Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་པ་ཨེ་ཝཾ་གྱི་སྒྲ་སྒྲུབ་ཚུལ་མཚོན་དོན་དང་བཅས་པ་ཅུང་ཟད་བཤད་པ།
   
   
   
   
   
   
   
   
   
   


 
previousདཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་པ་ཨེ་ཝཾ་གྱི་སྒྲ་སྒྲུབ་ཚུལ་མཚོན་དོན་དང་བཅས་པ་ཅུང་ཟད་བཤད་པ། next

དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་པ་ཨེ་ཝཾ་གྱི་སྒྲ་སྒྲུབ་ཚུལ་མཚོན་དོན་དང་བཅས་པ་ཅུང་ཟད་བཤད་པ།


JKT005_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་པ་ཨེ་ཝཾ་གྱི་སྒྲ་སྒྲུབ་ཚུལ་མཚོན་དོན་དང་བཅས་པ་ཅུང་ཟད་བཤད་པ་བཞུགས་སོ། །ཨོ་སྭ་སྟི། དེའང་རྒྱུད་དོན་ཐམས་ཅད་མདོར་བསྡུ་ན་ཨེ་ཝཾ་གཉིས་སུ་འདུ་སྟེ། དཔལ་གསང་བ་འདུས་པའི་བཤད་རྒྱུད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་གྲངས་སྙེད་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་ཡང་དག་བསྟན། །ཡི་གེ་ཨེ་ནི་མར་གྱུར་ལ། །ཝ་ནི་ཕ་ཞེས་བྱ་བར་བཤད། །ཐིག་ལེ་དེ་གཉིས་སྦྱོར་བས་ཏེ། །དེ་ནི་ཤིན་ཏུ་རྨད་བྱུང་བའོ། །ཞེས་གསུངས་པ་ལྟར། དེའི་སྒྲ་སྒྲུབ་ཐུན་མོང་གི་དབང་དུ་བྱས་པ་ནི་རྟེན་འབྲེལ་སྙིང་པོའི་སྒྲ་སྒྲུབ་སྐབས་སྨོས་ཟིན་ནའང་ངེས་ཚིག་དང་དག་སྦྱོར་བཤད་དུ་མེད་པའི་ཕྱིར། འདིར་སྐབས་སུ་བབ་པ། དཔལ་དུས་ཀྱི་འཁོར་ལོ་ལས། གཟུགས་སྒྲུབ་དང་།


JKT005_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅུང་ཟད་འཆད་ན། རྩ་རྒྱུད་ལས། ཐིག་ལེ་ཟླ་བ་ཁུ་བ་སྐྱ། །རྣམ་པར་བཅད་བྱ་རྡུལ་ཉི་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །ཞེས་པས། ཨ ཨ་མུ། ཞེས་བཞག །ཨ་ཏྲ་ལས་ཨ་ཏྲ་ལ་ཨུའོ་ཞེས་པས་རྣམ་བཅད་ཨུ་རུ་བསྒྱུར། ཨུ་བའོ་ཞེས་པས་ཨུ་ཝ་རུ་བསྒྱུར། དབྱངས་མེད་པ་ཕ་རོལ་ཏུ་ཡང་དག་པར་སྦྱར་རོ། །ཞེས་པས་བླ་སྲོག་མེད་ཨ་ལ་དྲངས། མ་རྗེས་སུ་ང་རོ། སྔོན་མའི་ཨ་ལ། རྟེན་དང་འབྱུང་བ་དག་ལའོ། །ཞེས་པས་རྣམ་དབྱེ་བདུན་པའི་རི་བྱིན་ནས་མཚམས་སྦྱར་བས། ཨེ་ཝཾ། ཞེས་གྲུབ་སྟེ། འདིར་ཨ་ཨུ་ཨོའོ་ཞེས་མི་ཟེར་བ་ནི་དོན་དམ་གྱི་བདེན་པ་མཚོན་པས་ན་འགྱུར་བ་མེད་དེ། འགྲེལ་ཆེན་ལས། དོན་དམ་པའི་བདེན་པ་ལ་ཡོན་ཏན་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་སྒྲུབ་པའི་མཚན་དོན་ཕྱི་ནང་གཞན་གསུམ་དང་སྦྱར་ན། ཐིག་ལེ་ནི་ཕྱི་རོལ་ཏུ་ཟླ་བ། ནང་དུ་ཁམས་དཀར་པོ་སྟེ་ཁུ་བ། གཞན་དུ་སྐུ་རྡོ་རྗེ་དང་། རྣམ་བཅད་ཕྱི་རོལ་ཏུ་པདྨ། ནང་དུ་རྡུལ་ཏེ་ཁྲག །གཞན་


JKT005_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསུང་རྡོ་རྗེ། ཨ་ཡིག་ཕྱི་རོལ་ཏུ་སྒྲ་གཅན། ནང་དུ་བར་དོའི་རྣམ་པར་ཤེས་པ། གཞན་དུ་ཐུགས་རྡོ་རྗེ། ཨེ་ནི་དེ་ཐམས་ཅད་ཀྱི་རྟེན་མཚོན་པ་དང་། ཡང་ཐབས་ཤེས་ཟུང་འཇུག་གི་ཚུལ་དུ་སྦྱར་ན། །ཨེ་ཡིག་གིས་ཕྱི་རོལ་དུ་ནམ་མཁའ་དང་། ནང་དུ་མའི་པདྨ་དང་། གཞན་བསྐྱེད་རིམ་ལྟར་ན་རྟེན་དང་། རྫོགས་རིམ་ལྟར་ན་ཕྱག་རྒྱ་ཆེན་པོ་མཚོན་ལ། ཝཾ་ཡིག་གིས་ཕྱི་རོལ་ཏུ་ཉི་ཟླ་སྒྲ་གཅན། ནང་དུ་ཕ་མའི་ཁུ་ཁྲག་གི་ཐིག་ལེ། གཞན་དུ་བསྐྱེད་རིམ་ལྟར་ན་བརྟེན་པ་དང་། རྫོགས་རིམ་ལྟར་ན་མི་འགྱུར་བའི་བདེ་བ་ཆེན་པོ་མཚོན་པར་བྱེད་དོ། །གཞན་ཡང་གཞི་ལམ་འབྲས་གསུམ་དང་སྦྱར་ན། དག་བྱ་སད་རྨི་གཉིད་དང་སྙོམས་འཇུག་གི་གནས་སྐབས་བསྐྱེད་པའི་ཐིག་ལེ་བཞི། དག་བྱེད་རྣམ་པར་དག་པ་དང་། ཆོས་དང་། སྔགས་དང་། དབྱིབས་ཀྱི་རྣལ་འབྱོར་བཞི། དག་པ་སྐད་ཅིག་གཅིག་དང་། རྣམ་པ་ལྔ་དང་། རྣམ་པ་ཉི་ཤུ་དང་། སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་པ་བཞི། དག་འབྲས་རྣམ་ཐར་བཞི། རྟོགས་པའི་མཁྱེན་པ་བཞི་དང་། དག་པའི་མཚན་ཉིད། སྟོང་མཚན། སྨོན་པ་མེད་པ། འོད་གསལ་བའི་རྣམ་ཐར་བཞི་དང་། དག་པའི་ངོ་བོ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་རྣམས་མཚོན་པའི་ཚུལ་ཤིན་ཏུ་རྒྱས་པར་བཤད་དུ་ཡོད་དོ། །མངྒ་ལཾ་བྷཱུ་ཡཱ་ཏྲ།


previousདཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་པ་ཨེ་ཝཾ་གྱི་སྒྲ་སྒྲུབ་ཚུལ་མཚོན་དོན་དང་བཅས་པ་ཅུང་ཟད་བཤད་པ། next