Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
གྲུབ་པའི་མཐའ་རྣམ་པར་དཔྱད་པའི་སྙིང་པོ།


 
previousགྲུབ་པའི་མཐའ་རྣམ་པར་དཔྱད་པའི་སྙིང་པོ། no next

གྲུབ་པའི་མཐའ་རྣམ་པར་དཔྱད་པའི་སྙིང་པོ།


JKT005_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་མཐའ་རྣམ་པར་དཔྱད་པའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རེ་ཞིག་གྲུབ་པའི་མཐའ་ནི་རྣམ་པ་གཉིས་ཏེ། གཞན་སྡེ་དང་། རང་སྡེའོ། །དང་པོ་ལ། སྤྱིར་ལོག་རྟོག་གི་འདོད་པ་བསམ་གྱིས་མི་ཁྱབ་ཀྱང་། མཆོག་ཏུ་གྱུར་པ་བྲམ་ཟེ་མཆོག་གི་རྒྱུད་དག །བདག་རྟག་པ། ཁྱབ་པ། ལུས་མེད་པ། གཅིག་པུ་ཞིག་ཡོད་པར་འདོད་དོ། །དེ་ནི་མི་འཐད་དེ། བདག་དེ་ཕུང་པོ་ཉིད་དམ། དེ་ལས་རྫས་གཞན་པ་གང་། དང་པོ་ནི་མི་འཐད་དེ། བདག་རྟག་ལ་ཕུང་པོ་མི་རྟག་པའི་ཕྱིར། ཕྱི་མ་མི་འཐད་དེ། ཕུང་པོ་ལྔ་བསལ་བའི་འོག་ཏུ་བདག་ཅེས་རྫས་གཞན་པ་སྟོན་རྒྱུ་ཡོད་དགོས་པའི་ཕྱིར།


JKT005_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་སུས་ཀྱང་མངོན་དུ་མ་གྱུར་པ་ཞིག་ཡོད་དོ་ཞེ་ན། རི་རྭ་དང་མོ་གཤམ་གྱི་བུ་ཡང་ཡོད་པར་ཁས་ལོངས་ཤིག །དེ་བས་ན་བདག་དེ་ཕུང་པོ་དང་དེ་ལས་རྫས་གཞན་པར་མ་དམིགས་ན། དེ་མ་ཡིན་པའི་ཕུང་པོ་གསུམ་པར་ཁས་བླང་དུ་མི་རུང་བས་མེད་པར་གྲུབ་བོ། །ཡང་། རྟེན་དང་བརྟེན་པར་ཡོད་དོ་ཞེ་ན། དེ་འདྲ་བའི་ཆོས་མ་དམིགས་པའི་ཕྱིར། བདག་གིས་ཕུང་པོ་ལ་ཁྱབ་བོ་ཞེ་ན། བདག་ནི་གཅིག་ལ་ཕུང་པོ་ནི་དུ་མ་ཡིན་པས་རྫས་འགལ་བའི་ཕྱིར། བདག་ཕུང་པོ་དང་ལྡན་པར་ཡང་མེད་དེ། དེ་གཉིས་འབྲེལ་པ་མ་གྲུབ་པའི་ཕྱིར། བདག་གཅིག་པུ་མ་ཡིན་ཏེ། དེས་ཁྱབ་ཀྱི་དངོས་པོ་རྣམས་ཐ་དད་པའི་ཕྱིར། འདོད་ན། གང་ཟག་གཅིག་བཅིངས་པས་ཐམས་ཅད་བཅིངས་པར་འགྱུར་རོ། །བདག་རང་དབང་ཅན་མ་ཡིན་ཏེ། བདེ་སྡུག་སོགས་མི་འདོད་བཞིན་དུ་འབྱུང་བའི་ཕྱིར། ལུས་མེད་པ་ཡང་མི་འཐད་དེ། ལུས་ལས་གཞན་དུ་ཡོད་པ་ནི་བཟློག་ཟིན། ལུས་ཉིད་དེར་འདོད་ན་ནི་ལུས་མེད་པའི་དམ་བཅའ་ཉམས་ལ། ཕུང་པོ་གསུམ་པ་ནི་མ་གྲུབ་པའི་ཕྱིར། དེ་བས་ན་བརྟགས་པ་འདི་ནི་ཐག་པ་ལ་སྦྲུལ་དུ་ནན་གྱིས་བསྒྲུབས་པ་དང་མཚུངས་སོ། །གཉིས་པ་ལ། ཉན་ཐོས་དག །ཕྱི་དོན་རྡུལ་ཕྲ་རབ་དང་། དེའང་བར་དང་བཅས་པ་དང་། བར་མེད་པ་དང་། བར་མེད་པ་ལ་མ་འབྱར་བར་ཡོད་པར་འདོད་དོ། །དེ་མི་


JKT005_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་དེ། འདི་ལྟར་ཐག་པ་ལ་སྦྲུལ་དུ་འཛིན་པ་ནི་འཁྲུལ་ཏེ། ཐག་པ་ཉིད་དོ། །དེའང་འཁྲུལ་ཏེ། ཐག་པ་མ་ཡིན་ཏེ་ཉིས་སྒྲིལ་དང་། དེའང་མ་ཡིན་ཏེ་རྩྭ་འདུས་པ་དང་། རྩྭ་ཡང་མེད་དེ་རྡུལ་ཕྲ་རབ་ཚོགས་པའོ། །རྡུལ་ཕྲ་རབ་ཡོད་དམ་ཞེ་ན། མེད་དེ་ཕྱོགས་ཆ་དབྱེ་བ་མེད་པའི་ཕྱིར། ཕྱོགས་ཆ་ཐ་དད་པས་དེ་མེད་པའི་རྡུལ་ཕྲ་རབ་གཅིག་པ་ཉིད་མི་འགྲུབ་བོ། །གལ་ཏེ་འདི་ལ་དབྱེར་མེད་དོ་ཞེ་ན། །། དབུས་རྡུལ་གཅིག་ལ་ཕྱོགས་རྡུལ་དྲུག་གིས་བསྐོར་བའི་ཚེ་ན། ནུབ་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ་དང་ལྡན་པའི་ཆ་དེ་ཉིད་ཀྱིས་བྱང་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ་རྣམས་དང་ལྡན་པ་ཡིན་ནམ། མ་ཡིན། དང་པོ་ལྟར་ན་ཕྱོགས་རྡུལ་དྲུག་པོ་དབུས་ན་གནས་པའི་རྡུལ་ཕྲ་རབ་ཁོ་ནའི་བདག་ཉིད་ཡིན་པས་དེས་བརྩམས་པའི་དངོས་པོ་ཐམས་ཅད་ཀྱང་རྡུལ་ཕྲ་རབ་ཏུ་འགྱུར་རོ། །ཕྱི་མ་ལྟར་ན། ཆ་ཤས་མེད་པའི་དམ་? བཅའ་ཉམས་སོ། །དེ་བས་ན་རྡུལ་ཕྲ་རབ་གཅིག་མ་གྲུབ་པས་དུ་མ་མེད། དེ་མེད་པས་བར་མེད་དང་། རེག་ལ་མ་འབྱར་བ་སོགས་བློས་བརྟགས་པ་ཁོ་ནར་ཟད་དོ། །ཁ་ཅིག་དངོས་པོ་རྣམས་ཕྲེང་བ་དང་སྐུད་པ་ལྟར་ཡན་ལག་ཅན་དུ་ཡོད་པར་འདོད་དོ། །དེ་ནི་མི་འཐད་དེ། ཡན་ལག་དང་ཡན་ལག་ཅན་གཉིས་གཅིག་གམ་ཐ་དད། དང་པོ་མི་འཐད་དེ། གང་གི་ཐོག་མའི་ཆ་དམར་པོ་ལ་སོགས་པ་ཡིན་པ་དེ་ཉིད་


JKT005_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དབུས་མའི་ཆ་དང་། ཐོག་མའི་ཆ་གཅིག་ཤོས་ཀྱང་དམར་པོ་ལ་སོགས་པ་ཡིན་པར་ཐལ་བར་འགྱུར་ཏེ་གཅིག་པའི་ཕྱིར། ཕྱི་མ་མི་འཐད་དེ། ཡན་ལག་རྣམས་ལས་གཞན་པའི་ཡན་ལག་ཅན་འགའ་ཡང་མ་དམིགས་ཏེ། སྐུད་པ་ཉིས་སྒྲིལ་དང་སྤུ་རེ་རེ་ལས་གཞན་པའི་ཡན་ལག་ཅན་ཉིད་སུས་མཐོང་། དེ་ལ་སེམས་ཙམ་པ་དག །བདག་དང་རྡུལ་སོགས་མེད་ཀྱང་། སེམས་དང་ཡེ་ཤེས་སྐད་ཅིག་མ་རྒྱུན་ཆགས་སུ་འབྱུང་བ་ཡོད་དོ། །ཞེའོ། །དེ་མི་འཐད་དེ། སྐད་ཅིག་མ་མ་གྲུབ་པའི་ཕྱིར། དེའང་འདས་པའི་སྐད་ཅིག་མ་ཞིག་ལ། མ་འོངས་པ་མ་གྲུབ་པས་མེད་ཅིང་། དེ་གཉིས་མེད་པས་འབྲས་བུའི་སྐྱེ་བ་ད་ལྟར་བའི་སྐད་ཅིག་མ་ག་ལ་ཡོད། ཡང་སེམས་དེ་རྒྱུ་འབྲས་དུས་ཐ་དད་པ་ལས་སྐྱེས་སམ། དུས་མཉམ་ལས་སྐྱེ། དང་པོ་ལྟར་ན་དུས་གཞན་གྱིས་བར་དུ་ཆོད་པ་ལས་སྐྱེའམ། མ་ཆོད་པར་སྐྱེ། དང་པོ་མི་འཐད་དེ། འདས་པ་ཁོ་ན་ལས་སྐྱེད་གོས་པས། དེ་ཞིག་པའི་དངོས་མེད་ཡིན་པའི་ཕྱིར། ཕྱི་མ་མི་འཐད་དེ། དུས་ཐམས་ཅད་སྐད་གཅིག་མ་གཅིག་གི་ནང་དུ་ཞུགས་པར་འགྱུར་བས། བསྐལ་པའང་སྐད་ཅིག་མ་ཙམ་ཉིད་དུ་ཐལ་པ་དང་། སྐད་ཅིག་མའང་དུས་ཀྱི་ཆ་ཤས་ཡོད་པར་འགྱུར་རོ། །གཉིས་པ་ལྟར་ནའང་མི་འཐད་དེ། རྒྱུ་དེས་འབྲས་བུ་ལ་ཅི་ཞིག་ཕན། གཡས་གཡོན་ལྟ་བུ་དུས་མཉམ་པ་རྣམས་ལ་རྒྱུ་འབྲས་ཀྱི་


JKT005_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་མ་དམིགས་པའི་ཕྱིར་རོ། །ཡང་སེམས་དེ་ཡོད་པ་ལས་སྐྱེ་ན་བུམ་པ་ལས་ཀྱང་བུམ་པ་སྐྱེ་བར་འགྱུར་ལ། མེད་པ་ལས་སྐྱེ་ན་རི་རྭའང་སྐྱེ་བར་ཐལ་ལོ། །རྒྱུ་མེད་པ་ལས་སྐྱེ་ན་བེམས་པོ་ལས་ཀྱང་སེམས་འབྱུང་བར་ཐལ་ལོ། །རྒྱུ་གཅིག་ལས་གཅིག་སྐྱེ་ན། འབྲས་བུ་དག་ནི་རྒྱུ་རྐྱེན་དུ་མ་ལ་རག་ལས་པར་མཐོང་སྟེ། རྫ་བུམ་བཞིན་ནོ། །གཅིག་ལས་དུ་མའོ་ཞེ་ན། རྒྱུ་འབྲས་མི་མཐུན་ཏེ། རྒྱུ་ལ་ལྟོས་ན་འབྲས་བུ་མང་ལ། འབྲས་བུ་ལ་ལྟོས་ན་རྒྱུ་ཉུང་བའི་ཕྱིར། དུ་མ་ལས་གཅིག་ཅེ་ནའང་སྔ་མའི་ཉེས་པ་གོ་ལྡོག་པར་འགྱུར་རོ། །དུ་མ་ལས་དུ་མའོ་ཞེ་ན། གཅིག་གིས་གཅིག་བསྐྱེད་མི་ནུས་ན། དུ་མ་ནི་གཅིག་འདུས་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ཁྱེད་འདོད་པའི་སེམས་དེ་རྒྱུ་གང་ལས་ཀྱང་མི་སྐྱེ། ཚུལ་ཇི་ལྟར་ཡང་མི་སྐྱེ་བ་ཁོ་ནའོ། །གཞན་ཡང་ངེས་པར་ཡོད་ན་རང་གི་ངོ་བོ་གཅིག་ཏུ་ཡོད་དམ། དུ་མར་ཡོད། དང་པོ་ལྟར་ན་དུ་མར་དམིགས་པའི་མཐུ་མེད་པར་འགྱུར་ལ། ཕྱི་མ་ལྟར་ན་རྫས་རྡུལ་ཕྲ་རབ་དང་། སྐད་ཅིག་མ་དུ་མ་གང་རུང་ཡིན་དགོས་ཏེ། དེ་ནི་བསྟན་ཟིན་ཏོ། །རྣམ་རྫུན་པ་དག །སེམས་རྣམ་པ་མེད་པ་ཙམ་རིག་པས་བེམས་པོ་ལས་ལོག་པ་དཔྱད་དུ་མེད་པ་བརྗོད་དུ་མེད་པ་ཞིག་ཡོད་ལོ། དེ་མི་འཐད་དེ། གཟུགས་ཅན་དུ་ཡོད་ན་བསྟན་དུ་ཡོད་དགོས་ལ། གཟུགས་མེད་དུ་ཡོད་ན་གང་


JKT005_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དམིགས་པར་འགྱུར། དེ་བཞིན་དུ་ཡེ་ཤེས་རྒྱུན་དུ་འབྱུང་བའང་དཔྱད་པར་བྱ་སྟེ། རྣམ་བདེན་ལྟར། དམིགས་པ་རྣམ་པར་དག་པ་དང་ལྡན་པའི་ཡེ་ཤེས་ཡོད་པ་མི་འཐད་དེ། ནོར་པ་ཐམས་ཅད་སྤངས་པ་དང་མཚན་མར་སྐྱེ་བ་འགལ་ལོ། །རྣམ་རྫུན་ལྟར་ན། འདས་དང་ད་ལྟ་བ་མེད་པའི་མ་འོངས་པ་མ་གྲུབ་པས། གང་གནས་འགྱུར་བའི་སེམས་ཉིད་མེད་ན། དེ་གནས་གྱུར་པའི་ཡེ་ཤེས་ཇི་ལྟར་ཡོད། འོ་ན་ཡེ་ཤེས་མེད་ན་སེམས་ཅན་གྱི་དོན་ཇི་ལྟར་འབྱུང་ཞེ་ན། མར་མེ་ཟད་པ་བཞིན་སེམས་སེམས་བྱུང་གི་འཇུག་པ་རྒྱུན་ཆད་པ་སྟེ། དེའང་གཟོད་མ་ནས་ཞི་བ་ཉིད་ཀྱིས་ཆད་པར་མི་འགྱུར་ལ། གཞན་དོན་ནི་སྨོན་ལམ་གྱི་མཐུ་ཁོ་ནས་སོ། །ཞེས་པའང་མཉྫུགྷོ་ཥས་སོ།། །།


previousགྲུབ་པའི་མཐའ་རྣམ་པར་དཔྱད་པའི་སྙིང་པོ། no next