Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
བདེ་གཤེགས་སྙིང་པོའི་དོན་གསལ་བར་བྱེད་པ།
   


 
previousབདེ་གཤེགས་སྙིང་པོའི་དོན་གསལ་བར་བྱེད་པ། next

བདེ་གཤེགས་སྙིང་པོའི་དོན་གསལ་བར་བྱེད་པ།


JKT005_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་སྙིང་པོའི་དོན་གསལ་བར་བྱེད་པ་བཞུགས་སོ། །ན་མོ་མུ་ནཱིནྡཱ་ཡ། བདེ་གཤེགས་སྙིང་པོའི་གནས་ལུགས་མདོ་ལས་གསུངས་ཚུལ་དང་། དགོངས་འགྲེལ་གྱིས་བཀྲལ་ཚུལ་དང་། སྙིང་པོར་གྱུར་པའི་དོན་གཏན་ལ་དབབ་པ་དང་། གཞན་དུ་གསུངས་པའི་དགོངས་པ་བཤད་ཅིང་ཐེ་ཚོམ་བསལ་བའོ། །དང་པོ་ནི། ཉན་ཐོས་ཀྱི་ཐེག་པར་ཡིད་རང་བཞིན་གྱིས་རྣམ་པར་དག་པ་ཉིད་དགོངས་བཞིར་བྱས་ནས། དེ་ལ་བདེ་གཤེགས་སྙིང་པོའི་སྒྲས་བསྟན་པར་མ་མཛད་ཀྱང་དེའི་དོན་དུ་གསུངས། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས། རྟོགས་པའི་དགོས་པ་ལ་ལྟོས་ནས་རྣམ་གྲངས་གཞན་གྱིས་བཤད་པ་དང་། རང་གི་མིང་ནས་སྨོས་པའི་ཚུལ་གྱིས་སྒྲ་ཇི་བཞིན་པ་བསྟན་པར་མཛད་པ་གཉིས་ལས། དང་


JKT005_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། སེམས་ཙམ་སྟོན་པའི་མདོ་རྒྱུད་འགའ་ཞིག་ལས། མཚན་དཔེ་གསལ་རྫོགས་ཀྱི་ཚུལ་གྱིས་འགྲོ་རྒྱུད་ལ་ཡོད་པར་བཤད་པ་སོགས་འདུས་བྱས་དང་ཚུལ་མཐུན་པར་བསྟན་ཅིང་། མདོར་ན་དེ་བཞིན་གཤེགས་པའི་སྙིང་པོ་སྤྱི་ཙམ་གྱི་ལྡོག་པ་ལ་རང་བཞིན་གནས་རིགས་སོགས་ཆོས་ཉིད་བྱེ་བྲག་པའི་མིང་གིས་བཏགས་པ་དེ་དང་དེར་ཁས་བླང་དུ་མི་བཏུབ་པ་སྟེ། ཅིའི་ཕྱིར་ན་གཤེགས་སྙིང་དེ་གཞི་ལམ་འབྲས་གསུམ་དེ་ཆོས་ཀྱི་བྱེ་བྲག་ཐམས་ཅད་ཀྱི་རང་བཞིན་ཡིན་ཕྱིར། ཆོས་ཕྱོགས་རེའི་ཆོས་ཉིད་དུ་མ་དམིགས་པའི་ཕྱིར་རོ། །གཉིས་པ་ནི། མདོ་རྣམས་ལས་རྣམ་པར་ཐར་པའི་སྒོ་གསུམ་སོགས་དང་། རྒྱུད་སྡེ་ལས་རང་བཞིན་ལྷན་སྐྱེས་དང་། འཁོར་འདས་དབྱེར་མེད་དང་། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཟུང་འཇུག་དང་། བི་རུ་པས་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་སོགས་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་དང་། འཁོར་ལོ་སྡོམ་པ་ལས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་། གཤེད་དམར་གྱི་མན་ངག་ཏུ་ཤིན་ཏུ་སྤྲོས་མེད་སོགས་གསུངས་པ་རྣམས་ཏེ། འདི་དག་གིས་མིང་གིས་བཏགས་པ་ལྟར་གནས་ལུགས་རང་ངོས་ནས་གྲུབ་པ་མེད་ཀྱང་ཐ་སྙད་དུ་དེ་ལྟར་ཁས་བླང་དུ་བཏུབ་པར་གསལ་ལོ། །གཉིས་པ་ནི། ཐེག་


JKT005_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པས་སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མི་འདོད་པས་འདིའི་དོན་ཇི་ལྟར་བཀྲལ། ཐེག་ཆེན་དབུ་སེམས་གཉིས་ཀྱི། སེམས་ཙམ་པས། སེམས་རང་བཞིན་གྱིས་འོད་གསལ་བ། ངོ་བོ་རང་རིག་གིས་བསྡུས་པ། དངོས་པོར་གྲུབ་པ་ཉིད་ལ་དེ་བཞིན་གཤེགས་པའི་སྙིང་པོར་འཆད་ཅིང་། དེ་ལ་སངས་རྒྱས་སོགས་འབྲས་བུའི་མིང་གིས་བཏགས་པ་རྣམས་སྒྲ་ཇི་བཞིན་མ་ཡིན་པར་དྲང་པའི་དོན་དུ་འདོད་དེ། ཕྱོགས་གླང་གིས། སོ་སོ་སྐྱེ་བོའི་ཤེས་པ་གང་། །རང་བཞིན་གྱིས་ནི་རྣམ་བྱང་ལ། །དེ་ལ་སངས་རྒྱས་སྨྲ་བརྗོད་དེ། །བྱང་སེམས་ས་ལ་སངས་རྒྱས་བཞིན། །ཅེས་གསུངས་པའི་ཕྱིར་རོ། །དབུ་མ་པའི་ལུགས་ནི། ངེས་དོན་སྟོན་པའི་མདོ་དང་བསྟན་བཅོས་ཀུན་ནས་བདེ་གཤེགས་སྙིང་པོ་ངོ་བོ་ཟུང་འཇུག་གི་ཚུལ་གྱིས་གསུངས་པ་ཁོ་ནར་འཆད་དོ། །འོ་ན་དབུ་མའི་ལུགས་ལ། སེམས་ཅན་དང་སངས་རྒྱས་ཀྱི་ཆོས་དབྱིངས་གཉིས་དབྱེར་མེད་པ་དང་། སེམས་ཀྱི་སྟོང་ཆ་དང་། གསལ་རིག་ཙམ་དང་། ཀུན་གཞིའི་རྣམ་ཤེས་ལ་བཤད་པ་དང་། ཆོས་སྐུ་ལ་བཤད་པ་སོགས་དུ་མ་ཡོད་དོ་སྙམ་ན། དང་པོ་ནི་ཟུང་འཇུག་ལས་མ་འདས། སྟོང་ཆ་རྐྱང་པ་དང་། གསལ་རིག་རྐྱང་པར་བཤད་པ་དབུ་མའི་གཞུང་ན་མེད། ཀུན་རྣམ་ལ་བཤད་པ་ནི་སྒྲ་ཇི་བཞིན་མ་ཡིན་པར་སྔར་བཤད་པས་ཁྱབ། ཆོས་སྐུ་ལ་སྙིང་པོར་གསུངས་ཀྱང་།


JKT005_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྙིང་པོ་ཆོས་སྐུར་གསུངས་པ་མི་འགྲུབ་བོ། །རང་ལུགས་གསལ་བ་དང་། སྟོང་པ་དང་། ཆོས་སྐུ་དང་གསུམ་གྱི་སྒོ་ནས་བཤད་པ་བཞིར་སྨོས་པ་ནི། དེ་དང་དེའི་མིང་ནས་སྨོས་པའི་ཚུལ་གྱིས་གཙོ་བོར་གསུངས་པ་ལ་དགོངས་སོ། །གསུམ་པ་ལ། རྗེ་བཙུན་སྐུ་མཆེད་ཀྱི་དགོངས་པ་ལྟར་སྤྱིར་བསྟན་པ་དང་། སྡོམ་གསུམ་དང་སྦྱར་ཏེ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ལ། སྙིང་པོའི་ངོ་བོ་ངོས་བཟུང་། དེས་ཀུན་ལ་ཁྱབ་པར་བསྟན་པའོ། །དང་པོ་ནི། རྩ་རྒྱུད་ལས། ཡེ་ཤེས་ཆེན་པོ་ཞེས་སྨོས་པ། ཡེ་ཤེས་ནི་གསལ་བ། ཆེན་པོ་ནི་སྟོང་པ། དེ་གཉིས་གཞི་མཐུན་པའི་ཕྱིར་ཟུང་འཇུག །དེའི་མཚན་ཉིད་ཀྱང་སྒྲོ་སྐུར་གྱི་རྟོག་པ་གཉིས་ཀ་སྤང་བའི་དོན་དུ་རྣམ་པར་བཤད་ལ། སྤྱིར་སྙིང་པོ་ཞེས་པའི་སྒྲ་སཱ་ར་དང་། གནྡྷ་ཞེས་པ་འདྲ་བའམ། སྐྱེ་གནས་སོགས་ལ་འཇུག་པས། འགྱུར་བ་མེད་པ་དང་། འཁོར་འདས་ཀུན་གྱི་འབྱུང་གནས་སུ་གྱུར་པ་སོགས། མདོར་ན་སེམས་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་འདི་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་དེ། དེ་བཞིན་གཤེགས་པ་རྣམས་སྐྱེ་བའི་གནས་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྐྱེ་བ་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་དང་། དེ་བཞིན་གཤེགས་པ་ལ་རང་བཞིན་དབྱེར་མེད་པ་གཤེགས་སྙིང་དང་། རྒྱུ་ལ་སྙིང་


JKT005_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བསྟན་པ་སྟེ། གསུམ་པོ་འདི་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི། ཞེས་སོགས་གསུངས་པའི་དོན་ཀྱང་ངོ་། །གཉིས་པ་ལ། སྤྱིར་ཁྱབ་ཚུལ་དང་། རྒྱུ་ལམ་འབྲས་གསུམ་གྱི་བདེ་གཤེགས་སྙིང་པོ་སོ་སོས་ཐམས་ཅད་ལ་ཁྱབ་པའི་དགོངས་པ་བཤད་པའོ། །དང་པོ་ལ། དེ་ལས་བྱུང་བའི་ཚུལ་གྱིས་དང་། དེའི་བདག་ཉིད་ཡིན་པའི་ཚུལ་གྱིས་སོ། །དང་པོ་ནི། རང་གི་ངོ་བོས་གྲུབ་ལུགས་ཀྱི་དབང་དུ་བྱས་ན་གང་དུའང་མ་གྲུབ་ལ། སྣང་ལུགས་ཀྱི་དབང་དུ་བྱས་ན་ཆོས་ཅན་སྣ་ཚོགས་ཐམས་ཅད་དུ་སྣང་བ་སྟེ། གཞི་ལམ་འབྲས་གསུམ་གྱི་སྣང་བ་གང་འཆར་ཀྱང་། རང་གི་ངོ་བོ་སྤྲོས་པ་དང་བྲལ་བཞིན་དུ་དེ་དག་ཏུ་འཆར་བའོ། །གཉིས་པ་ནི། སྣང་བ་སྣ་ཚོགས་སུ་སྣང་ཡང་རང་གི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་ལོགས་སུ་མ་གྲུབ་པས་གུད་ན་མེད་ཅེས་སྨོས་པའོ། །གསུམ་པ་ནི། རང་བཞིན་སྤྲོས་པ་དང་བྲལ་ཞིང་ཟུང་དུ་འཇུག་པ་འདི་ལས་མ་བྱུང་ཞིང་། འདིའི་ཁོངས་སུ་མ་འདུས་པའི་གཞི་ལམ་འབྲས་གསུམ་གང་ཡང་མེད་པས་འབྲས་བུ་སྟོན་པའི་སྐབས་སུ་བཅོམ་ལྡན་འདས་ཐམས་ཅད་ལ་བཞུགས་པར་བཤད་པ་སོགས་ཀྱང་རང་བཞིན་ལ་འདོད་དགོས་ཀྱི། ཆོས་ཅན་སོ་སོ་དང་འབྲེལ་བའི་ཆོས་ཉིད་འདིས་ཀུན་ལ་ཁྱབ་པ་མི་སྲིད་དེ། གནད་འདི་གོ་ན་འབྲས་བུ་དང་ལམ་གྱིས་ཀྱང་རྒྱུ་མཚོན་ནུས་པ་དང་། སེམས་ཅན་གྱི་སེམས་


JKT005_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འབྲས་བུ་དང་ལམ་ལ་ཁྱབ་པ་དང་། ལམ་གྱི་ཆོས་ཉིད་ཀྱིས་ཀྱང་འབྲས་བུ་དང་རྒྱུ་ལ་ཁྱབ་པའི་ཐ་སྙད་ཤིན་ཏུ་ཡང་རིགས་སོ། །གཉིས་པ་ལ་མདོར་བསྟན་པ་དང་། དེ་ཉིད་རྗེ་བཙུན་གོང་མ་གསུམ་གྱི་གསུང་དང་། བདག་ཉིད་ཆེན་པོ་ཁུ་དབོན་གྱི་གསུང་སྒྲོས་དང་སྦྱར་ཏེ་རྒྱས་པར་བཤད་པའོ། །དང་པོ་ནི། རིག་པས་ཀྱང་ནི་འདི་གྲུབ་བོ་ཞེས་པ་ཡན་ཆད་ཀྱིས་གཞན་གྱི་འདོད་ཚུལ་བཀག །ཆོས་༧ འཕགས་པའི་ལེའུར་ལྟོས། ཞེས་པ་ཡན་ཆད་ཀྱིས་སྤྲོས་བྲལ་བདེ་གཤེགས་སྙིང་པོར་འཆད་པའི་རང་གི་ལུང་ཁུངས་དང་བཅས་པ་སྨོས། ཤེས་པར་གྱིས་ཡན་ཆད་ཀྱིས་གནས་ལུགས་སྤྲོས་བྲལ་སྙིང་པོར་བཤད་པ་དེ་ལ་དོགས་པ་སྤོང་བའོ། །དེས་ན་རྗེ་བཙུན་སྐུ་མཆེད་ཀྱིས། རྩ་རྒྱུད་ལས། ཡང་ན་དེ་ཉིད་ཐམས་ཅད་བདག །ཅེས་སོགས་ཀྱི་ཐད། གྲུབ་ལུགས་ཀྱི་དབང་དུ་བྱས་ན་རང་གི་ངོ་བོས་གང་དུའང་མ་གྲུབ་པ་དེས་གྲོལ་བ་ཡིན་ལ། སྣང་ལུགས་ཀྱི་དབང་དུ་བྱས་ན་ཐམས་ཅད་དུ་སྣང་བ་དངོས་པོ་ཀུན་གྱི་གནས་ལུགས་སུ་གྲུབ་པ་འདི་ལ་འགལ་བ་མེད་དོ། །ཞེས་པའང་གཞུང་དོན་ཕྱི་མ་གཉིས་ལ་སྦྱར་ན་འགྲིག་སྟེ། བདེ་གཤེགས་སྙིང་པོ་རང་གི་ངོ་བོ་གང་དུའང་མ་གྲུབ་ཀྱང་མདོ་སྡེ་འགའ་ཞིག་ལས་ཡོད་པར་གསུངས་པ་ནི་སྣང་ལུགས་ཀྱི་དབང་དུ་བྱས་ན་སྙིང་པོ་སྣ་ཚོགས་སུ་སྣང་བ་ལ་དགོངས་ཤིང་། དགོས་པ་སྐྱོན་ལྔ་སྤོང་


JKT005_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ཡིན་ལ། དངོས་ལ་གནོད་བྱེད་ངོ་བོས་གྲུབ་པ་དེ་འདྲའི་སངས་རྒྱས་ཀྱི་ཁམས་ཡོད་ན་སོགས་སྦྱར་རོ། །ཡང་འཕགས་པའི་བཞེད་པ་ལྟར་ན། རྒྱུད་བླའི་ས་བཅད་དང་མཐུན་པར། དོན་ཕྱི་མ་གཉིས་ཀྱིས། ངེས་དོན་གྱི་དབང་དུ་བྱས་ན་བདེ་གཤེགས་སྙིང་པོ་རང་བཞིན་སྤྲོས་བྲལ་ཡིན་ལ། འོ་ན་མདོ་དང་རྒྱུད་བླ་སོགས་ལས་བཤད་ཚུལ་དང་འགལ་ལོ་སྙམ་ན། ངེས་དོན་གྱི་དབང་དུ་བྱས་ན་དེ་ནི་དྲང་དོན་དགོངས་པ་ཅན་དུ་ཤེས་པར་བྱ་ཞེས་སྦྲེལ་ལོ། །དེས་ན་བདེ་གཤེགས་སྙིང་པོ་ཆོས་ཅན། ངོ་བོ་སྤྲོས་བྲལ་ཡིན་པར་ཐལ། དེ་ལས་འཁོར་འདས་ཐམས་ཅད་འབྱུང་དུ་རུང་བའི་ཕྱིར། དེ་ལྟ་བུ་དེ་དྲང་དོན་ནམ་ཀུན་རྫོབ་ཏུ་ཡོད་པར་ཁས་འདི་དང་མཐུན་པར་ཀུན་མཁྱེན་གྱི་སྡོམ་གསུམ་ཁ་བསྐང་དུ་བྲིས་ཡོད། འཁྲུལ་སྤོངས་སུ་མི་སྣང་། ལེན་པ་ལ་འགལ་བ་མེད་དོ། །གཉིས་པ་ནི། ས་ཆེན་གྱི་སཾ་བྷུ་ཊའི་རྣམ་བཤད་ཐོར་གང་ཚེ་སེམས་ཀྱི་ངོ་བོ་ནི། བུ་ལས། བདེ་གཤེགས་སྙིང་པོ་དེ་རང་གི་ངོ་བོས་མ་གྲུབ་བཞིན་དུ་སྣང་། ཐམས་ཅད་དེ་ལས་བྱུང་བའི་ཚུལ་གྱིས་ཁྱབ་པར་གསུངས་པ་དང་། རྗེ་བཙུན་མཆེད་གྱིས་མཛད་པའི་གནད་ཀྱི་གསལ། །སྔོ་སོགས་ཁ་དོག་མི་དམིགས་ཤིང་། །བྱེད་དང་། དག་ལྡན་སོགས་ཀྱང་ཚུལ་དེ་བཞིན་དུ་བཤད་ལ། དེ་དང་མཐུན་པར་ཆོས་རྗེས་ཀྱང་སྡོམ་གསུམ་དང་། ཞུ་ཕྲིན་སོགས་ལས་རྒྱ་ཆེར་བཤད་པ་དང་། འཕགས་པས་ཀྱང་ལྗོན་


JKT005_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ལས། སེམས་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་དེ་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་གསུངས་ཏེ། རྒྱན་ལས། དེ་བཞིན་ཉིད་ནི་སོགས་དྲངས་ཏེ། ཞེས་གསུངས་པས་སོ། །ཞེས་བཤད་པ་ཡང་སྔར་དང་མཐུན་མོད། འོན་ཀྱང་རྒྱུད་བླ་རང་རྐང་འཆད་པའི་ཚེ། སེམས་ཙམ་ལྟར་ན། དཔེ་དགུས་བསྟན་པ་ལྟར་ཡོན་ཏན་དབྱེར་མེད་ཀྱི་ཚུལ་གྱིས་འགྲོ་རྒྱུད་ལ་མེད་ཀྱང་། དེ་ལྟ་བུ་ཡོད་པར་བཤད་པ་ནི་ས་བོན་ནམ་ཆ་འཛིན་ལ་དགོངས་ཞེས་བཤད་དོ། །དབུ་མ་པ་ལྟར། རྗེ་བཙུན་སྐུ་མཆེད་ཀྱིས། དཔེ་དགུས་བསྟན་པ་ལྟར་མེད་དེ། དེ་དག་གི་སྐབས་སུ་རྟེན་དང་བརྟེན་པ་དོན་གཞན་ཚུལ་གྱིས་བཤད་ལ། དེ་བཞིན་གཤེགས་པའི་སྙིང་པོ་ནི། འཁོར་བ་སྤངས་ནས་གཞན་དུ་ན། །མྱ་ངན་འདས་ཞེས་པ་ལྟར་ཀུན་རྫོབ་ཀྱི་ཆོས་གང་ཡང་གཞན་དུ་མ་གྲུབ་པའི་ཕྱིར་རོ། །འཕགས་པ་ལྟར་ན། དཔེ་དགུས་བསྟན་པའི་སྙིང་པོ་དཔེས་བསྟན་པའི་ཆ་ནས་འགྲོ་ལྔའི་རྒྱུད་ལ་ཡོད་ཀྱང་དེ་ཉིད་དྲང་དོན་གྱི་དབང་དུ་བྱས་པ་ཡིན། ངེས་དོན་གྱི་དབང་དུ་མེད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་པའི་ཕྱིར། ཞེས་བཞེད། བཞི་པ་ནི། མྱང་འདས་འདས་མ་འོངས་པའི་སངས་རྒྱས་ཀྱི་རང་བཞིན་ཡིན་པར་བཤད་པ་ནི། རང་བཞིན་ཅེས་པའི་སྐད་དོད་ཏཎཱ་ཡ་སྟེ་རང་བཞིན་ཉེ་རྒྱུ་དང་། བྱུང་ཟིན་ཏེ་འབྲས་བུ་གཉིས་ཀ་ལ་འཇུག་པས།


JKT005_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སོགས་སངས་རྒྱས་ཀྱི་རང་བཞིན་ཡོད་པར་གསུངས་པ་ནི་འབྲས་བུ་འཇུག་པའི་དབང་དུ་བྱས་སོ། །དེ་ནས་རྗེ་བཙུན་གྱིས། རང་བཞིན་རྒྱུ་ལ། སོགས་ཀྱིས་དོན་ལེགས་པར་བསམ་ན་གནད་ཐམས་ཅད་རང་གྲོལ་དུ་འགྱུར་རོ། །ཞེས་པའང་བརྗེད་བྱང་དུ་བཏབ་པའོ། །མྱང་འདས་ལས། ཤེས་རབ་ཅན་རྣམས་ཀྱིས་ནི་ངའི་ལུས་ལ་ཆོས་ཀྱི་སྐུའི་ས་བོན་ཡོད་སྙམ་དུ་ཤེས་པ་ཐམས་ཅད་འཛིན་པར་མི་བྱེད་དོ། །བདག་མེད་པར་བསྟན་ན་ནི་བྱིས་པ་རྣམས་བདག་མེད་དོ་སྙམ་དུ་འཛིན་ནོ། །ཤེས་རབ་ཅན་གྱིས་ནི་ཐ་སྙད་དུ་ཡོད་དོ་སྙམ་དུ་ཤེས་ཏེ་ཐེ་ཚོམ་མེད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་སྟོང་པ་ཉིད་ཡིན་ནོ་ཞེས་བསྟན་ན་ནི། བྱིས་པ་རྣམས་ཆད་པ་འཇིགས་སུ་རུང་བ་ཡོན་པོ་སྒོམ་པར་བྱེད་དོ། །ཤེས་རབ་ཅན་རྣམས་ཀྱིས་ནི་རྟག་པ་དང་བརྟན་པ་དང་ཐེར་ཟུག་པ་དེ་སྒྱུ་མ་ཙམ་དུ་ཡོད་པར་ཤེས་སོ། །ཞེས་གསུངས།། ༈ །།རྣམ་འགྲེལ་ལེའུ་གཉིས་པར། རྒྱུ་སྤངས་ཡོན་ཏན་སོགས་ཀྱི་དོན་བདེ་གཤེགས་ཞེས་པ་འཆད་པ་སྟེ། དེ་ཡང་བདག་བདེ་ལ་གོམས་པས་བདག་དང་བདག་གིར་ཆགས་པའི་རྒྱུ་སྔ་མ་ངང་གིས་འགོག་ཅིང་། ཕྱི་མ་མི་སྐྱེ་བའི་མཚན་ཉིད་ཅན་གྱི་ཁྱད་པར་ནི་སྤངས་བའོ། །ཡོན་ཏན་གསུམ་ནི་ཁྱབ་པ་གསུམ་མོ། །དེ་ནི་བདེ་བར་གཤེགས་པ་ཉིད་ཡིན་ནོ། །དེ་ཡང་སུ་ག་ཏའི་སྒྲ་ལས་དྲངས་ན་ལེགས་པར་གཤེགས་པ་སོགས་དོན་དུ་མ་


JKT005_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཀྱང་། འདིར་བསྔགས་པ་ཉིད་དང་། སླར་མི་ལྡོག་པ་ཉིད་དང་། མ་ལུས་པ་ཉིད་དེ་དོན་གསུམ་གྱི་དབང་དུ་བྱས་ཏེ་འཆད་ན། དང་པོ་ནི། བདག་མེད་མཐོང་བའི་ཕྱིར་བསྔགས་པ་མ་ཡིན་པ་སྡུག་བསྔལ་གྱི་རྟེན་དུ་འགྱུར་བ་མ་ཡིན་ཏེ། དེ་ནི་བསྔགས་པར་འོས་པའི་སར་གཤེགས་པ་ཡིན་ལ། གང་གི་རྒྱུ་ཡང་སྡུག་བསྔལ་གྱི་རྩ་བ་བདག་ཏུ་ལྟ་བ་མེད་པར་མཐོང་བའམ། སྦྱོར་བ་ལས་ཡིན་ནོ། །གཉིས་པ་ནི། སྐྱེ་དང་སྐྱོན་ནི་ཀུན་འབྱུང་དག །སླར་ཡང་ལྡོག་ཅེས་བཤད་པ་ཡིན། །བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །དེ་བདེན་ཐ་དད་བདག་ཉིད་བདེན་པ་ཉིད་དུ་བལྟ་བས་སྒྲོ་བརྟགས་པ་བདེན་པ་མ་ཡིན་པའི་རྣམ་པར་བཟློག་པར་འཛིན་པ་ཅན་ཡིན་པའི་ཕྱིར་རོ། །ཀྱིས། །ཞེས་དང་། གསུམ་པ་ནི། ལུས་ངག་སེམས་ཀྱི་གནས་ངན་ལེན། །ཉོན་མོངས་མེད་དང་ནད་མེད་དང་། །ལམ་བཤད་མི་གསལ་ཉིད་ལུས་ཡིན། །གོམས་ཕྱིར་མ་ལུས་སྤངས་བ་ཉིད། །ཅེས་བཤད་དོ། །འདི་ཡུལ་སུན་ཕྱུང་སོགས་ཀྱི་དོན། བདག་ཏུ་ཆགས་པ་འདིའི་ཡུལ་བདག་གང་ཡིན་པ་དེ་ཡུལ་མེད་པ་ཉིད་དུ་སུན་ཕྱུང་མེད་པར་ནི་དེ་སྤངས་པར་ནི་ནུས་པ་ཡིན། དེའི་ཡུལ་ཆགས་ཅན་གྱི་སྐྱེ་བ་སྤངས་པར་ནུས་པ་མ་ཡིན་ཏེ། དེ་ཡོད་པ་ཙམ་དུ་བལྟ་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། །ཞེས་བཤད། ༈ །ཡུལ་ཅན་ཡིན་ཡང་ཕྲ་


JKT005_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། །འགའ་ཞིག་ལ་ཡང་ཐོགས་མེད་དེ། །ཆུ་བཞིན་གསེར་ལ་དངུལ་ཆུ་བཞིན། །མ་མཐོང་ཕྱིར་ན་མེད་པ་མིན། །ཅེས་སོ། །རྟོག་པའི་དྲྭ་བ་རྣམ་བསལ་ཞིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ།། ༈ །།སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཅེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །ཞེས་སོ། །ལེའུ་གཉིས་པར། ཚད་མ་བསླུ་མེད་ཅན་ཞེས་པ། །དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ་སྒྲ་ལས་བྱུང་བ་ཡང་། །མངོན་པར་འདོད་པ་སྟོན་ཕྱིར་རོ། །ཞེས་བཤད། འགྲེལ་བར། སླུ་བར་ བྱེད་པ་ན་བསླུ་བའོ། །ཤེས་པ་ནང་ན་ཡོད་པ་དེ་ནི་བསླུ་བ་ཅན་ནོ། །བསླུ་བ་ཡོད་པ་མ་ཡིན་པ་ཅན་ནི་བསླུ་བ་མེད་པ་ཅན་ཏེ། གང་ལ་བསླུ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །མི་བསླུ་བ་དེ་ཡང་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་གྱི་རང་གི་ནུས་པ་གྲུབ་པས། ཇི་ལྟར་འདོད་པའི་དོན་དེ་ལྟ་བུའི་ངོ་བོ་མི་བསླུ་བ་ནི་ཡུལ་གྱི་ཆོས་དང་། དེའི་དེ་ལྟར་བུར་གྱུར་པ་རྟོགས་པ་ན་ཤེས་པ་མི་བསླུ་བ་ནི་ཡུལ་ཅན་གྱི་ཆོས་


JKT005_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །གང་ལ་ཡོད་པ་དེ་ནི་བསླུ་བ་མེད་པ་ཅན་གྱི་ཤེས་པའོ། །ཞེས་བཤད་དོ།། ༈ །།འདུལ་བ་ཚིག་ལེའུར་བྱས་པ་ལས། དེ་ནས་རབ་གུས་བསྐྱེད་པ་ཡིས། །བླ་མ་ལ་ནི་ཕྱག་བྱ་སྟེ། །ཞེས་དང་། བསམ་གཏན་ཀློག་པའི་ལས་དག་གིས། །ལུས་ལ་སྙིང་པོ་བླང་བར་བྱ། །ངུར་སྨྲིག་གྱོན་ཙམ་གྱིས་ཆོག་པའི། །བསོད་ནམས་ནམ་ཡང་མི་བྱའོ། །ཞེས་དང་། སྡོམ་པ་ལྔ་པོ་གཅོད་པ་དང་། །དགེ་འདུན་ལྷག་མས་དེ་ལྡང་དང་། །དེ་བཞིན་གང་ཟག་ལྷག་མ་ཅན། །ལྟུང་བ་རྣམ་པ་གསུམ་དུ་གྲགས། །དང་པོར་ཕས་ཕམ་གསུངས་པ་ནི། །བཞི་ཡིན་ཤིན་ཏུ་ལྕི་བའི་ཕྱིར། །འདི་དག་མང་དུ་བྱུང་ནས་ནི། །དགེ་སློང་རྣམ་པར་ཉམས་པ་ཡིན། །ཅེས་དང་། སྒྲ་དབྱངས་ཆུང་ངུའི་སྟོན་པ་ཡི། །ཡོན་ཏན་བརྗོད་བྱ་དམ་ཆོས་ཀྱིས། །དབྱངས་ནི་མངོན་པར་མི་ཤེས་ན། །དབེན་པར་སློབ་པ་བཀག་པ་མེད། །སྟོན་པའི་དམ་ཆོས་མཛེས་ཕྱིར་ཏེ། །ཉོན་མོངས་བཅས་པའི་སེམས་ཀྱིས་མིན། །ཅེས་དང་། བསླབ་པ་རྗེས་བསྲུང་བརྩེ་ལྡན་གྱིས། །ཤིག་རྣམས་དལ་གྱིས་བཟུང་ནས་ནི། །བསྡུས་ནས་རྩིག་པ་ལ་སོགས་པའི། །བུ་གར་སྙིང་རྗེ་ཅན་གྱིས་གཞུག །ཅེས་དང་། ཁྲིམས་ལྡན་ནད་གཡོག་བྱེད་པ་དང་། །ཆོས་དང་ཟང་ཟིང་སེར་སྣ་མེད། །དུས་སུ་འདོམས་པའི་བླ་མ་ནི། །བླ་མའི་ཡོན་ཏན་ཡང་དག་ལྡན། །གནས་པའི་ཚུལ་ལྡན་


JKT005_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཅན། །དུལ་ཞིང་བཟོད་དང་ལྡན་པ་དང་། །བླ་མ་ལ་ནི་རྟག་ཏུ་གུས། །ཞེས་དང་། དགེ་སློང་མདོ་སོགས་མཁས་པ་ལས། །ལམ་བྱེད་འོངས་བ་ཐོས་པ་ན། །ཇི་སྲིད་དཔག་ཚད་ཕྱེད་དང་གསུམ། །བ་དན་བསྒྲེངས་སོགས་སྔོན་འགྲོ་བས། །གཎྜི་བརྡུངས་ཏེ་དགེ་འདུན་གྱིས། །རང་གི་ནུས་པས་བསུ་བར་བྱ། །འོངས་ནས་དགའ་བས་རྙེད་པ་ཡང་། །དེར་དབུལ་ཚོགས་ཀྱིས་ཀྱང་ནི་ཐོང་། །གནས་ཁང་འདུག་སྟན་མལ་སྟན་རྣམས། །དེ་དག་གུས་པས་རྟག་ཏུ་དབུལ། །ཞེས་དང་། སྐུ་གཟུགས་མཆོད་རྟེན་བདེ་གཤེགས་ཀྱི། །བཀའ་ཡང་མངོན་པར་བྲི་བ་སྟེ། །རྙིང་ངམ་བརླག་ན་དགེ་སློང་གིས། །སླར་ནི་གསོ་བར་འོས་པ་ཡིན། །ཅེས་དང་། མཆོད་རྟེན་སྐུ་གཟུགས་གྲིབ་མ་དང་། །མཎྜལ་ཡང་ནི་འགོམ་མི་བྱ། །དགོས་པ་ཆེད་དུ་བདེ་གཤེགས་ཀྱི། །ཚིགས་བཅད་སྔོན་དུ་བྱས་ཏེ་འགོམ། །ཞེས་དང་། དེ་རྗེས་མི་རྟག་རྣམ་པའི་ཚུལ། །སྟོན་བྱེད་ཆོས་ཉན་སྦྱིན་བྱ་སྟེ། །འདི་དག་སྐྱོ་བ་བསྐྱེད་པ་དང་། །མྱ་ངན་དག་ཀྱང་བསལ་ཕྱིར་རོ། །གང་ཕྱིར་འདུས་བྱས་ཐམས་ཅད་ནི། །རྐྱེན་གྱིས་གཞན་དུ་འགྱུར་བ་སྟེ། །རྩྭ་རྩེ་རླུང་གིས་བསྐྱོད་པ་ཡི། །ཟིལ་པ་བཞིན་དུ་མི་རྟག་གོ །ཞེས་དང་། ཁང་བཟང་དག་གི་ངོས་དག་ཏུ། །ཐུབ་པའི་སྔོན་གྱི་སྐྱེས་རབས་བྲི། །དཔེར་ན་ཐམས་ཅད་སྒྲོལ་དང་ནི། །ཟླ་འོད་བཟོད་པར་སྨྲ་


JKT005_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས། །གཙུག་ལག་ཁང་སོགས་འདུལ་བ་ལ། །འཇིག་རྟེན་མངོན་པར་དད་འཕེལ་ཕྱིར། །རི་མོའི་ཆོ་ག་བརྗོད་པ་འདི། །ཐུགས་རྗེ་ཅན་གྱིས་ལེགས་པར་གནང་། །ཅེས་དང་། བདེ་གཤེགས་སྲས་ཀྱི་ལྷུན་པོའི་ཚད། །སྐུ་གཟུགས་མཆོད་རྟེན་བྱ་བར་འོས། །ཟུར་བཞི་ལོགས་མཉམ་མཛེས་བྱས་ནས། །བང་རིམ་ལ་སོགས་གཞན་རིམ་བཞིན། །དེ་ཡང་གཉིས་གསུམ་བཞི་དང་ལྔ། །འབྲས་བུའི་རིམ་པ་༧ གདུགས་ཀྱི་ཚད། །མཆོད་རྟེན་བྱེད་པོ་ཡོན་ཏན་ཅན། །སོ་སོའི་སྐྱེ་བོ་རྣམས་ལ་འོས། །འདི་ཡི་མཐར་ནི་སྟོན་པ་ཡི། །གདུགས་ཀྱི་ཚད་ལ་ངེས་པ་མེད། །བརྒྱ་ལྷག་རི་བ་བྱེ་བ་རྙེད། །མཆོད་རྟེན་ཡང་ནི་བྱ་བར་འོས། །དམན་པ་བསེ་རུའི་སྤྱོད་པ་ལ། །གདུགས་ནི་རིམ་པ་བཅུ་གསུམ་སྟེ། །དེ་ལ་ཆར་ཁེབས་མེད་པ་དག །བྱའོ་ཞེས་ནི་ཐོས་པ་ཡིན། །ལོགས་དག་ཏུ་ནི་སློབ་མ་ཟུང་། །སྟོན་པའི་མཆོད་རྟེན་དབུས་སུ་སྟེ། །ལྷག་མ་རྣམས་ནི་གྲལ་རིམ་བཞིན། །ཅེས་སོ། འདུལ་བའི་བསྟོད་པའི་ས་བཅད་ལ། ཀླད་དང་། གཞུང་དང་། མཇུག་གི་དོན་ནོ། །དང་པོ་ལ་མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ། ཁེངས་པ་བསྐྱུང་བ། གཉིས་པ་ལ། ཡོན་ཏན་ཀུན་གྱི་རྟེན་དུ་གྱུར་པས་བསྟོད་པ། བསྲུང་བ་ཉིད་ཀྱིས་བསྟོད་པ། ཇི་ལྟར་ཆུ་ལོན། བྱང་ཆུབ་གསུམ་གྱི་ཚོགས་ཉིད་སངས་རྒྱས་ཀྱི་ཕྱིར་བསྟོད་པ།


JKT005_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་རྒྱུ་ཉིད་ཇི་སྲིད་གྱིས་བསྟོད་པ། དཀོན་པར་བྱེད་པའི་སྒོ་ནས་བསྟོད་སངས་རྒྱས་མི་བཞུགས་པ། དཔེའི་སྒོ་ནས་བསྟོད་པ། འཇོག་བྲལ། སྟོན་པ་དང་འདྲ་བ་ཉིད་ཀྱིས་བསྟོད་པ། རྒྱལ་བ། དེ་བཞིན་གཤེགས་པ་བས་ཀྱང་བླ་མ་ཡིན་པའི་ཕྱིར་འདི་ལ་ཕྱག་བྱ་བ་ཉིད་དུ་བསྟན་པ། གང་ལ། མཆོད་པའི་རྒྱུ་ཉིད་ཀྱིས་གུས་པ་བསྐྱེད་པའི་ཆེད་གང་ཞིག་དུ་བསྟོད་པ། ཁྱད་པར་གསོད་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལས་འདས་པའི་ཉེས་བ་བརྗོད་པ། འདི་ན། ད་ནི་སོ་སོར་ཐར་པའི་རྣམ་པར་བཤད་པ་ཉིད་ཀྱིས་འདུལ་བ་སོ་སོར་ཐར་པ། བསྟོད་པ་སྟེ་བཅུའོ། །འདིའི་སྐབས་ཀྱི་བཅས་པའི་ཁ་ན་མ་ཐོ་བ་སྨྱུག་མའི་ཚལ་ལྟ་བུ་དེ་ལས་འདས་ཤིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཨ་མའི་ཚལ་ལྟ་བུ་དེ་ཉམས་པ་ན་རྒྱལ་པོ་ཁྲོས་པ་ལ་སོགས་པ་ལྟ་བུའི་རྒྱལ་བའི་བཀའ་ཁྱད་དུ་བསད་ཅིང་། བསླབ་པ་དྲལ་བ་དེས། དེ་ལས་རྒྱལ་པོའི་ཆད་པའི་སྡུག་བསྔལ་གྱི་གཞན་དབང་ལྟ་བུ་གནོད་པའི་སྡུག་བསྔལ་དུ་མ་ཉམས་སུ་མྱོང་བས་ན། བཅས་པ་ཕྲ་མོ་ཡང་བག་ཡངས་སུ་མི་བྱའོ། ༈ །གང་གིས་ཉིད་ཀྱི་དབུ་ཡང་རིན་ཆེན་འོད་འཕྲོ་ལྟ་བུ་དང་། །རབ་རྒྱས་པདྨ་གསེར་མདོག་དང་འདྲའི་བཙུན་མོ་རྣམས་ཀྱང་བྱིན། །མ་ལུས་དོན་གཉེར་རབ་དགར་མཛད་ནས་བྱང་ཆུབ་མཆོག་བརྙེས་པ། །ཆོས་འདུལ་ཞི་བའི་དོན་དུ་སྟོན་མཛད་དེ་ལ་ཕྱག་འཚལ་ལོ། །གང་ཐོབ་ངན་
འགྲོའི་འཇིགས་པ་རྣམས་ལས་ངེས་པར་སྒྲོལ་འགྱུར་ཞིང་། །སྲིད་པའི་འཆིང་བ་མཐའ་དག་བཅད་ནས་མྱ་ངན་འདས་གྱུར་པ། །འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པ་ཀུན་ནས་སྒྲོལ་བ་ཡིས། །གཟིངས་གྱུར་གཅིག་པུ་བདེ་གཤེགས་རྣམས་ཀྱི་བསྟན་བཅོས་དེ་ལ་འདུད། །གང་ཡང་ཡོན་ཏན་ཀུན་ལྡན་ཡོན་གནས་དམ་པར་གང་གྱུར་པ། ཅུང་ཟད་ཕུལ་ཡང་འབྲས་བུ་རྒྱ་ཆེན་ཤིན་ཏུ་འཕེལ་འགྱུར་བ། །བདག་ཉིད་ཀུན་གྱིས་ཕྱག་འོས་བདེ་བཤེགས་སྲས་ལ་རབ་ཏུ་བསྔགས། །གང་ཟག་བརྒྱད་མཆོག་ལེགས་སྤྱོད་ཀྱིས་བརྒྱན་འཕགས་ཚོགས་རྣམས་ལའང་འདུད། །ཅེས་གསུངས།།


previousབདེ་གཤེགས་སྙིང་པོའི་དོན་གསལ་བར་བྱེད་པ། next