོད་སྔ་མས་སྟོང་པའི་སྐབས་སུ། ཕན་ཚུན་འདབ་མ་འབྱར་བ་སིལ་བུར་གནས་པའི་ཚུལ་གྱིས་སྟོང་པ་སྟེ་དབང་ཤེས་ཀྱི་ཡུལ་དུ་མ་གྱུར་པའི་རྡུལ་ཕྲན་རྣམས་གནས་སོ། །དེ་ཡང་སྒྲའི་ཡོན་ཏན་གཅིག་དང་ལྡན་པའི་ནམ་མཁའ། དེ་སྟེང་རེག་དང་ལྡན་པའི་རླུང་གི །དེ་སྟེང་གཟུགས་དང་ལྡན་པའི་མེའི། དེ་སྟེང་རོའི་ཡོན་ཏན་དང་ལྡན་པའི་ཆུའི། དེ་སྟེང་དྲི་ཡི་ཡོན་ཏན་ཏེ་ལྔ་དང་ལྡན་པའི་རྡུལ་ཕྲན་


JKT005_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སོ། །དེས་བརྩམས་པའི་རླུང་མེ་ཆུ་སའི་དཀྱིལ་འཁོར་དང་རི་རབ། དེའི་ཕྱི་རོལ་ན་ལོངས་སྤྱོད་ས་པའི་གླིང་དྲུག་དང་། དེ་བཞིན་ཕྱི་ན་གླིང་བདུན་པ་འཛམ་གླིང་ཆེན་པོ་ཡོད་དོ། །གཉིས་པ་ལ། ཕྱི་སྣོད་ཀྱི་འཇིག་རྟེན་དང་ཆོས་མཐུན་སྦྱར་བ། མའི་མངལ་དང་ཆོས་མཐུན་སྦྱར་བ། སྒྲུབ་པ་པོ་རང་གི་ལུས་དང་ཆོས་མཐུན་སྦྱར་བའོ། །དེ་ལས་བར་མ་ཅུང་ཟད་གོ་དཀའ་བས། ནམ་མཁའི་ཁམས་བསྒོམ་པ་མའི་གསང་གནས། རླུང་མེ་ཆུ་སའི་དཀྱིལ་འཁོར་ནི་མའི་དཔྲལ་མགྲིན་སྙིང་ག་ལྟེ་བའི་རྩ་འཁོར། རི་རབ་ནི་ལྟེ་བ་ནས་གསང་གནས་ཀྱི་བར། པདྨ་གསང་གནས་ཀྱི་ནང་གི་རྩ་འདབ་བརྒྱད། དེ་སྟེང་རྡོ་རྗེའི་གུར་ནི་མའི་པདྨར་པའི་རྡོ་རྗེ་ཞུགས་པ། གཞལ་ཡས་ཁང་མའི་མངལ། ཟླ་ཉི་སོགས་གདན་ནི་མའི་པདྨའི་ནང་གི་རྩ་རོ་རྐྱང་དབུ་མ་དང་ཆོས་མཐུན་ཅིང་དེ་དག་སྦྱོང་བར་བྱེད་དོ། །གསུམ་པ་ལ། འབྱུང་བཞི་གདན་དང་བཅས་པ་བསྒོམ་པ་དང་། གཞལ་ཡས་ཁང་བསྒོམ་ཚུལ་གཉིས་སོ། །གཉིས་པ་ལ། དང་པོ་སྦྱོར་བ་བསྒོམ་ཚུལ་དང་། དཀྱིལ་འཁོར་རྒྱལ་མཆོག་གཉིས། དང་པོ་ལ། སྦྱང་གཞི་ཆོས་མཐུན། ཚིག་དོན་གསུམ། དང་པོ་ནི། ལུགས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ལས་བཟང་པོ་བསགས་པའི་མཐར་འཆི་བ་ཉམས་སུ་མྱོང་ནས་བར་དོ་གྲུབ་སྟེ། མའི་མངལ་དུ་ཁྱད་པར་སོ་གཉིས་དང་ལྡན་པའི་


JKT005_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཕའི་ཁམས་དཀར་པོ་དང་། ཁྱད་པར་བརྒྱད་ཅུ་དང་ལྡན་པའི་མའི་ཁམས་དམར་པོ་གཉིས་ཀྱི་དབུས་སུ་སྐྱེ་བ་ལེན་ལ། མངལ་གྱིས་ཟླ་བ་དང་པོ་ལ་བདེ་བས་བརྒྱལ་ཞིང་ཡུལ་ལ་མ་དམིགས་པའི་ཕྱིར་མ་རིག་པ་དང་། ཟླ་བ་གཉིས་པ་ལ་རང་གི་ཕུང་པོ་རྣམས་གོང་ནས་གོང་དུ་འཕེལ་བས་འདུ་བྱེད་དང་། ཟླ་བ་གསུམ་པ་ལ་རྣམ་ཤེས་རགས་པ་ཡུལ་ལ་གཡོ་བར་བྱེད་པའི་ཕྱིར་རྣམ་ཤེས་ཀྱི་ཟླ་བར་བཞག་གོ །གཉིས་པ་ནི། ཁམས་དཀར་པོ་དབྱངས་ཡིག་༣༢དང་ལྡན་པའི་ཟླ་དཀྱིལ། དམར་པོ་གསལ་བྱེད་བརྒྱད་ཅུ་དང་ལྡན་པའི་ཉི་དཀྱིལ། དྲི་ཟའི་རྣམ་ཤེས་ཧཱུཾ་ཡིག །དེའི་བཞོན་པ་སྲོག་རླུང་ལ་ཧི་ཡིག་ནག་པོ། མངོན་བྱང་དང་པོ་བཞིའི་སྐབས་སུ་སེམས་བདེ་བའི་ངོ་བོར་སྐྱེ་བས་ཟླ་བ་དང་པོ། མངོན་བྱང་ལྔ་པའི་སྐབས་ཧཱུྃ་ཡིག་དུས་འཁོར་བསྐྱེད་པའི་མཐུ་ནུས་ཅན་དུ་གྱུར་པས་ཟླ་བ་གཉིས་པ། མངོན་བྱང་ལྔ་ལས་རྣམ་ཤེས་རྣམ་དག་མི་བསྐྱོད་དུས་འཁོར་གྱི་ངོ་བོར་བསྐྱེད་པ་ནི་ཟླ་བ་གསུམ་པའི་བག་ཆགས་རྣམས་སྦྱོང་བར་བྱེད་པའོ། །གཉིས་པ་ལ། ལྷ་སྤྲོ་བའི་ཚུལ་སྤྱིར་བསྟན་པ། སོ་སོར་བཤད་པ། སྙིང་རྗེས་སེམས་ཅན་ལ་དབང་བསྐུར་བ། ང་རྒྱལ་འཛིན་པའོ། །གཉིས་པ་ལའང་། ཐུགས་དཀྱིལ་གྱི། གསུང་དཀྱིལ་གྱི། སྐུ་དཀྱིལ་གྱི། ལྷ་གཞན་རྣམས་སྤྲོ་བ་དང་བཞིའོ། །དང་པོ་ལའང་། གཤེགས་པ་གཤེགས་མ། ཁྲོ་བོ་ཁྲོ་མོ་


JKT005_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་སྤྲོ་བ་དང་། སེམས་དཔའ་སེམས་མ་སྤྲོ་བ་གཉིས། དང་པོ་ལའང་སྦྱང་གཞི་ནི་ཟླ་བ་བཞི། མིང་གཟུགས་ཀྱི་ཟླ་བར་ཁམས་རགས་པ་དང་། དྭངས་མ། ལས་དབང་དང་། ལས་དབང་གི་བྱ་བ་ལྔ་འགྲུབ་པ་སྟེ། དེ་དང་ཆོས་མཐུན། གཤེགས་པ་དྲུག་སྤྲོ་བ་ནི་ཕུང་པོ་༦དྲུག །གཤེགས་མ་དྲུག་སྤྲོ་བ་ནི་ཁམས་༧དྲུག །བུམ་པ་རྣམས་ལུས་ཟུང་གི་དྭངས་མ། ཁྲོ་བོ་ཁྲོ་མོ་ལས་དབང་དེའི་བྱ་བ་ལྔ་རྣམས་སྦྱོང་བར་བྱེད་པའོ། །ཚིག་གི་དོན་ཐུགས་དཀྱིལ་ལ་ལྷ་སོ་དྲུག་བསྒོམ་པའོ། །གཉིས་པ་ནི། སྦྱང་གཞི་ཟླ་བ་ལྔ་པ་སྐྱེ་མཆེད་དྲུག་གི་ཟླ་བར་མིག་སོགས་སྐྱེ་མཆེད་དྲུག་དང་། དྲུག་པ་རེག་པའི་ཟླ་བར་གཟུགས་སོགས་ཡུལ་དྲུག་འགྲུབ་ཅིང་། དེའི་ཚེ་དབང་པོས་ཡུལ་ཅུང་ཟད་འཛིན་པས་དེ་སྐད་དོ། །དེ་དང་ཆོས་མཐུན་པར་སེམས་དཔའ་སེམས་མ་རྣམས་སྤྲོ་བའོ། །གཉིས་པ་ནི། མངལ་གྱི་ཟླ་བ་བདུན་པ་ཚོར་བའི་ཟླ་བར། ལྟེ་བར་ཐུགས་ཀྱི་རྩ་འདབ་བཞི། དེའི་ཕྱི་རོལ་དུ་གསུང་གི་རྩ་འདབ་བརྒྱད། དེའི་ཕྱི་རོལ་དུ་སྐུའི་རྩ་འདབ་བཅུ་དྲུག་ཡོད་པའི་དེའི་གཞི་ནི་སྟོང་པའི་རྩ་ཡིན་ལ། རྩ་འདབ་བཅུ་གཉིས་ལ་ལྔ་ལྔར་གྱེས་པའི་རྩ་འདབ་དྲུག་ཅུ་དང་། སྟོང་པའི་རྩ་འདབ་བཞི་རེ་སྟེ། རེ་བཞི་སྐུ་གསུང་ཐུགས་ཐུན་མོང་བའི་རྩ་ཞེས་བྱ་ལ། དེ་དག་གི་རྩ་སྣེ་ཚིགས་ཆེན་བཅུ་གཉིས་དང་། མགྲིན་པ་ཡུད་ཙམ་


JKT005_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་འབབ་པའི་རྩར་སྤྲོ་ཞིང་འབྲེལ་བར་གནས་སོ། །དེ་དང་ཆོས་མཐུན་གཙོ་མོ་བརྒྱད་བསྒོམས་པས་ཕྱི་རོལ་ཐུན་ཚོད། ནང་དུ་གསུང་གི་རྩ་འདབ་བརྒྱད་སྦྱོང་བ་དང་། འདབ་མའི་ལྷ་མོ་དྲུག་ཅུ་རེ་བཞི་བསྒོམས་པས། ཕྱི་རོལ་ཏུ་ཆུ་ཚོད་དྲུག་ཅུ་རེ་བཞི་དང་ཐུན་མཚམས་བཞི་སྟེ་རེ་བཞི། ནང་ལ་ལྟེ་བའི་རྩ་འདབ་རེ་བཞི་དང་ཆོས་མཐུན་ཞིང་སྦྱོང་བའོ། །གསུམ་པ་ནི། ཕྱི་ལོ་གཅིག་ལ་དུས་དྲུག་དང་ཟླ་བ་བཅུ་གཉིས། ནང་དུ་མངལ་གྱི་ཟླ་བ་བརྒྱད་པ་སྲེད་པའི་ཟླ་བར་ལྟེ་བའི་རྩ་འདབ་དྲུག་ཅུ་ལས་རྩ་ལྔ་ལྔར་གྱེས་པའི་རྩ་སྣེ་རྣམས་ཚིགས་ཆེན་བཅུ་གཉིས་སུ་སོང་ནས། དེ་རྣམས་སུ་རྩ་འདབ་སུམ་ཅུ་པའི་རྩ་འཁོར་བཅུ་གཉིས་ཆགས་པ་དང་ཆོས་མཐུན་པའི་དེ་སྦྱོང་བྱེད་ཚེས་ལྷ་རྣམས་སྤྲོ་བར་བྱེད་པ་ཡིན་ཏེ། དེ་ཡང་ནག་པ་དང་ས་ག །སྨོན་དང་ཆུ་སྨད། གྲོ་བཞིན་དང་ཁྲུམས་སྟོད། ཐ་སྐར་དང་སྨིན་དྲུག །མགོ་དང་རྒྱལ། མཆུ་དང་དབོའི་ཟླ་བའི་ཚེས་ལྷ་སུམ་ཅུ་པ་ཚན་པ་གཉིས་གཉིས་ནི། ཕྱི་ལ་སོགས་པའི་དུས་ཚིགས་དྲུག་པོ་རེ་རེ་ལ་ཚེས་ཞག་སུམ་ཅུ་པ་གཉིས་རེ་ཡོད་པ་དང་། ནང་དུ་དཔུང་པ་གཡོན་གཡས། མཁྲིག་མའི་ཚིགས་གཡོན་གཡས། དེ་བཞིན་དཔྱི། པུས་མོ། ལོང་བུ། ཕྲག་པའི་ཚིགས་གཡོན་གཡས་དྲུག་པོ་རེ་རེ་ལ་རྩ་འདབ་སུམ་ཅུ་གཉིས་གཉིས་ཡོད་པའི་ཕྱིར་རོ། །མངལ་གྱི་ཟླ་བ་བརྒྱད་པ་དང་དགུ་པ་ལེན་པའི་


JKT005_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བར། གཙུག་ཏོར། གཤང་ལམ། ལག་མཐིལ། རྐང་མཐིལ་རྣམས་སུ་རྩ་འདབ་བཞི་པ་རེ་ཆགས་པ་དང་ཆོས་མཐུན་ཅིང་དེ་སྦྱོང་བྱེད་ཁྲོ་མོ་བཞི་སྤྲོ་བར་བྱེད་དོ། །རྩ་འདབ་དྲུག་ཏུ་ལས་དབང་དྲུག་གིས་རང་རང་གི་བྱ་བ་བྱེད་པའི་ནུས་མཐུ་ཅན་དུ་གྱུར་པ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད་པའི་ཁྲོ་བོ་དྲུག་སྤྲོ་བར་བྱེད་དོ། །བཞི་པ་མངལ་གྱི་ཟླ་བ་བཅུ་པ་སྲིད་པའི་ཟླ་བར། ལག་སོར་དང་རྐང་སོར་བཅུ་བཅུ་གྲུབ་པ་དང་ཆོས་མཐུན་ཅིང་སྦྱོང་བྱེད་ཀླུ་བཅུ་དང་། རབ་གཏུམ་མ་བཅུ་སྤྲོ་བར་བྱེད་དོ། །གསུམ་པ་ལ་ཆོས་མཐུན་དམིགས་བསལ་དང་སྦྱར་དུ་མེད་ཀྱང་། འབྲས་བུ་དང་རྣམ་པ་མཐུན་པར་བསྒོམས་པ་ཡིན་ནོ། །བཞི་པ་ནི། ཕུང་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་ངའོ་ཞེས་ང་རྒྱལ་འཛིན་པའོ། །གཉིས་པ་ལས་རྒྱལ་མཆོག་བསྒོམ་ཚུལ་ལ་གསུམ། སྦྱང་གཞི། ཆོས་མཐུན། ཚིག་དོན་བཤད་པའོ། །དང་པོ་ནི། གཉིས་པའི་ཤུགས་ལ་རྟོགས་པས། གཉིས་པ་ནི། རང་གི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ཡི་གེ་དགོད་པ། མངལ་གྱི་སེམས་ཅན་དེ་སྐུ་གསུང་ཐུགས་རྩ་གསུམ་རླུང་གིས་གང་བ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། གནས་གཉིས་སུ་ཧོ་ཡིག་གཉིས་བསྒོམ་པ་ནི། དེ་བདེ་བས་བརྒྱལ་བ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། ལྷ་མོ་བཞི་


JKT005_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་དང་སྤྱི་བསྐུལ་གཅིག་བཅས་ལྔ་ནི་ཁམས་ལྔའི་ངོ་བོར་གྱུར་པའི་རླུང་གིས་ཕྱི་རོལ་ཏུ་བསྐུལ་བ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། གཙོ་བོ་དང་ནུས་མ་བཅུ་བསྐྱེད་པ་ནི། བྱིས་པ་ཕྲུ་མའི་ཆོས་འཛིན་པ་ཕྱི་རོལ་ཏུ་བཙས་པ་དང་༔ ལྷ་རྣམས་སྤྲོ་བ་ནི། དེའི་སྣ་བུག་ནས་རླུང་བཅུ་སྤྲོ་བ༔ རང་གི་སྙིང་ག་ནས་རྡོ་རྗེ་ཤུགས་སྤྲོས་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནི། སེམས་ཅན་དེའི་སྣ་བུག་ནས་ཡེ་ཤེས་ཀྱི་རླུང་རྒྱུས་ཏེ་དབང་པོ་ཡུལ་ལ་སད་པར་བྱེད་པ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། རྡོ་རྗེ་ཤུགས་སྙིང་གར་སྡུད་པ་ནི་ཡེ་ཤེས་ཀྱི་རླུང་ནང་དུ་འཇུག་པ༔ ཁྲོ་བོ་ལྔས་དགུག་གཞུག་སོགས་བྱེད་པ་ནི། དབང་པོ་ཡུལ་ལ་ལོངས་སྤྱོད༔ དབང་བདུན་བསྐུར་བ་ནི། མ་ཡིས་འཁྲུད་པ་དང་།རིགས་བདག་གིས་རྒྱས་འདེབས་པ་དང་ཕ་ཡི་རིགས་འཛིན་པ རྒྱས་གདབ་བཞི་བྱེད་པས་ལུས་ངག་ཡིད་གསུམ་ཡེ་ཤེས་ཀྱི་བག་ཆགས་རྒྱས་པ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནི། ལུས་ངག་ཡིད་གསུམ་རང་རང་གི་བྱ་བ་རྣམས་རྫོགས་པར་བྱེད་པའི་བྱ་བ་རྣམས་མཐུ་ཅན་དུ་གྱུར་པ༔ གསུམ་པ་ནི། ཞུ་བ་གླུས་བསྐུལ་བའི་ངོར་བཞེངས་པ། དེའི་མངལ་ནས་ལྷ་རྣམས་སྤྲོ་བ། དམ་ཚིག་པ་དང་ཡེ་ཤེས་པ་རོ་མཉམ་དུ་བྱ་བ། དབང་བསྐུར་ཞིང་རྒྱས་གདབ་པ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ། རྟེན་དང་


JKT005_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའི་རྣམ་དག་བསྒོམ་པའོ། །གསུམ་པ་ཕྲ་ཐིག་གི་རྣལ་འབྱོར་བསྒོམ་པ་ལ་གསུམ། སྦྱང་གཞི། ཆོས་མཐུན། ཚིག་དོན་ནོ། །དང་པོ་ནི། གཞི་ལ་བུད་མེད་ཀྱིས་ལོ་བཅུ་གཉིས་དང་། སྐྱེས་པས་ལོ་བཅུ་དྲུག་མ་ལོན་པར་འཛག་བདེ་མི་མྱོང་བས། སྐྱེས་པས་ལོ་བཅུ་དྲུག་ལོན་ནས་རང་གི་ཆུང་མའི་ལག་པ་འཛིན་པ་དང་། འཁྱུད་པ་དང་། དབང་པོ་གཉིས་སྦྱར་ནས་གསང་གནས་སུ་གཏུམ་མོ་༧ ཕལ་པ་འབར་ཏེ་སྤྱི་བོ་ནས་མགྲིན་པ་དང་། དེ་ནས་སྙིང་ག་དང་། དེ་ནས་ལྟེ་བ་དང་། དེ་ནས་ནོར་བུའི་རྩེར་སླེབ་པ་ན། གཞི་དུས་ཀྱི་དགའ་བཞི་རིམ་བཞིན་ཉམས་སུ་མྱོང་ནས། དེའི་རྗེས་སུ་བྱང་སེམས་ཕྱི་རོལ་ཏུ་འཛག་པའི་བདེ་བ་ལ་དམིགས་པར་བྱེད་དོ། །གཉིས་པ་ནི། རང་དང་ཤེས་རབ་སོགས་ཀྱིས་གཞི་དུས་ཀྱི་དགའ་བཞི་དང་ཆོས༔ སླར་ཡང་ཐིག་ལེ༴ སོགས་ཀྱིས་འཛག་བདེ་ལ་དམིགས་པ་དང་ཆོས༴ གསུམ་པ་ནི། འདིའི་སྐབས་སྔོན་གྱི་ལས་ཀྱིས་འཕངས་ཤིང་ནུ་མ་སྐྲ་དང་ལྡན་པ་ལས། བློས་བཏགས་ནས་བསྐྱེད་པ་ཡེ་ཤེས། དངོས་གནས་ལ་ལྷར་གྲུབ་པ་ཕྱག་རྒྱ་ཆེན་པོ་གསུམ་དུ་ཡོད་པ་ལས་སྔ་མ་གཉིས་གང་ཡང་རུང་བ་སྟེ། དེ་ལ་སྙོམས་པར་འཇུག་པས་ཡས་བབས་ཀྱི་དགའ་བ་བཞིར་ཐིག་ལེའི་རྣལ་འབྱོར་ཞེས་འཆད་པ་ལ་རྒྱུ་མཚན་ཡོད་དེ། ཐིག་ལེ་སྤྱི་བོ་ནས་ནོར་བུའི་རྩེར་བབས་པ་ལས་བྱུང་བའི་


JKT005_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟོང་དབྱེར་མེད་ཀྱི་རྣལ་འབྱོར་ཡིན་པས་དེ་ལྟར་བཤད་པའི་ཕྱིར། མས་བརྟན་གྱི་དགའ་བ་བཞི་ལ་ཕྲ་མོའི་རྣལ་འབྱོར་ཞེས་འཆད་པ་ལ་རྒྱུ་མཚན་ཡོད་དེ། ཡས་བབས་ཀྱི་དགའ་བ་བཞི་ལས་ཕྲ་ཞིང་རྟོགས་དཀའ་བའི་བདེ་སྟོང་གི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དེ་ཡང་དཀྱིལ་འཁོར་རྒྱལ་མཆོག་གི་སྔོན་དུ་ཤུནྱ་ཏའི་སྔགས་དོན་བསྒོམ་དགོས་ཆོས་སྐུར་ང་རྒྱལ་འཇོག་ལ། དེ་ལ་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཞི་ལ་སེམས་ཅན་འཆི་ཚེ་གཉིས་སྣང་རགས་པ་ལ་ཐིམ་ནས་འཆི་བ་འོད་གསལ་སྐད་ཅིག་མ་གཅིག་ལ་མྱོང་བ་དང་ཆོས་མཐུན། འབྲས་བུ་རྣམ་མཁྱེན་སྐད་ཅིག་དང་པོ་ཐོབ་པའི་ཚེ་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་དང་རྣམ་པ་མཐུན་པས་དེ་ལྟར་བཞག་པའི་ཕྱིར། དཀྱིལ་འཁོར་རྒྱལ་མཆོག་གི་སྦྱང་གཞི་མངལ་སྐྱེས་ཀྱི་གནས་སྐབས་ལ་རྣམ་པ་ལྔས་བྱང་ཆུབ་པར་འཇོག་པ་ལ༴ མེར་མེར་པོ་ལ་སོགས་པ་མངལ་གྱི་གནས་སྐབས་ལྔའམ། ཕུང་པོ་ཁམས་སྐྱེ་མཆེད་དབང་པོ་བྱ་བ་དང་བཅས་པ་རྫོགས་པའི་སྒོས་ཆོས་དེ་ལྟར་བཞག་པའི་ཕྱིར། སྦྱོང་བྱེད་དཀྱིལ་འཁོར་རྒྱལ་མཆོག་ལའང་མངོན་བྱང་ལྔས་མངོན་པར་བྱང་ཆུབ་པར་འཇོག་པའི= དེའི་གཙོ་བོ་ཡབ་ཡུམ་མངོན་བྱང་ལྔ་ལས་བྱང་ཆུབ་ཅིང་། འཁོར་རྣམས་ཀྱང་དེའི་མངལ་ནས་སྤྲོ་བ་དེ་ལྟར་བཞག་པའི་


JKT005_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང་། འབྲས་བུའི་སྐབས་ཀྱི་ཡེ་ཤེས་ལྔ་མངོན་པར་བྱང་ཆུབ་པ་དང་རྣམ་པ་མཐུན་པར་བསྒོམས་པས་དེ་ལྟར་བཞག་པའི་ཕྱིར། ལས་རྒྱལ་མཆོག་གི་སྦྱང་གཞི་ཕྱི་རོལ་དུ་བཙས་པའི་གནས་སྐབས་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པར་འཇོག་པའི༴ བཙས་ནས་དབང་པོ་ཡུལ་ལ་མ་སད་པའི་གནས་སྐབས་སྣ་བུག་ནས་ཁམས་ལྔའི་རླུང་བཅུ་སྤྲོ་བ་དང་། དབང་པོ་ཡུལ་ལ་སད་པའི་གནས་སྐབས་ནས་ཁམས་ལྔའི་རླུང་བཅུ་སྤྲོ་བའི་གནས་སྐབས་ཉི་ཤུར་རྫོགས་པས་དེ་ལྟར་བཞག་པའི་ཕྱིར། སྦྱོང་བྱེད་ལས་རྒྱལ་མཆོག་ལའང་རྣམ་པ་ཉི་ཤུས་བྱང་ཆུབ་པར་བཞག་པའི༴ བསྐུལ་བ་ལྔ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ། རྡོ་རྗེ་འཆང་གི་ངོ་བོར་བཞེངས་པ་ལྔ། དགུག་གཞུག་བཅིངས་མཉེས་རོ་མཉམ་དུ་གྱུར་པ་ལྔ། དབང་བསྐུར་དང་རྒྱས་གདབ་བཞི་སྟེ། ཉི་ཤུའི་སྒོ་ནས་བྱང་ཆུབ་པས་དེ་ལྟར་བཞག་པའི་ཕྱིར། ཡང་ལས་རྒྱལ་མཆོག་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པར་བཞག་པའི་རྒྱུ་མཚན། ལས་རྒྱལ་མཆོག་གི་ལྷ་དམ་ཚིག་པ་ཐམས་ཅད་ཁམས་ལྔར་འདུས་ལ། དེ་རེ་རེ་ལའང་ཐབས་ཤེས་གཉིས་གཉིས་ཀྱི་དབྱེ་བས་བཅུ། སྤྱན་དྲངས་པའི་ལྷ་ཐམས་ཅད་ཀྱང་ཁམས་ལྔར་འདུས་ཤིང་། དེ་རེ་རེར་ཡང་ཐབས་ཤེས་ཀྱི་དབྱེ་བས་བཅུ་སྟེ། དེ་ལྟ་བུའི་རྣམ་པ་ཉི་ཤུས་བྱང་ཆུབ་པ་དེ་ལྟར་བཞག་པའི་ཕྱིར། ཕྲ་ཐིག་གི་རྣལ་འབྱོར་གྱིས་སྦྱང་གཞི་ལོ་


JKT005_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་ལོན་ནས་ཡེ་ཤེས་ཀྱི་ཁམས་རྫོགས་པའི་གནས་སྐབས་ལས་བྱུང་བ་སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་པ་ཞེས༴ དེའི་སྐབས་སུ་རང་གི་ཆུང་མ་དང་མཉམ་པར་སྦྱོར་བའི་སྒོ་ནས་བུ་མོ་ལ་སོགས་པ་སྤྲོ་བའི་རྒྱུ་མཚན་ཡོད་དེ། སྦྱོར་བ་བྱེ་བྲག་གི་རྣལ་འབྱོར་ལའང་སྒྱུ་འཕྲུལ་དྲྭ་བས༴ ཕྲ་ཐིག་གི་རྣལ་འབྱོར་གྱིས་ཟིན་པའི་སྒོ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་གསལ་སྣང་དང་ང་རྒྱལ་འདོན་པ་དང་། བཟླས་པ། མཆོད་བསྟོད། ཞི་རྒྱས་ཀྱི་ལས་རབ་འབྱམས་བསྒྲུབ་པའི་སྒོ་ནས་དེ་ལྟར་བཞག་པའི་ཕྱིར་རོ། །གསུམ་པ་མཐར་བཟླས་པ་སོགས་བྱེད་ཚུལ་ལ་བཞི་སྟེ། བཟླས་པ་བྱེད་ཚུལ་དངོས་དང་། མཆོད་བསྟོད་བདུད་རྩི་མྱོང་བ། གཤེགས་སུ་གསོལ་བ། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པའི་ཚུལ་དང་བཞི། དང་པོ་ནི། དེ་ལྟ་བུའི་ཏིང་འཛིན་བསྒོམས་པས་སྐྱོ་ན་ཕྲེང་བ་བྱིན་གྱིས་བརླབས་ནས་བཟླས་པ་བྱའོ། །ཕྲེང་བའི་རྒྱུ་ཞི་རྒྱས་ལ་ཤེལ། བསད་བསྐྲད་ལ་མིའི་སོ་དང་རྟ་ཡི་སོ། དབང་དགུག་ལ་བོ་དྷི་ཙིཏྟ་དང་ཙནྡན་དམར་པོ། རྨོངས་རེངས་ལ་ལུང་ཐང་དང་རུ་རཀྟ་སོགས་བསྔགས་སོ། །གྲངས་ནི་བརྒྱ་བརྒྱད་མདོ་འཛིན་བཞི་དང་བཅས་པའོ། །བཟླས་པ་དབང་བསྐུར་བདག་འཇུག་སོགས་ལེན་རུང་ཙམ་ལ། གཙོ་བོ་ལ་འབུམ་ཕྲག་གཅིག །འཁོར་རྣམས་ལ་ཁྲི་སྟེ། དེ་ཡང་གསུང་དཀྱིལ་དང་སྐུ་དཀྱིལ་མི་དགོས་སོ། །


JKT005_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་ན་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་གྱི་ལྷ་ཐུགས་དཀྱིལ་དུ་ངེས་པའི་ཕྱིར་རོ། །གཉིས་པ་ནི། དུས་ཞབས་པས་མཆོད་པ་བཅུ་ཙམ་དང་། སཱ་དྷུ་པུ་ཏྲས་ལྷ་མོ་བཅུ་བཞི། ཨ་བྷཱ་ཡས་ཆུ་བཞི་ཉེར་སྤྱོད་དང་བཅས་པས་མཆོད་པར་བཞེད་དེ་རང་ལུགས་ཕྱི་མ་ལྟར་རོ། །བསྟོད་པ་ནི། མཆོག་སྦྱིན་རྡོ་རྗེ་སོགས། འགྲེལ་ཆེན་ལས། འདུད་ཉི་ཤུའོ། །གསུམ་པ་ནི། གཙོ་བོ་ཡབ་ཡུམ་མ་གཏོགས་པ་བདེ་ཆེན་འཁོར་ལོའི་ལྷ་རྣམས་གཤེགས་སུ་གསོལ་བ་སོགས་དང་། བཞི་པ་ཁ་ཟས་དང་། གཉིད་ཀྱི་རྣལ་འབྱོར་སོགས་རྒྱུད་འགྲེལ་ལས་བྱུང་བ་བཞིན་བསྟེན་པར་བྱའོ། །དེ་ཡན་ཆད་ཀྱིས་སྒྲུབ་ཐབས་པད་-དཀར་ཞལ་ལུང་གི་ཊཱི་ཀ་ཚིག་དོན་རབ་གསལ་ལྟར་བཤད་ཟིན་ཏོ། །གཉིས་པ་རྫོགས་རིམ་བཤད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ། སྡིག་སྒྲིབ་དག་པར་བྱེད་པ་རྡོར་སེམས་སྒོམ་བཟླས་དང་། ཚོགས་གསོག་ཅིང་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གཉིས་དང་། ཁྱད་པར་ལྟོས་མེད་དྲུག་ཅེས་ལུས་ངག་ཡིད་གསུམ་གྱི་བྱ་བ་སྤྲོས་པ་མང་པོ་མེད་པ་སྟེ་དེ་དག་འདོར་བ་དང་། འཕོ་བའི་བདེ་བ་ལ་ལྟོས་པ་མེད་པ་དང་། ལུས་དང་དབང་པོ་ལ་ལྷག་པར་ཆགས་པའི་གཞི་ལུས་དང་དབང་པོ་ལ་ལྟོས་པ་མེད་པ་སྟེ་དྲུག་གོ །དེ་དག་ནི་བསྐྱེད་རིམ་གྱིའང་སྔོན་དུ་འགྲོ་དགོས་སོ། །


JKT005_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། སྔར་སྨོས་པའི་བསྐྱེད་རིམ་གོམས་ནས། གང་ལ་གནད་དུ་བསྣུན་པའི་གཞི་རྡོ་རྗེ་ལུས་ཀྱི་རྣམ་གཞག །དེ་ལ་གནད་དུ་བསྣུན་ནས་སྒོམ་པའི་རྫོགས་རིམ་ཡན་ལག་དྲུག་ཐུན་མོང་བའི་རྣམ་བཤད། །ཡན་ལག་དྲུག་སོ་སོར་ཉམས་སུ་ལེན་ཚུལ་བཤད་པའོ། །དང་པོ་ལའང་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་རྣམས་ནང་ལེ་ལྟར་བཤད་དོ། །གཉིས་པ་ནི། སྤྱིར་འདིའི་ཐ་སྙད་ཙམ་གསང་འདུས། །ཀྱེ་རྡོར། བདེ་མཆོག་སོགས་ཕལ་ཆེར་ལས་འབྱུང་ཡང་། འདིར་རྫོགས་རིམ་ཉིད་ལ་དྲུག་ཏུ་ཕྱེ་བ་ཡིན་ལ། དྲུག་པོ་དེ་ཡང་བསྙེན་སྒྲུབ་ཡན་ལག་བཞི་དང་། རྡོ་རྗེའི་རྣལ་འབྱོར་བཞི་དང་། དགེ་བ་གསུམ་སོགས་ཀྱི་ཆིངས་ཀྱིས་བསྡུས་ཏེ་འཆད་ལ། དེ་ཡང་སོར་སྡུད་ཀྱིས་སྟོང་གཟུགས་གསར་དུ་མཐོང་བ་བསྒྲུབ། བསམ་གཏན་གྱིས་དེ་བརྟན་པར་བྱེད། དེའི་རྗེས་སུ་སྲོག་འཛིན་གཉིས་ཀྱིས་རླུང་སེམས་དབང་དུ་བྱས། དེ་ལས་རྗེས་དྲན་གྱི་སྐུར་ལངས། དེས་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཏིང་ངེ་འཛིན་གྱི་ཡན་ལག་བསྐྱེད་པ་མཐར་ཕྱིན་པ་ལས་དང་པོའི་སངས་རྒྱས་མངོན་དུ་བྱེད་པར་དགོངས་པ་མཐུན་ནོ། །གསུམ་པ་ནི། དུས་ཞབས་སྙན་བརྒྱུད་ལས་སོ་སོར་དྲུག་ཚན་རེ་རེས་ཉམས་སུ་ལེན་ཚུལ་ཇི་ལྟར་གསུངས་པ་བཞིན་རྟོགས་པར་བྱའོ། །དེ་ལྟར་བསྒོམས་པའི་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ནི་


JKT005_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་དུ་ཤེས་པར་བྱའོ། །འདི་ཡང་རྣལ་འབྱོར་ཡན་ལག་དྲུག་གི་ཁྲིད་ཡིག་གཙང་ཤབ་སྟོད་རི་བོ་བདེ་ཆེན། སྐལ་བཟང་ལམ་གྱི་འཇུག་ངོགས་ལྟར་བཤད་པའོ། །ཤུབྷཾ།། ༈ །།མཆོད་པའི་སྐབས། ཤ་ལྔ་དང་བདུད་རྩི་ལྔ་ལ་སྒྲོན་མ་ལྔ་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། དངོས་གྲུབ་གསལ་བར་བྱེད་པ་དང་། མྱུར་དུ་འགུགས་པར་བྱེད་པའི་ཕྱིར། རྡོར་སེམས་སྔགས་དོན། ཨོ་ནི་སྐུ་གསུམ་མམ་རྡོ་རྗེ་གསུམ། བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། ཞེས་པ། རྡོ་རྗེ་སེམས་དཔའི་དམ་ཚིག་བཞིན་དུ་རྗེས་སུ་སྐྱོངས། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། ཞེས་པ། རྡོ་རྗེ་སེམས་དཔའ་ཉེ་བར་མནོས། དྲི་དྷོ་མེ་བྷ་ཝ་སོགས་བཞིས། འི་རང་བཞིན་དུ་མཛོད། བདག་ལ་མཛེས་པའི་རང་བཞིན༴ བདག་ལ་ཆགས་པའི་རང་བཞིན༴ བདག་ལ་དགའ་བའི་རང་བཞིན༔ སརྦ་སིདྡྷི་སོགས་ཚན་གཉིས་ཀྱིས། དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། ལས་ཐམས་ཅད་བདག་ལ་སྩོལ། ཙིཏྟཾ་ཤྲཱི་ཡ་ཀུ་རུ། བདག་གི་ནི་དཔལ་དུ་མཛོད། ཧཱུཾ་དང་ཧ་བཞིས་ཡེ་ཤེས་ལྔ་དང་། ཧོས་རང་རྒྱུད་དབྱེར་མི་ཕྱེད་པར་བསྟན། བྷ་ག་ཝཱན༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བོད་པའོ། །མ་མེ་མུཉྩ༔ བདག་མ་འདོར་ཅེས་བསྐུལ་བའོ། །གང་གིས་ན། བཛྲ་བྷ་ཝ= རྡོ་རྗེའི་རང་བཞིན་དམ་ཚིག་ཆེན་པོ་སེམས་དཔས་སོ། །


JKT005_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཨས་ནི་ལྷ་དང་རང་དང་སྤང་བྱ་གསུམ་རང་བཞིན་མེད་པར་བསྟན། ཧཱུཾ་གིས་སྤང་བྱ་འཇོམས་པ། ཕཊ་ཀྱིས་དགེས་པར་བསྟན་ཏོ། ༈ །ཚོགས་བསགས་ཕྱག་འཚལ་གྱི་སྐབས། ཕྱག་འཚལ་ལོ་ཞེས་དྲངས། གང་ལ་ན། ཉིན་ཞག་གཅིག་ལ་རྒྱུ་བའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་ཆ་ནས་དུས། ལྟེ་བའི་འཕོ་ཆེན་བཅུ་གཉིས་ཀྱི་རླུང་གི་འཁོར་ལོ་འགགས་པའི་ཆ་ནས་འཁོར་ལོ་སྟེ། དེ་ལྟ་བུའི་དུས་གྱི་འཁོར་ལོ་ལའོ། །དེ་ཆོས་ཅན། ཡོན་ཏན་གྱི་ཁྱད་པར་གསུམ་དང་ལྡན་ཏེ། སྟོང་ཉིད་སྙིང་རྗེ་དབྱེར་མི་ཕྱེད་པ་དང་། སྲིད་གསུམ་སྐྱེ་འཇིག་མེད་པ་དང་། ཤེས་དང་ཤེས་བྱ་གཅིག་པའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །དང་པོ་དང་ལྡན་ཏེ། རྣམ་མེད་ཀྱི་ཡུལ་སྟོང་ཉིད་སྙིང་རྗེ་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་གྱི་ཡེ་ཤེས་གཉིས་དབྱེར་མེད་པ་ལ་འཁོར་བ་མ་སྟོང་གི་བར་དུ་མཉམ་པར་བཞག་པའི་ཡོན་ཏན་དང་ལྡན་པའི་ཕྱིར། གཉིས་པ་དང་ལྡན་ཏེ། སྲིད་པ་འཁོར་བར་ལས་ཉོན་གྱིས་སྐྱེ་བའི་སྲིད་མཐའ་དང་། འཇིག་པ་དེ་ཟད་པ་ཙམ་གྱིས་ཞི་མཐའ་སྤངས་པའི་ཡོན་ཏན་དང་ལྡན་པའི་ཕྱིར། གསུམ་དང་ལྡན་ཏེ། ཤེས་པ་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་དང་། ཤེས་བྱ་རྣམ་བཅས་ཀྱི་སྟོང་གཟུགས་གཉིས་སྐུ་དང་ཐུགས་རྡོ་རྗེ་གཅིག་ཏུ་སྦྱོར་བའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། ༈ །དེ་བཞིན་གཤེགས་པའི་རྣམ་


JKT005_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དབང་ལྡན་ཕྱི་ལ་སྦྱར་ན། ཨ། སྲོག་མེད་ཡུ་རུ་ལུ་ཝུ་ལྔས་ཁམས་ལྔ། མས་རི་རབ། ཀླས་འདོད་ལྷ་དང་གཟུགས་ཁམས། ཧས་གཟུགས་མེད་ཁམས་མཚོན། རྣམ་བཅད་དང་ཐིག་ལེ་གཉིས་ཉི་ཟླའོ། །ནང་ལུས་ལ་སྦྱར་ན། ཨ་ཡ་ར་ཝ་ལ་ལྔས་མའི་གཙུག་ཏོར་དཔྲལ་མགྲིན་སྙིང་ལྕེའི་རྩ་འཁོར་རྣམས་མཚོན། མ་ཡིག་གིས་ལྟེ་བ་ནས་གསང་གནས་བར། ཀྵས་གསང་གནས་ནང་གི་རྩ་འདབ་བརྒྱད། ཧ་རྣམ་བཅད་ཐིག་ལེ་གསུམ་གྱིས་གསང་གནས་ནང་གི་དབུ་རྐྱང་རོ་གསུམ་མཚོན། གཞན་ལ་སྦྱར་ན་གསུམ་གྱི། དང་པོ་བསྐྱེད་རིམ་ལ་སྦྱར་བ་ནི་སྒྲུབ་ཐབས་དངོས་ལས་བཤད་ལ། གཉིས་པ་རྫོགས་རིམ་ལ་སྦྱར་ན། ཨ་ནས་ཀྵ་ཡིག་གི་བར་ནི་སྔ་མའི་ལུས་ལ་སྦྱར་བ་བཞིན་དུ་སྒྲུབ་པོ་རང་གི་གཙུག་ཏོར་ནས་གསང་གནས་ཀྱི་བར་གྱི་རྩ་འཁོར་རྣམས་མཚོན། ཧ་ཡིག་གིས་རང་སེམས། སེམས་དེས་རྩ་འཁོར་གསུམ་གནད་དུ་བསྣུན་པས་ཁམས་དཀར་དམར་གྱི་འཕྲོ་འདུ་འབྱུང་བ་ནི། རྣམ་བཅད་དང་ཐིག་ལེས་མཚོན། ནཱ་དས་ནི་སེམས་བདེ་ཆེན་གྱི་ངོ་བོར་སྐྱེ་བར་མཚོན། གསུམ་པ་འབྲས་བུ་ལ་སྦྱར་ན། ཀྵས་སྟོང་གཟུགས། ཧས་མཆོག་ཏུ་མི་འགྱུར་བའི་བདེ་ཆེན། ཨས་རྣམ་མེད་སྟོང་ཉིད། དེ་འདྲའི་སྟོང་གཟུགས་དང་མཆོག་ཏུ་མི་འགྱུར་བའི་བདེ་སྟོང་དབྱེར་མེད་ཉིད་སྐུ་དང་ཐུགས་སུ་ངོ་བོ་གཅིག་ཏུ་སྦྱང་ནས་ཁམས་ལྔ་


JKT005_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་བྲལ་དུ་བྱས་པ་ནི་ཡི་གེ་ཁ་ཕྲལ་གྱིས་མཚོན་པའོ། ༈ །དུར་ཁྲོད་ལས་༡༦སྐུ་རུ་དབྱེ་བ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའམ། སྐུ་གསུམ་ངོ་བོ་ཉིད་དང་བཞིར་ནང་གསེས་ཀྱི་ལྡོག་པའི་སྒོ་ནས་དབྱེ་ན་བཅུ་དྲུག་ཏུ་འགྱུར་རོ། ༈ །དུར་ཁྲོད་ཀྱི་སྲོག་ཆགས་ལས། བྷེ་ཏུན་ནི་བྱའི་རིགས་སེར་པོ། ཏི་ཀ་ནི། བྷཀླུ་ཀ་དང་མིང་གི་རྣམ་གྲངས་ཏེ་དོམ་མོ། །རྒྱུད་ལས་སྡེབ་སྦྱོར་གྱི་དབང་གིས་གུར་བ་ད་ན་ཞེས་འབྱུང་བཤང་གདོང་ངམ་ཏེའུ་ལོ་པ། ཕ་ཝཾ། བཤང་གདོང་ནི་བོད་དུ་གྲགས་པའི་བྱ་མ་བྱེའུ་དང་། མིག་སྔོན་ནི། གཤོག་པ་ཅན་གྱི་འདྲེ་བྱ་མ་ཡིན། མཁའ་ལྡིང་ཨ་ནཱི་ལ་ནི་ཁ་དོག་ལྔ་པའི་མཁའ་ལྡིང་དང་། སེང་གེ་རྐང་པ་བརྒྱད་པ་ནི་གཤོག་པ་བཞི་དང་རྐང་ལག་རྣམས་ཡོད་པའི་སེང་གེའི་དབང་པོའོ། །ཞེས་བཤད་དོ། ༈ །མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ་ལ་བཞི། མཚན་བསྟན་པ། མཆོད་པར་བརྗོད་པ། གཞུང་གི་དོན། མཇུག་གི་དོན་ནོ། །གཞུང་གི་དོན་ལ་གསུམ། མཁྱེན་པར་གསོལ་བ། སྨོན་ལམ་དངོས། བདེན་པའི་སྟོབས་བརྗོད་པའོ། །དང་པོ་ནི། མཐའ་ཡས་སོགས་སོ། །གཉིས་པ་སྨོན་ལམ་དངོས་ལ་གཉིས། རང་བཞིན་རྗེས་སུ་དྲན་པ་དང་། ཐུགས་དམ་གནད་ནས་བསྐུལ་བའོ། །དང་པོ་ནི། འོག་མིན་སོགས། གཉིས་པ་ལ་གཉིས། རྒྱུད་ཀྱི་རྡོ་རྗེའི་གནས་དང་སྦྱར་བ་དང་། སྔོན་རབས་ཀྱི་


JKT005_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་དང་སྦྱར་བའོ། །དང་པོ་ནི། ཨེ་མ་སོགས་སོ། །གཉིས་པ་ནི། ཨོ་ཌི་བི་ཤ་སོགས་སོ། །གསུམ་པ་བདེན་པའི་སྟོབས་བརྗོད་པ་ནི། རྩ་བརྒྱུད་བླ་མ་སོགས་སོ། །བཞི་པ་མཇུག་གི་དོན་ནི། །ཞེས་སོགས་སོ།། ༈ །དུས་འཁོར་ཞེས་པའི་སྒྲ་དོན། ཕྱི་རོལ་ཏུ་ཉིན་མོ་དང་མཚན་མོའི་ཆ་ནི་དུས། དེ་ལ་ཁྱིམ་གྱི་འཕོ་བ་བཅུ་གཉིས། འཕོ་བ་རེ་རེ་ལ་ཉིན་ཞག་སུམ་ཅུ། ཉིན་ཞག་རེ་རེ་ལ་དབུགས་ཉི་ཁྲི་ཟློ ཆིག་སྟོང་དྲུག་བརྒྱའི་ཡུན་སོ་སོར་ཕྱེ་བ་ནི་འཁོར་ལོ་ཞེས་བྱ་ཞིང་། དེ་བཞིན་དུ་ནང་ལ་ཡང་ཉིན་ཞག་རེ་རེ་ལ་དབུགས༢༡༦༠༠། འབྱུང་འཇུག་བྱེད་པའི་འཕོ་ཆེན་བཅུ་གཉིས་ཀྱི་རྒྱུ་བ་ནི་འཁོར་ལོ་ཞེས་བྱ་ལ། ཕྱི་ནང་ནི་དུས་ཀྱི་འཁོར་ལོ་དེ་གཉིས་པོ་སྦྱོང་བྱེད་ཀྱིས་སྦྱངས་པས་སྦྱངས་འབྲས་དབུགས་ཀྱི་རྒྱུ་བ་མ་ལུས་པ་འགོག་པའི་སྲོག་ཆེན་པོ་ནི་དུས་དང་། ས་བཅུ་གཉིས་པོ་རེ་རེ་ལ་ཡང་རླུང་སྟོང་བརྒྱད་བརྒྱ་རེའི་རྒྱུ་བ་འགགས་པའི་སྒོ་ནས་གཞི་དུས་ཀྱི་འཕོ་ཆེན་བཅུ་གཉིས་ཀྱི་འཁོར་ལོ་མ་ལུས་པ་འགགས་པའི་ལྡོག་པ་ལ་འདིར་འབྲས་བུ་དུས་ཀྱི་འཁོར་ལོ་ཞེས་བརྗོད་དེ། རྩ་རྒྱུད་ལས། དུས་ཆེན་པོ་ནི་སྲོག་ཆེན་པོ། །འདས་པའི་དབུགས་བགྲོད་ཟད་པ་ལས། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །བརྒྱ་ཕྲག་དྲུག་གི་དབུགས་རྣམས་ཏེ། །སྲིད་པ་གསུམ་དུ་དབུགས་འཁོར་ལོ། །འདི་ནི་དུས་ཀྱི་འཁོར་ལོར་བཤད། །ཅེས་


JKT005_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་རོ། །དེས་ན་ངོ་བོ་གཅིག་ཉིད་ལ་དབུགས་༢༡༦༠༠འགགས་པའི་ལྡོག་པས་དུས་དང་། འཕོ་བ་བཅུ་གཉིས་འགགས་པའི་ལྡོག་པས་འཁོར་ལོར་བཞག་པ་ཡིན་ཅིང་། སངས་རྒྱས་ནི་མི་འགྱུར་བའི་བདེ་བ་༢༡༦༠༠རྫོགས་པར་ཐོབ་པའི་ལྡོག་པ་ནས་འཇོག་པ་ཡིན་ནོ། །དེ་ཡང་དགའ་བ་བཅུ་དྲུག་རྫོགས་པའི་ལྡོག་པ་ནས་དེ་ཉིད་བཅུ་དྲུག་གི་བདག་ཉིད་ཅན་གྱི་སངས་རྒྱས་ཞེས་བྱ་ལ། འཕོ་བ་བཅུ་། གཉིས་འགགས་པས་བདེན་དོན་བཅུ་གཉིས་དང་ལྡན་པའི་དུས་ཀྱི་འཁོར་ལོ་ཞེས་བྱའོ། །སྟོང་དང་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པ་ཡི། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཧཱུཾ།། ༈ །།འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། སྟོང་པ་ཆེན་པོ་ཡི་གེ་ཁུ་བ་འཛག་ཨ་ཨི་རི་ཨུ་ལ། ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་པའི་ངོ་བོ་རྣམས་ཀ་ཙ་ཊ་པ་ཏ་ས། །ཅེས་པའི་དོན། དང་པོ་ནི། དབུས་སུ་ཡེ་ཤེས་ཀྱི་ཕུང་པོ། ༔ ཡེ་ཤེས་ཀྱི་ཁམས། ནམ་མཁའི་ཁམས། ཡིད། རྣ་བ། སྒྲ། ཆོས་ཁམས། མཆོག་གི་དབང་པོ། བྷ་ག །ཆུ་འཛག་པ། སྒྲིབ་པ་མེད་པ་ཉིད་སོ་སོ་རང་གི་ཡུལ་འཛིན་པ་རྣམ་པ་སྤངས་པ་གཅིག་ཏུ་འདྲེས་པར་གྱུར་པའི་སྟོང་པའི་ཡི་གེ་དང་པོ། ཨ་རྣལ་འབྱོར་པས་རང་གི་རིག་པར་བྱ་བས་ཐམས་ཅད་མེད་པ་མ་ཡིན་པའི་མཚན་ཉིད་དེ་ཉིད་གཞོམ་དུ་མེད་པ་ལས་ཡི་གེའི་གཟུགས་


JKT005_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་བརྗོད་དུ་མེད་པ་གྲི་གུག་གི་རྣམ་པའོ། །དབུས་མ་གཞོམ་དུ་མེད་པའི་མཚན་མ་དེ་ལས། ཤར་དུ་འདུ་བྱེད་ཀྱི་ཕུང་པོ། རླུང་ཁམས། སྣ། རེག་བྱ། ངག་གི་དབང་པོ། བཤང་བ་འཛག་པ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པར་གྱུར་པའི་སྟོང་པའི་ཡི་གེ་གཉིས་པ་ཨི་བརྗོད་དུ་མེད་པ་དབྱུག་པའི་རྣམ་པའོ། །གཡས་སུ་ཚོར་ཕུང་། མེ་ཁམས། མིག །རོ། ལག་པ། འགྲོ་བ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་སྟོང་པའི་ཡི་གེ་གསུམ་པ་བརྗོད་དུ་མེད་པ་ཚེགས་དྲག་གི་རྣམ་པའོ། །གཡོན་དུ་འདུ་ཤེས་ཀྱི་ཕུང་པོ་ཆུ་ཁམས། ལྕེ། གཟུགས། རྐང་པ། ལེན་པ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པའི་ཡི་གེ་བཞི་པ་ཨུ་བརྗོད་དུ་མེད་པ་ཐིག་ལེའི་རྣམ་པ། རྒྱབ་ཏུ་གཟུགས་ཕུང་། ས་ཁམས། ལུས་དབང་། དྲི། གཅི་བ་འཛག་པ། སྨྲ་བ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པ་སྟོང་པའི་ཡི་གེ་ལྔ་པ་ལཾ་བརྗོད་དུ་མེད་པ་ཐོང་གཤོལ་གྱི་རྣམ་པ་སྟེ། ཝཾ་ཡིག་སྟོང་པ་ཆེན་པོ་དམིགས་པ་མེད་པ་སྙིང་རྗེའི་བདག་ཉིད་ཅན། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་རྣ རིག་བྱེད་དོ། །དེའི་རྟེན་དུ་གྱུར་པ། རྣམ་ཤེས་ཀྱི་ཕུང་པོ། ནམ་མཁའི་ཁམས། རྣ་བ། ཆོས་ཁམས། ཁུ་བ་འཛག་པ། སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད་དབུས་ཀྱི་མཚན་མའི་སྟེང་དུ་


JKT005_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་དང་པོ། ཤར་གྱི་ཤར་དུ་འདུ་བྱེད་ཀྱི་ཕུང་པོ། རླུང་ཁམས་སྣ། རེག་བྱ། ངག །བཤང་བ་འཛག་པ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་ཉིད་ཙ་སྡེའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཡི་གེ་ཙ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་གཉིས་པ། གཡས་ཀྱི་གཡས་སུ་ཚོར་ཕུང་། མེ་ཁམས། མིག །རོ། ལག་པའི་དབང་པོ། འགྲོ་བ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད་ཊའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཡི་གེ་ཊ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་གསུམ་པ། གཡོན་གྱི་གཡོན་དུ་འདུ་ཤེས་ཀྱི་ཕུང་པོ། ཆུ་ཁམས། ལྕེ། གཟུགས། རྐང་པའི་དབང་པོ། ལེན་པ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད་པའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཡི་གེ་པ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་བཞི་པ། ནུབ་ཀྱི་ནུབ་ཏུ་གཟུགས་ཕུང་། ས་ཁམས། ལུས། དྲི། གཅི་བ་འཛག་པ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཏའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་ཏ་བརྗོད་དུ་མེད་པ་ཐིག་ལེ་སྟོང་པ་ལྔ་པ། དབུས་ཀྱི་འོག་ཏུ་ཡེ་ཤེས་ཀྱི་ཕུང་པོ། ཡེ་ཤེས་ཀྱི་ཁམས། ཡིད། སྒྲ། མཆོག་གི་དབང་པོ། ཆུ་འཛག་པ་སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་སའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་
ས་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་དྲུག་པའོ། །དེ་དག་ཆོས་ཀྱི་འབྱུང་གནས་ཨའི་རྣམ་པ་དམིགས་པ་དང་བཅས་པའི་ཤེས་རབ་མ་པྲ་ཕབ་པའི་རང་བཞིན་ཅན་རིག་བྱའོ། །ཡུལ་ལ་གཏོད་པའི་བློ་ནི་རིག་བྱེད་ཡིན་ལ། གཏོད་ཡུལ་སྣང་ཙམ་པ་དེ་ནི་ཡུལ་ལོ། །དེ་གཉིས་སྦྱར་བ་ནི་སྣང་ཙམ་ཉམས་སུ་མྱོང་ན་ཡུལ་ཡུལ་ཅན་གཉིས་སུ་སྣང་བ་འཇིག་སྟེ་སྣང་ཙམ་རང་བཞིན་མ་གྲུབ་པའི་གནད་ཀྱིས་སོ། །


previousའཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་རྡོ་རྗེའི་ཚིག་གི་དུམ་བུ་ཞིག་དོན་ཅུང་ཟད་རྒྱས་པར་བཀྲལ་བ་གྲུབ་པའི་ཞལ་ལུང་། next