Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
བློ་གྲོས་གསར་བུ་ལ་ཕན་པའི་རྣམ་གྲངས་ཉུང་ངུ་།
   
   
   
   
   
   


 
previousབློ་གྲོས་གསར་བུ་ལ་ཕན་པའི་རྣམ་གྲངས་ཉུང་ངུ་། next

བློ་གྲོས་གསར་བུ་ལ་ཕན་པའི་རྣམ་གྲངས་ཉུང་ངུ་།


JKT005_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་གསར་བུ་ལ་ཕན་པའི་རྣམ་གྲངས་ཉུང་དུ་བཞུགས། །ན་མོ་བུདྡྷ་ཡ། ཕྱི་ནང་གི་ཁྱད་པར་ནི། འདུས་བྱས་མི་རྟག །ཟག་བཅས་སྡུག་བསྔལ། མྱང་འདས་ཞི་བར་ཁས་མི་ལེན་པ་ཕྱི་པ། ལེན་པ་ནང་པའོ། །དེ་ལས་ཀྱང་གཙོ་བོར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནང་པ། མི་འགྲོ་བ་ཕྱི་པའོ། །ནང་པའི་གྲུབ་མཐའ་སྨྲ་བ་ལ་ཐེག་དམན་དང་། ཐེག་ཆེན་གཉིས་ཏེ། དེ་ཡང་ཕྱི་དོན་བདེན་གྲུབ་ཏུ་འདོད་པ་ཐེག་དམན། མི་འདོད་པ་ཐེག་ཆེན་ནོ། །ཐེག་དམན་ལའང་བྱེ་མདོ་གཉིས་ལས། དོན་ཤེས་ཐུག་ཕྲད་ཅེར་མཐོང་དུ་འཛིན་པར་འདོད་པ་བྱེ་སྨྲ། དོན་ཤེས་པའི་ལྐོག་གྱུར་དུ་འདོད་པ་མདོ་སྡེ་པའོ། །ཐེག་ཆེན་ལའང་དབུ་སེམས་གཉིས་ལས། སེམས་བདེན་པར་རྟོགས་


JKT005_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

པ་སེམས་ཙམ་དང་། སེམས་ཀྱང་བདེན་མེད་དུ་རྟོགས་པ་དབུ་མ་པའོ། །སེམས་ཙམ་ལའང་རྣམ་བདེན་རྫུན་གཉིས་ལས། སྣང་བ་སེམས་ཡིན་པ་གང་ཞིག །རྣམ་པ་ཙམ་དུ་བདེན་པར་འདོད་པ་རྣམ་བདེན་དང་། རྣམ་པ་དེ་ཡང་རྫུན་པར་འདོད་པ་རྣམ་རྫུན་པའོ། །དབུ་མ་ལའང་ཐལ་རང་གཉིས་ལས། རང་རྒྱུད་ཀྱི་གཏན་ཚིགས་འགོད་ཅིང་སྟོང་ཉིད་སོགས་སུ་ཁས་ལེན་པ་རང་རྒྱུད་པ་དང་། ཁས་ལེན་གྱི་སྤྲོས་པ་ཉེ་བར་ཞི་བ་ཐལ་འགྱུར་བའོ། །མདོ་སྔགས་ཀྱི་ཁྱད་པར་ནི། མ་རྨོངས་པ་དང་། ཐབས་མང་བ་དང་། དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་དབང་དུ་བྱས་པ་སྟེ་ཁྱད་ཆོས་བཞིས་སྔགས་ཀྱི་ཐེག་པ་ཁྱད་པར་འཕགས་སོ། །སྔགས་ལའང་རྒྱུད་སྡེ་བཞི་ལས། བདག་ཐ་མལ་པའི་མདུན་དུ་ལྷ་བསྐྱེད་ནས་རྗེ་དཔོན་ལྟ་བུའི་ཚུལ་གྱིས་དངོས་གྲུབ་དོན་དུ་གཉེར་བ་བྱ་རྒྱུད། བདག་མདུན་གཉིས་ཀ་ལྷར་བལྟས་ནས་གྲོགས་པོ་ལྟ་བུའི་ཚུལ་གྱིས་དངོས་གྲུབ་ལེན་པ་སྤྱོད་རྒྱུད། བདག་དམ་ཚིག་པར་ལྷ་ཡེ་ཤེས་པ་བཅུག་ནས་ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ་ཐུན་མཚམས་སུ་ཕྱག་རྒྱ་དཀྲོལ་བས་ཡེ་ཤེས་པ་གཤེགས་ཏེ་རང་ཐ་མལ་པར་གནས་པ་རྣལ་འབྱོར། ཐུན་དང་ཐུན་མཚམས་ཐམས་ཅད་དུ་དམ་ཡེ་དབྱེར་མེད་པའི་ལྷ་དང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཁྱད་པར་བྱས་པ་ནི་བླ་མེད་དོ། །སྔགས་ལམ་གྱི་ངོ་བོ་སྨིན་བྱེད་ནི་ཡེ་ཤེས་སྐྱེ་


JKT005_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྣོད་དང་། གྲོལ་བྱེད་ནི་ཡེ་ཤེས་དངོས་སུ་བསྐྱེད་པའི་ཐབས་ཏེ་དེའང་གཙོ་བོའི་སྒོ་ནས་སོ། །གྲོལ་བྱེད་བསྐྱེད་རིམ་ལ། དྲོད་གཤེར་སྐྱེས་སྦྱོང་བ་མངོན་བྱང་ལྔ་བསྐྱེད། སྒོང་སྐྱེས་སྦྱོང་བ་ས་བོན་ཐིག་ལེ་ལས་བསྐྱེད་པ། མངལ་སྐྱེས་སྦྱོང་པ་མངལ་འབྱིན། རྫུས་སྐྱེས་སྦྱོང་བ་སྐད་ཅིག་དྲན་རྫོགས་ཏེ་བཞི་ལས། དེ་རེ་རེས་ཀྱང་ཤུགས་ཀྱིས་ཐམས་ཅད་སྦྱོང་ངོ་། །རྫོགས་རིམ་ལ། དབང་བར་བ་གཉིས་ཀྱི་ལམ་མཚན་བཅས་དང་། ཕྱི་མའི་ལམ་མཚན་མེད་དེ། འོན་ཀྱང་སོ་སོ་ལའང་མཚན་བཅས་དང་མཚན་མེད་རགས་ཕྲའི་དབང་གིས་དབྱེ་བ་མཐའ་ཡས་སོ། །རྟོགས་པའི་འོད་གསལ་མཐར་ཐུག་པ་ནི་སངས་རྒྱས་ཆོས་ཀྱི་སྐུ་སྟེ། དེ་ལ་ལྟོས་ན་སློབ་པའི་འོད་གསལ་ཐམས་ཅད་ཉམས་ཀྱི་འོད་གསལ་ལོ། །སློབ་པ་ལའང་ཉིན་པར་ཉམས་དང་། མཚན་མོ་རྟོགས་པ། ཉིན་པར་འོད་གསལ་གྱི་ཚོགས་དྲུག་གི་སྣང་བ་མ་ནུབ་པ་ཉམས། ནུབ་པ་རྟོགས་པ། མཚན་མོ་སྣང་གསུམ་རྫོགས་པར་མ་ཐིམ་པ་ཉམས། ཐིམ་པ་རྟོགས་པ་སོགས་ནང་གསེས་ཀྱི་དབྱེ་བ་མང་ངོ་། །གཞི་ལམ་འབྲས་བུའི་ཕྱག་ཆེན་ནི། སེམས་མ་བཅོས་པའི་གནས་ལུགས་གཞི། དེ་རང་ངོ་འཕྲོད་པ་ལམ། མངོན་དུ་གྱུར་པ་འབྲས་བུའོ། །ཆེན་པོ་གསུམ་ནི། སྣང་བ་གཙོར་བཏོན་རྫོགས་ཆེན། སྟོང་པ་གཙོར་བཏོན་དབུ་མ། ཟུང་འཇུག་གཙོར་བཏོན་


JKT005_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཆེན་ནོ། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བཞི་ནི། སེམས་སྟོང་གསལ་དུ་གནས་པ་རྩེ་གཅིག །རང་ངོ་ཇི་བཞིན་མཐོང་བ་སྤྲོས་བྲལ། སྣང་སེམས་ཟུང་དུ་ཆུད་པ་རོ་གཅིག །མཚན་མ་ཐམས་ཅད་ཟད་པ་བསྒོམ་མེད་དོ། །དེས་ལམ་ལ་སྦྱོར་ལུགས་རེ་ཞིག་རྩེ་གཅིག་ཚོགས་སྦྱོར། སྤྲོས་བྲལ་མཐོང་ལམ། རོ་གཅིག་མ་དག་ས་བདུན། སྒོམ་མེད་དག་ས་ལ་སྦྱོར་བར་སྣང་ངོ་། །སྡོམ་པ་གསུམ་ནི། གཞན་གནོད་གཞིར་བཅས་སྤང་བ་སོ་ཐར། གཞན་ཕན་ཅི་ནུས་བསྒྲུབ་པ་བྱང་སེམས། གཉིས་ཀ་ལྷ་དང་ཡེ་ཤེས་ཀྱི་རྩིས་ཟིན་པ་གསང་སྔགས་བླ་མེད་ཀྱི་སྡོམ་པའོ། །ཕ་རོལ་ཏུ་ཕྱིན་པ་ལས་གོ་ཆས་སྒྲུབ་པའི་སྐབས་སུ་དྲུག་ཀ་རེ་རེར་བསྡུས་ཏེ་ཉམས་སུ་ལེན་པའི་ཚུལ་ཡོད་པ་ལྟར། སྔགས་སུ་ཡི་དམ་ལྷའི་སྒོམ་བཟླས་བསྡུས་པ་རེ་རེའང་ལམ་ལྔ་དང་སྦྱར་ཏེ་བསྒོམ་པའི་ཚུལ། དང་པོ་སྐྱབས་སེམས་དང་ཚོགས་ཞིང་ལ་ཡན་ལག་བདུན་པས་ཚོགས་བསགས་པ་ཚོགས་ལམ་དང་། སྦྱོར་ལམ། སྭ་བྷཱ་ཝ་སོགས་ཀྱིས་སྔགས་ཀྱིས་གཟུང་འཛིན་ལྟར་སྣང་བ་ཐམས་ཅད་སྦྱངས་བའི་སྟོང་ཉིད་ནི་མཐོང་ལམ། དེ་ལས་གཟུགས་ཀྱི་སྐུར་བལྟ་བ་ནི་སྒོམ་ལམ་ས་བརྒྱད། གནས་གསུམ་བྱིན་རླབས་དང་ཡེ་ཤེས་པ་གཞུག་པ་ནི་དག་པ་ས་གསུམ། དབང་བསྐུར་ནས་རིགས་བདག་གིས་རྒྱས་འདེབས་པ་ནི་སངས་རྒྱས་པ། བཟླས་པ་ཆོས་འཁོར་བསྐོར་བ།
མཐར་འོད་གསལ་དུ་བསྡུ་བ་ནི་མྱ་ངན་ལས་འདས་པ། དེ་ལས་ཟུང་འཇུག་གི་སྐུར་ལྡང་ནས་སྤྱོད་ལམ་ལ་འཇུག་པ་ནི་མཛད་པ་རྒྱུན་མི་འཆད་པ་མཚོན་པ་ཡིན་ནོ། །དེ་ལྟར་འབྲས་བུའི་རྣམ་པ་ལམ་དུ་བྱས་པས་འབྲས་བུ་ཉིད་མྱུར་དུ་འགྲུབ་པ་ནི་སྔགས་ཀྱི་ཁྱད་ཆོས་བླ་ན་མེད་པའོ།།


previousབློ་གྲོས་གསར་བུ་ལ་ཕན་པའི་རྣམ་གྲངས་ཉུང་ངུ་། next