Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
དཔལ་ཡང་དག་པའི་གྲོལ་བའི་ལམ་ཡེ་ཤེས་ཐིག་ལེའི་མན་ངག
   
   
   
   
   
   
   
   


 
previousདཔལ་ཡང་དག་པའི་གྲོལ་བའི་ལམ་ཡེ་ཤེས་ཐིག་ལེའི་མན་ངགnext

དཔལ་ཡང་དག་པའི་གྲོལ་བའི་ལམ་ཡེ་ཤེས་ཐིག་ལེའི་མན་ངག


JKT005_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡང་དག་པའི་གྲོལ་བའི་ལམ་ཡེ་ཤེས་ཐིག་ལེའི་མན་ངག་བཞུགས་སོ།།


JKT005_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། གྲུབ་པའི་སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་ཀཱ་རས་མཛད་པའི་དཔལ་ཡང་དག་ཡེ་ཤེས་ཐིག་ལེའི་མན་ངག་གྲོལ་ལམ་མཐར་ཐུག་པ་འདི་འཆད་པ་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས། མཚན་བསྟན་པ་དང་། མཆོད་པར་བརྗོད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། ཛཱ་ན་བིནྡྷཱ་ཨུ་པ་དེ་ཤ །བོད་སྐད་དུ། ཡེ་ཤེས་ཐིག་ལེའི་མན་ངག །གཉིས་པ་ནི། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གཉིས་པ་གཞུང་གི་དོན་ལ་གཉིས། བཤད་བྱ་རྩ་བའི་མདོ་དང་། འཆད་བྱེད་དོན་གྱི་མན་ངག་གོ། །དང་པོ་ནི། ཡང་དག་གྲུབ་པ་གཅིག་པུ་ནི། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་


JKT005_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །གཉིས་པ་འཆད་བྱེད་དོན་གྱི་མན་ངག་བསྟན་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། དོན་དམ་ཡེ་ཤེས་ཐིག་ལེ་ཆེ། །མངོན་སུམ་གཏན་ལ་འབེབས་པའི་ལུང་། །མན་ངག་ངེས་པའི་སྙིང་པོ་ནི། །ལྟ་སྒོམ་སྤྱོད་འབྲས་ཚུལ་དུ་དབྱེ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི། དེ་ཁོ་ན་ཉིད་ལྟ་བ། ཉམས་སུ་མྱོང་བ་སྒོམ་པ། མཚམས་སྦྱར་བ་སྤྱོད་པ། མཐར་ཕྱིན་པ་འབྲས་བུའི་ཚུལ་ལོ། །དང་པོ་ནི། ཡང་དག་གནས་ལུགས་གདོད་མ་ནས། །རང་བཞིན་གྲུབ་པ་གཅིག་པུའི་གཤིས། །ཀུན་ཡིན་གང་ཡང་མ་ཡིན་པ། །རིག་པ་ཁྱབ་བརྡལ་ངོ་བོ་ཉིད། །སངས་རྒྱས་སེམས་ཅན་


JKT005_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ཀྱི་སྲོག །རང་སྣང་རྣམ་དག་བདེ་ཆེན་པོ། །མ་ལུས་ཀུན་འདུས་དགོངས་གཞིར་གནས། གང་ཡང་མ་འགགས་ཅིར་ཡང་འཆར། །རང་བྱུང་ཡེ་ཤེས་ངོ་བོར་ཐིམ། །མཐའ་རྣམས་ཐམས་ཅད་མ་སྤངས་བྲལ། །ལྷུན་གྲུབ་ཡེ་ཤེས་རང་གནས་པ། །སངས་རྒྱས་ཀུན་གྱི་དེ་ཉིད་དོ། །གཉིས་པ་ནི། དེ་ལྟར་མཐོང་བའི་རྣལ་འབྱོར་པས། །སེམས་ནི་མ་བཅོས་རང་གར་བཞག །དབང་པོ་མ་བཀག་རང་གསལ་བཞག །གཟུགས་སྒྲ་དྲི་རོ་ལ་སོགས་པ། །གང་མཐོང་གང་སྣང་དེ་ཉིད་ཀྱི། །ངང་ལ་མཉམ་པར་ལྷན་ནེར་བཞག །གང་ཡང་མི་འགེགས་མི་འཛིན་ཅིང་། །མཉམ་ཉིད་རིག་པའི་གདེངས་ལ་བཞག །དེ་ལ་རྟོག་ཅིང་གོམས་པ་ཡིས། །མེ་ཡི་ཕུང་པོ་འབར་བ་ལ། །ཡམ་ཤིང་སྐམ་པོ་བསྣན་པ་བཞིན། །དངོས་པོ་གང་དང་གང་སྣང་ཡང་། །དེ་ཉིད་ཡེ་ཤེས་རྐྱེན་དུ་འགྱུར། །འཇུར་བུས་མི་བསྒོམ་གང་བདེར་བཞག ། དེ་ཡང་སེམས་ལ་དབང་ཐོབ་ནས། །ཕྱོགས་གཅིག་ཁོ་ནར་མི་བསྒོམ་སྟེ། །ཏིང་འཛིན་འབུམ་ཕྲག་དུ་མ་ལ། །རྣལ་འབྱོར་རིག་པའི་རྩལ་ཆེན་སྦྱངས། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་ཆེ། །རིག་པ་མཐའ་དབུས་མེད་པ་ཡི། །བདེ་ཆེན་སྤྱི་བླུགས་ཉིད་དུ་འཆར། །ནམ་མཁའི་མཐོངས་སུ་མདུང་བསྐོར་བཞིན། །རིག་བ་རང་ལ་རང་དབང་བསྒྱུར། །དེ་ལྟར་གདེངས་ཆེན་བསྒོམ་པའི་མཆོག །གསུམ་པ་ནི། དེ་


JKT005_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྟོགས་པའི་རྣལ་འབྱོར་པས། །སྤྱོད་པ་བླང་དོར་མེད་པར་སྤྱད། །སྤངས་ནི་ཅིར་ཡང་མ་སྤངས་ལ། །ཆེད་དུ་གང་ཡང་བསྒྲུབ་པ་མེད། །སྤྱོད་པ་མ་འགགས་བླང་དོར་བྲལ། །མ་སྐྱེས་པ་ནི་ཆོས་ཀྱི་སྐུ། །འགགས་མེད་ཤར་བ་ལོངས་སྤྱོད་རྫོགས། །གཉིས་སུ་འཛིན་བྲལ་སྤྲུལ་པའི་ཚུལ། །སྐུ་གསུམ་རྫོགས་པའི་བརྟུལ་ཞུགས་གྲུབ། །བཞི་པ་ནི། མ་བསྒྲུབ་བདག་ཉིད་འབྲས་བུར་རྫོགས། །མ་བླངས་དངོས་གྲུབ་རང་ལ་ཤར། །མ་བགྲོད་ས་ལམ་ལྷུན་གྱིས་བགྲོད། །མ་བཙལ་ཆོས་སྐུའི་ནམ་མཁའ་ལ། །གཟུགས་སྐུ་ཡེ་ཤེས་ཤུགས་ཀྱིས་འགྲོ། །སྒྱུ་མ་ལྟ་བུར་གཞན་དོན་སྣང་། །བདེ་མཆོག་བདེ་བའི་གནས་ཐོབ་པའོ། །གསུམ་པ་དོན་བསྡུ་བ་ནི། མདོར་ན་དེ་ཉིད་མཐོང་ཞིང་གོམས། །གདེངས་སུ་སྤྱོད་ནས་འབྲས་ཐོབ་པའི། །ཚུལ་རྣམས་རང་རིག་གཅིག་པུ་ཡི། །ངང་ལས་མ་གཡོས་སྡོམ་པའི་མཆོག །གསུམ་པ་མཇུག་གི་དོན་ལ་གཉིས། །བརྩམས་པ་མཐར་ཕྱིན་པའི་བྱ་བ་དང་། འགྱུར་བྱང་གིས་མཇུག་བསྡུ་བའོ། །དང་པོ་ནི། འདི་བགྱིས་དགེ་བས་འགྲོ་བ་ཀུན། །ཡང་དག་ཡེ་ཤེས་མངོན་གྱུར་ཤོག །གཉིས་པ་ནི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་ཀཱ་རས་མཛད་པ་རྫོགས་སོ། །པཎྜིཏ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་གནུབས་ནམ་མཁའི་སྙིང་པོས་གསེར་བྲག་བྱ་སྐྱིབས་ཅན་དུ་བསྒྱུར་ནས་མངའ་བདག་བཙད་པོ་ལ་
གཏད་པས་ཡང་དག་པའི་ཡེ་ཤེས་ཀྱི་དགོངས་པ་ལས་མི་གཡོ་བའི་ས་བརྙེས་པ་ཡིན་ནོ། །མངྒ་ལཾ།།


previousདཔལ་ཡང་དག་པའི་གྲོལ་བའི་ལམ་ཡེ་ཤེས་ཐིག་ལེའི་མན་ངགnext