Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
སྔོན་འགྲོ་དང་དངོས་གཞིའི་ལམ་སྤྱིར་འཇུག་པའི་ཟིན་བྲིས་ལས་དང་པོ་པ་ལ་ཕན་པའི་ཚིག་གི་བདུད་རྩི་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྔོན་འགྲོ་དང་དངོས་གཞིའི་ལམ་སྤྱིར་འཇུག་པའི་ཟིན་བྲིས་ལས་དང་པོ་པ་ལ་ཕན་པའི་ཚིག་གི་བདུད་རྩི་། next

སྔོན་འགྲོ་དང་དངོས་གཞིའི་ལམ་སྤྱིར་འཇུག་པའི་ཟིན་བྲིས་ལས་དང་པོ་པ་ལ་ཕན་པའི་ཚིག་གི་བདུད་རྩི་།


JKT006_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་དང་དངོས་གཞིའི་ལམ་སྤྱིར་འཇུག་པའི་ཟིན་བྲིས་ལས་དང་པོ་པ་ལ་ཕན་པའི་ཚིག་གི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ༔ དེ་ལ་འདིར་རྟེན་གྱི་གང་ཟག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས། ཚེ་འདིའི་བདེ་སྐྱིད་དང་། འཁོར་བའི་བདེ་བ་དང་། རང་དོན་ཡིད་བྱེད་ལ་མ་ཆགས་པ་གསུམ་གྱིས་བློ་སྦྱངས་ཏེ་མྱུར་ལམ་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ལ་ནན་ཏན་དུ་བསླབ་པར་བྱ་བ་ཡིན་ཏེ། དང་པོ་གསུམ་གྱི་དབང་དུ་བྱས་ན། དལ་འབྱོར་རྙེད་དཀའ་


JKT006_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པས་འཆི་བ་མི་རྟག་པའི་གཞི་ཐེང་བ་དང་། འཆི་བ་མི་རྟག་པ་བསྒོམས་པས་ཚེ་འདིའི་མངོན་ཞེན་ལྡོག་པ་དང་། འཁོར་བའི་ཉེས་དམིགས་ཤེས་པས་སྲིད་པའི་ཕུན་ཚོགས་ལ་ངེས་པར་འབྱུང་བ་དང་། །ལས་རྒྱུ་འབྲས་བསམ་པས་བླང་དོར་གྱི་འཇུག་ལྡོག་མ་འཆོལ་བ་དང་། དཀོན་མཆོག་ལ་སྐྱབས་སུ་འགྲོ་བས་ལམ་ལོག་པ་ལས་བློ་ལྡོག་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པས་ལམ་དམན་པ་ལས་ཁྱད་པར་དུ་བྱ་བ་སྟེ་དྲུག་ལས། དང་པོ་ནི། ད་རེས་རང་གཞན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར་དམ་པའི་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་དགོས། དེ་བསྒྲུབ་པའི་རྟེན་ནི་དལ་འབྱོར་གྱི་མི་ལུས་འདི་ཁོ་ན་ལས་གཞན་དུ་མ་དམིགས་ཤིང་། རྟེན་འདི་ཡང་། ངོ་བོ་དང་། རྒྱུ་དང་། གྲངས་དང་། དཔེ་རྣམས་ཀྱི་སྒོ་ནས་ཞིབ་མོར་བསམ་ན་ད་ལན་ཙམ་མ་གཏོགས་ཕྱིས་ནས་ཡང་ནས་ཡང་དུ་རྙེད་པར་དཀའ་བའི་ཚུལ། ངན་སོང་གསུམ་དུ་སྐྱེས་ན་ནི་སྡུག་བསྔལ་གྱི་སྡུག་བསྔལ་དོས་དྲགས་པས་མི་ཁོམས། ལྷ་རྣམས་ནི་འདོད་ཡོན་ལ་གཡེང་བས་མི་ཁོམས། སངས་རྒྱས་མ་བྱོན་པའི་ཞིང་ངམ། བྱོན་ཀྱང་ཆོས་མ་དར་བའི་མཐའ་འཁོབ་ཀླ་ཀློའམ། ལས་འབྲས་ལ་ཡིད་མི་ཆེས་པའི་ལོག་ལྟ་ཅན་དང་། ཆོས་ཀྱི་བླང་དོར་མི་ཤེས་པའི་གླེན་ཅིང་ངག་ལྐུག་པ་རྣམས་སུ་སྐྱེས་ན་ཆོས་ཀྱི་སྣང་བ་དང་བྲལ་བས་ན་མི་ཁོམས་


JKT006_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། སྐྱོན་གྱི་ལྡོག་ཆ་བརྒྱད་པོ་དེ་དང་བྲལ་བའི་མི་ལུས་ནི་ཆོས་སྒྲུབ་པའི་ལོང་ཡོད་དུ་ཁོམས་པས་ངོ་བོ་དལ་བ་ཞེས་བྱ་ལ། དེའི་ཁྱད་པར་གྱི་ཆོས་མིའི་ལུས་སུ་སྐྱེས་པ་གཞིར་བཞག་ནས། དེ་ཡང་ཡུལ་དབུས་ཆོས་དར་སར་སྐྱེས་པ། དབང་པོ་སྒོ་ལྔ་ཚང་བ། མཚམས་མེད་ལྔ་ལས་གང་ཡང་རུང་བ་མ་བྱས་པས་ལས་མཐའ་མ་ལོག་པ། སངས་རྒྱས་ཀྱི་གསུང་རབ་ལ་དད་པས་འཇུག་པ་གནས་ལ་དད་པ་སྟེ་རང་རྒྱུད་ཀྱིས་བསྡུས་པའི་འབྱོར་བ་ལྔ་དང་། སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་ཆོས་གསུངས་པ། གསུངས་པའི་བསྟན་པ་གནས་པ། བསྟན་པའི་རྗེས་སུ་བདག་གཞན་འཇུག་པ་ཡོད་པ། ཆོས་དང་༡ ཟང་ཟིང་གི་མཐུན་རྐྱེན་སྦྱོར་བ་ཡོད་པ་སྟེ་གཞན་རྒྱུད་ཀྱིས་བསྡུས་པའི་འབྱོར་པ་ལྔ་ལས། རང་འབྱོར་དང་དལ་བ་ནི་གནས་གཅིག་པ་ཡིན་ལ། དེ་ལྟ་བུའི་ཁྱད་ཆོས་མཐའ་དག་ཚང་བ་ཤིན་ཏུའང་དཀོན་པས་ན་ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་ཡིན་ནོ། །དེ་ཙམ་དུ་དཀའ་བའང་སེམས་ཅན་གྱི་ནང་ནས་ངན་སོང་གི་རྒྱུ་སྡིག་པའི་ལས་བྱེད་པ་ནི་ཤིན་ཏུ་མང་། མཐོ་རིས་ཀྱི་རྒྱུ་དགེ་བ་བྱེད་པ་ནི་ཆེས་ཉུང་། དེ་ལས་ཀྱང་དལ་འབྱོར་གྱི་ལུས་སྐྱོན་མེད་པའི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་ནི་སྲིད་མཐའ་ཙམ་དུ་འདུག་པས་ན་རྒྱུ་ཡི་སྒོ་ནས་ཀྱང་རྙེད་པར་དཀའ་ལ། རྒྱུ་དེས་བསྐྱེད་པའི་འབྲས་བུ་རང་གི་ངོས་ནས་ཀྱང་།


JKT006_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་གསུམ་ནི་ས་ཆེན་པོའི་རྡུལ་བཞིན་དུ་མཐའ་མེད། མཐོ་རིས་ནི་སེན་མོའི་སྟེང་གི་རྡུལ་བཞིན་ཤིན་ཏུ་ཉུང་བར་ལུང་ལས་གསུངས་པར་མ་ཟད། མཐོང་ཆོས་སུའང་ངན་སོང་གསུམ་གྱི་ནང་ནས་ཉུང་ཤོས་དུད་འགྲོ་བྱིངས་ན་གནས་པ་ནི་ཆང་འགགས་ཀྱི་སྦང་མ་བཞིན་བསམ་གྱིས་མི་ཁྱབ། ཁ་འཐོར་ཀྱང་ས་གཞི་རི་ཀླུང་ཁེངས་པ་ཙམ་དུ་འདུག་སྟེ། དཔེར་ན་དབྱར་དུས་སྔོ་ཕུང་གཅིག་ལ་གནས་པའི་སེམས་ཅན་ཀྱང་མཐའ་མི་འདུག །དེ་ལ་ལྟོས་ན་ལྷ་དང་མིའི་འགྲོ་བ་ནི་སྲིད་མཐའ་ཙམ་དང་། དེ་ལས་ཀྱང་སྤྱིར་མིའི་འགྲོ་བ་དང་། ཁྱད་པར་ཆོས་ལྡན་གྱི་མི་ལུས་ནི་སྲིད་མཐའ་ཙམ་དུ་འདུག་པས་གྲངས་ཀྱི་སྒོ་ནས་ཀྱང་རྙེད་པར་དཀའ་བ་དང་། གཞན་ཡང་རྒྱ་མཚོ་ཆེན་པོ་མཐའ་མེད་པར་གཉའ་ཤིང་བུ་ག་གཅིག་པ་ཕྱོགས་ཐམས་ཅད་དུ་བསྐྱོད་པ་ཞིག་ཡོད་པའི་དབང་དུ་བྱས་ཏེ་དེའི་སྟེང་ན་རུ་སྦལ་ལོང་བ་ལོ་བརྒྱ་ཕྲག་རེ་ན་རྒྱ་མཚོའི་སྟེང་དུ་ལན་རེ་འོང་བའི་མགྲིན་པ་གཉའ་ཤིང་གི་བུ་གར་ཚུད་པའི་སྐབས་ཀྱང་སྲིད་མོད་ཀྱི། མི་ལུས་ཐོབ་པ་ནི་དེ་ལས་ཀྱང་དཀའ་བར་ལུང་ལས་གསུངས་པས་མཚོན་དཔེ་ཡི་སྒོ་ནས་ཀྱང་རྙེད་པར་དཀའ་ཞིང་། རྙེད་དཀའ་བ་ཁོ་ནར་མ་ཟད། རྙེད་ན་དོན་གྱི་མཆོག་ཆེན་པོ་དང་ལྡན་པ་ཡིན་ཏེ། རང་ཉིད་ཀྱི་བསམ་སྦྱོར་གྱིས་ནུས་ན་ཚེ་འདིའི་བདེ་སྐྱིད་དང་། ཕྱི་མ་ལྷ་མིའི་གོ་འཕང་དང་། ཐེག་པ་འོག་མའི་མྱང་


JKT006_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དང་། བླ་ན་མེད་པའི་བྱང་ཆུབ་རྣམས་ཀྱང་བདེ་བླག་ཏུ་བསྒྲུབ་ནུས་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་ལག་ཏུ་ལོན་པའི་དཔེས་བརྒྱ་སྟོང་གི་ཆར་ཡང་མི་མཚོན་པ་འདི་ལྟ་བུ་ཞིག་ཐོབ་པའི་སྐབས་སུ། རྟེན་དེ་ལ་སྙིང་པོ་ལོན་པའི་ཆོས་རྣམ་པར་དག་པ་ཞིག་ཅི་ནས་ཀྱང་བསྒྲུབ་པར་བྱ་དགོས་སོ། །གཉིས་པ་ནི། ཆོས་དེ་ཡང་མྱུར་དུ་བརྩོན་པས་བསྒྲུབ་དགོས་ཀྱི། ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་སོང་ན་སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པས་ཁྱབ་ཅིང་། བྱེ་བྲག་ཏུ་སེམས་ཅན་གྱི་ཁམས་ན་སྐྱེས་ནས་མ་ཤི་བར་ཚེ་ཐར་དུ་ལུས་པ་སུ་ཡང་མེད། ད་ལྟའི་རང་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱང་འཆི་བ་ལས་མ་འདས། དེ་ཡང་ན་སོ་རྒན་གཞོན་བར་མའི་རྩིས་གདབ་མེད་པར་འཆི་བ་གློ་བུར་དུ་འོང་བས་ནམ་འཆི་ཆ་མེད། ལུས་ནི་ཆུའི་ལྦུ་བ་ལྟར་སྲན་ཆུང་། དབུགས་ནི་སྟོན་ཀའི་ན་བུན་བཞིན་དུ་ཡལ་སྐྱེན། སེམས་ནི་དམུས་ལོང་ཐང་སྟོང་དུ་འཁྱམས་པ་བཞིན་གར་འགྲོའི་རང་དབང་མེད། ཕན་དུ་རེ་བའི་ཟས་གོས་ཚུན་ཆད་ཀྱིས་ཀྱང་འཆི་བའི་རྐྱེན་བྱེད་པས་འཆི་རྐྱེན་མང་། དུས་ལ་བབས་པ་ན་ཐབས་གང་གིས་ཀྱང་མི་བཟློག་པས་གསོན་རྐྱེན་ཉུང་། མདོར་ན་ཚེ་འདི་ཕྱི་གཉིས་ཀྱི་བར་ལ་དབུགས་ཕྲེང་ཕྲེང་བ་འདི་ཀ་ལས་མེད། འདི་ནམ་ཆད་ན་ཚེ་ཕྱི་མར་སླེབས་པས་སང་དང་ཚེ་ཕྱི་མའང་གང་སྔ་མི་ཤེས། སྐབས་དེར་ལོངས་


JKT006_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དང་དབང་ཕྱུག་སྟོབས་དང་སྙན་གྲགས་ལ་སོགས་པ་ཆེན་པོས་ཁྱབ་པ་ཞིག་ཡོད་ཀྱང་རྡུལ་ཕྲ་རབ་ཙམ་ཡང་རྗེས་སུ་མི་འབྲང་ཞིང་། དམ་པའི་ཆོས་མ་གཏོགས་གཞན་གང་གིས་ཀྱང་མི་ཕན་པས་མི་ཚེ་ཡུད་ཙམ་པ་སྤྲིན་བར་གྱི་ཉི་ཞུར་ལྟ་བུ་འདི་ལ་ཚེ་འདིའི་བདེ་སྐྱིད་སྙན་གསུམ་ལ་མ་ཆགས་པར་འཆི་ཆོས་གཤའ་མ་ཞིག་དེ་རིང་ནས་བྱ་བར་ཐག་བཅད་ཅིང་ལག་ཏུ་བླང་ངོ་། །གསུམ་པ་ནི། དེ་ལྟར་ཤི་བའི་རྗེས་སུ་ཅང་མེད་དུ་སོང་ན་དྲགས་མོད། རང་ཅག་ལས་ཉོན་མ་ཟད་པ་རྣམས་ལས་དང་ལས་ཀྱི་འབྲས་བུ་འབའ་ཞིག་ལ་བརྟེན་ནས་རང་དབང་མེད་པར་འཁོར་བའི་གནས་སུ་ཡང་ནས་ཡང་དུ་སྐྱེ་དགོས། འཁོར་བའང་ངན་འགྲོ་དང་བདེ་འགྲོ་གཉིས་ལས་མི་འདའ། དེ་ལས་ངན་སོང་གསུམ་དུ་སྐྱེས་ན་སེམས་ཅན་དམྱལ་བ་པ་རྣམས་ལ་ཚ་གྲང་གཅོད་གཏུབ་ཀྱི་སྡུག་བསྔལ། ཡི་དྭགས་རྣམས་ལ་བཀྲེས་སྐོམ་བྲེལ་ཕོངས་ཀྱི་སྡུག་བསྔལ། དུད་འགྲོ་རྣམས་ལ་གླེན་ལྐུགས་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཏེ་བཟོད་པར་དཀའ་བའི་སྡུག་བསྔལ་ཡུན་རིང་ལ་དོས་དྲགས་པས་མནར་བ་དང་། གལ་ཏེ་བདེ་འགྲོར་སྐྱེས་སུ་ཟིན་ཀྱང་། མི་རྣམས་ལ་སྐྱེ་རྒ་ན་འཆི་སོགས་རྩ་བ་དང་ཡན་ལག་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ། ལྷ་མ་ཡིན་རྣམས་ཕྲག་དོག་གི་དབང་གིས་འཐབ་ཅིང་རྩོད་པས་ལུས་སེམས་སྐད་ཅིག་ཀྱང་རྣལ་དུ་མི་གནས། ཁམས་འོག་མའི་ལྷ་


JKT006_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འཆི་འཕོ་བའི་སྔ་ལྟས་ཀྱིས་ཆེས་ཆེར་གདུང་བ་སྟེ་འགྱུར་བའི་སྡུག་བསྔལ་དང་། ཁམས་གོང་མའི་ལྷ་རྣམས་ཟག་བཅས་ཀྱི་དགེ་བའི་འཕེན་ཤུགས་རྫོགས་པ་ན་ལོག་པར་ལྟ་བས་སེམས་བསླད་དེ་གནས་རིས་འོག་མ་རྣམས་སུ་ལྟུང་བའི་ཕྱིར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། མདོར་ན་མེའི་རང་བཞིན་ཚ་བ་ལས་མ་འདས་པ་བཞིན། འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་གནས་དང་། གྲོགས་དང་། ཡོ་བྱད་ཀྱི་རང་བཞིན་ཁོ་ན་ལས་མ་འདས་པར་ཤེས་ནས་ངེས་འབྱུང་གི་བློ་ཤུགས་དྲག་ཏུ་བསྐྱེད་པར་བྱའོ། །བཞི་པ་ནི། དེ་ལྟ་བུའི་འཁོར་བ་ལས་ཐར་པའི་འཇུག་སྒོ་ནི་ལས་འབྲས་སྨིན་ཚུལ་ལ་ཡིད་ཆེས་ཤིང་བླང་དོར་མ་ནོར་བ་ཞིག་དགོས་ཏེ། སྤྱིར་ལས་འབྲས་ལ་དབྱེ་ན་བསམ་གྱིས་མི་ཁྱབ་ཀྱང་། བསྡུ་ན་མི་དགེ་བ་དང་། དགེ་བ་དང་། ལུང་མ་བསྟན་གྱི་ལས་གསུམ་དུ་འདུས་པ་ལས། དང་པོ་མི་དགེ་བའི་ལས་ལ་གཙོ་ཆེ་བའི་དབང་དུ་བྱས་ན་ལུས་ངག་ཡིད་ཀྱི་ལས་ལམ་རྣམ་པ་བཅུར་བཞག་སྟེ། དེའང་བསམས་བཞིན་དུ་སྲོག་ཆགས་ཕྲ་མོ་གྲོག་སྦུར་ཡན་ཆད་ཀྱི་སྲོག་གཅོད་པ། གཞན་གྱི་ནོར་ལ་མཐུ་དང་འཇབ་བུའི་སྒོ་ནས་མ་བྱིན་པར་ལེན་པ། འཁྲིག་པ་སྤྱོད་པའི་ཡུལ་མ་ཡིན་པ་བསྟེན་པའི་འདོད་པས་ལོག་པར་གཡེམ་པ། བདེན་པ་ལས་གཞན་དུ་འདུ་ཤེས་བསྒྱུར་ནས་སྨྲས་


JKT006_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕ་རོལ་པོ་མགོ་རྨོངས་པར་བྱེད་པའི་རྫུན་སྨྲ་བ། གཞན་གྱི་ཡིད་ལ་ཟུག་རྔུ་བསྐྱེད་པའི་ཚིག་རྩུབ་འབྱིན་པ། ཕན་ཚུན་མཛའ་བ་དག་དབྱེ་བའི་ཕྲ་མ་སྨྲ་བ། ཚིག་སྔ་མ་གསུམ་ལས་གཞན་པའི་བཞད་གད་སོགས་ཉོན་མོངས་པ་སྐྱེད་པའི་ངག་འཁྱལ། གཞན་གྱི་དཔལ་འབྱོར་སོགས་རང་གིས་ཐོབ་པར་འདོད་པའི་བརྣབ་སེམས། ཕ་རོལ་པོ་ཉེས་པར་གྱུར་ན་ཅི་མ་རུང་སྙམ་པའི་གནོད་སེམས། ལས་འབྲས་ཀྱི་རྣམ་གཞག་ཀུན་རྫོབ་ཏུའང་མེད་པར་སེམས་པའི་ལོག་ལྟ་རྣམས་ཀུན་སློང་ཤུགས་ཆེ་འབྲིང་ཆུང་གསུམ་དང་། ཞེ་སྡང་དང་། འདོད་ཆགས་དང་། གཏི་མུག་ལས་རྗེས་སུ་སྐྱེས་པའི་དབང་གིས་ངན་སོང་གསུམ་དུ་རིམ་པར་སྐྱེ་བ་ནི་རྣམ་སྨིན་གྱི་འབྲས་བུ་ཡིན་ལ། བྱེད་པ་རྒྱུ་མཐུན་གྱིས་རྣམ་སྨིན་གྱི་འཕེན་པ་ཟད་ནས་མཐོ་རིས་སུ་སྐྱེས་ཀྱང་སྲོག་གཅོད་པ་སོགས་ལ་དེ་དང་དེའི་བག་ཆགས་ཀྱི་ནུས་པ་སད་པས་སླར་ཡང་སྡུག་བསྔལ་གྱི་རྒྱུ་མུ་མཐའ་མེད་པ་འདུ་བྱེད་པ་དང་། མྱོང་བ་རྒྱུ་མཐུན་གྱིས། སྲོག་གཅོད་པས་ཚེ་ཐུང་བ། མ་བྱིན་བླངས་པས་ལོངས་སྤྱོད་དབུལ་བ། འདོད་ལོག་གིས་ཁྱིམ་ཐབས་དགྲ་ཟླ་དང་བཅས་པ། རྫུན་གྱིས་བདེན་པར་མི་འཛིན་པ། ཕྲ་མས་མཛའ་བཤེས་དང་བྱེ་བ། ཚིག་རྩུབ་ཀྱིས་མི་སྙན་པ་ཐོས་པ། ངག་འཁྱལ་གྱིས་ཚིག་མི་བཙུན་པ། བརྣབ་སེམས་ཀྱིས་རེ་བ་འཇོམས་པ། གནོད་སེམས་ཀྱིས་ཡིད་


JKT006_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་འོང་བ། ལོག་ལྟས་ལྟ་བ་ངན་པ་རྒྱུད་ལ་སྐྱེ་བ་རྣམས་དང་། བདག་པོའི་འབྲས་བུ་ཕྱིའི་ཡུལ་ལ་སྨིན་ཏེ། སྲོག་གཅོད་སོགས་ཀྱི་གོ་རིམ་དང་མཚུངས་པར། ས་ཕྱོགས་གཟི་ཆུང་སེར་ཆར་མོད། །རྡུལ་འཁྲིག་དྲི་ང་མཐོ་དམན་ཅན། །ཚྭ་སྒོ་ཅན་སོགས་དུས་ལོག་དང་། །འབྲས་བུ་ཕྲ་ཁ་ཆུང་དུ་མེད། །ཅེས་སོ། །དགེ་བ་ནི། སྲོག་གཅོད་སྤངས་པ་སོགས་བཅུ་སྟེ། སོ་སོའི་འབྲས་བུར། ཀུན་སློང་ཤུགས་ཆེ་འབྲིང་ཆུང་བའི་དབང་གིས་རྣམ་སྨིན་གྱི་འབྲས་བུ་མཐོ་རིས་གསུམ་དང་། བྱེད་པ་རྒྱུ་མཐུན་རང་རང་གི་ལས་ལ་སྤྲོ་བས་བདེ་བ་ནས་བདེ་བར་འགྲོ་བའི་རྒྱུ་བྱེད་པ་དང་། མྱོང་བ་རྒྱུ་མཐུན་ཚེ་རིང་ཞིང་འབྱོར་པ་ལྡན་པ་སོགས་དང་། བདག་པོའི་འབྲས་བུར་ས་ཕྱོགས་གཟི་མདངས་ཆེ་བ་རྣམས་སུ་སྐྱེ་བས་མཚོན་མི་དགེ་བའི་འབྲས་བུ་རྣམས་ལས་ལྡོག་སྟེ་འབྱུང་བ་ཡིན་ལ། ལུང་མ་བསྟན་ནི། དགེ་མི་དགེའི་ལས་གང་ཡང་མིན་པའི་འགྲོ་འཆག་ཉལ་འདུག་སོགས་ཏེ། དེའི་འབྲས་བུ་ཡང་བདེ་སྡུག་གང་ཡང་འབྱིན་མི་ནུས་པའོ། །ཚུལ་དེ་ལྟ་བས་ན། སྡུག་བསྔལ་གྱི་རྒྱུ་མི་དགེ་བ་སྲོག་དང་བསྡོས་ཏེ་སྤང་ཞིང་། བདེ་བའི་རྒྱུ་དགེ་བ་ཆ་ཕྲ་མོ་ནས་ཀྱང་ཅི་ནུས་སུ་བསྒྲུབ། ལུང་མ་བསྟན་གྱི་ལས་རྣམས་ཀྱང་བསམ་སྦྱོར་གང་ཡང་རུང་བའི་སྒོ་ནས་དགེ་བར་བསྒྱུར་བའི་ཐབས་ལ་མཁས་པར་བྱའོ། །ལྔ་པ་ནི། དཔེར་ན་ནག་ཅན་བཙོན་


JKT006_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དོང་དུ་ཚུད་པ་གནས་སྐབས་སུ་ཆད་ལས་སྣ་ཚོགས་ཀྱིས་མནར་ཞིང་། མཐར་གསོད་པར་ངེས་པས་དེ་ལས་སྐྱོབ་ནུས་པ་ཞིག་ཕ་འབོད་མ་འབོད་བྱེད་པ་ལྟར། རང་རེ་རྣམས་ཀྱང་ཟག་བཅས་ཀྱི་དགེ་བས་མཐོ་རིས་གསུམ་ཙམ་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས། འཁོར་བའི་སྡུག་བསྔལ་མཐའ་དག་སྐྱོབ་ནུས་པའི་སྐྱབས་གནས་ཞིག་ལ་བློ་གཏོད་ནས་སྐྱབས་སུ་འགྲོ་དགོས་ཤིང་། དེ་ཡང་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཁོ་ན་ཡིན་ལ། གང་གིས་སྐྱབས་སུ་འགྲོ་བའི་གང་ཟག་ནི། རང་ཉིད་ཀྱིས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ཀྱིས། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ནི། འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཁྱེད་ཁོ་ན་མཁྱེན་ནོ་སྙམ་པའི་རེ་ལྟོས་ལིང་སྐྱུར་གྱི་ཚུལ་གྱིས་བློ་རྩེ་གཅིག་ཏུ་གཏོད་པ་དང་དེ་ལྟར་སྐྱབས་སུ་སོང་བའི་བསླབ་བྱ་ནི། དུས་རྟག་ཏུ་དཀོན་མཆོག་གསུམ་རྗེས་སུ་དྲན་པས་སྐྱབས་སུ་འགྲོ་བ་དང་། རྐྱེན་ཇི་ལྟ་བུ་བྱུང་ཡང་དཀོན་མཆོག་གསུམ་མི་གཏོང་ཞིང་། སྐྱབས་དང་རེ་ལྟོས་གཞན་ནས་མི་འཚོལ་བ་སོགས་རྒྱ་ཆེར་ཤེས་པར་བྱའོ། །དྲུག་པ་ནི། འདི་ལྟར་ནམ་མཁའ་ལ་ཤར་གྱི་ནམ་མཁའ་གཅིག་པུའི་མཐའ་ཡང་ཚད་བཟུང་དུ་མེད་པ་བཞིན་ཕྱོགས་ཐམས་ཅད་ཀྱི་ནམ་མཁའ་ལའང་ཚད་མེད། དེ་ཐམས་ཅད་


JKT006_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་ཁམས་ཀྱིས་ཁྱབ། དེ་རེ་རེས་ཀྱང་རང་གི་སྐྱེ་བ་ཐོག་མ་མ་མཆིས་པ་ནས་ཕ་མ་ཡང་ཡང་བྱས་ཤིང་། བྱས་རེས་བཞིན་དུ་གནོད་པ་ཐམས་ཅད་ལས་བསྐྱབས། བརྩེ་བའི་སེམས་ཀྱིས་བཟུང་། བྱམས་པའི་སྤྱོད་པས་བསྐྱངས། ཕན་པ་ཅི་ནུས་སུ་བསྒྲུབས་པའི་དྲིན་ཅན་ཁོ་ན་ཡིན་པས། འདི་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་གསེབ་ཏུ་བཞག་ནས། རང་གཅིག་པུ་ཐར་པས་ཅི་ཞིག་ཕན།། དེ་བས་ན་འདི་དག་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཏུ་སྣང་བས། བདེ་བ་དང་ལྡན་ཅིང་སྡུག་བསྔལ་དང་བྲལ་བ་བདག་གིས་བྱའོ་སྙམ་པའི་བྱམས་པ་དང་སྙིང་རྗེ་ལྷག་བསམ་གྱི་བློ་ཁྱད་པར་ཅན་སྔོན་དུ་འགྲོ་བས། དེའི་ཆེད་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའང་རྒྱུ་མེད་རྐྱེན་མེད་ལས་མི་འབྱུང་བས། རྒྱུ་རྐྱེན་གྱི་གཙོ་བོ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། ཐོས་བསམ་སྒོམ་གསུམ་གྱིས་རྒྱུད་སྦྱངས། ཁྱད་པར་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་དང་། ཡང་དག་པའི་ལྟ་བ་དང་། རྡོ་རྗེའི་རྣལ་འབྱོར་ཟབ་མོའི་ཐབས་ལ་བརྟེན་ནས་ཚེ་འདི་ཁོ་ནར་ཟུང་འཇུག་གི་གོ་འཕང་མངོན་དུ་བྱའོ་སྙམ་པའི་བསམ་སྦྱོར་གྱིས་དུས་འདའ་བར་བྱའོ། །དེ་རྣམས་ནི་རྫོགས་པ་ཆེན་པོ་སྙིང་ཏིག་གི་སྐབས། མི་རྟག་སྡུག་བསྔལ་བྱང་སེམས་སྦྱང་། །ཞེས་དང་། གསུང་ངག་རིན་པོ་ཆེར་སྔོན་འགྲོ་


JKT006_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་གསུམ་གྱིས་གཞི་བཅའ་བ་དང་། བྱང་ཆུབ་ལམ་གྱི་རིམ་པའི་སྐྱེས་བུ་གསུམ་གྱི་བློ་སྦྱངས་དང་། ཕྱག་ཆེན་སོགས་ཀྱིས་བློ་ལྡོག་བཞི་སྐྱབས་སེམས་དང་བཅས་པ་སྟེ་ཐེག་པ་འོག་མ་གཉིས་དང་ཐུན་མོང་བའི་ལམ་མཐའ་དག་རྫོགས་པར་བསྟན་པ་ཡིན་ནོ། །གཉིས་པ་རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་ཉམས་ལེན་ནི། རྡོ་རྗེ་རྩེ་མོ་ལས། སྨིན་པ་དང་ནི་གྲོལ་བའི་ལམ། །སངས་རྒྱས་བྱང་ཆུབ་བསྟེན་པའི་ཆོས། །ཞེས་སྨིན་གྲོལ་ཡན་ལག་དང་བཅས་པར་འདུ་བ་ལས། འདིར་བླ་མེད་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ཏེ། རྒྱུ་དུས་ཀྱི་དབང་བཞི་ཕྱིན་ཅི་མ་ལོག་པས་རྒྱུད་སྨིན་ནས་ལམ་ལ་འཇུག་པ་ལའང་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་དང་པོ་ལ་སྡིག་སྒྲིབ་སྦྱོང་བྱེད་རྡོར་སེམས་ཀྱི་སྒོམ་བཟླས། ཚོགས་བསགས་པའི་ཐབས་མཎྜལ་གྱི་རིམ་པ། བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ཏེ་གསུམ་ལས། དང་པོ་ནི། དངོས་གཞིའི་ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་ནི་སྡིག་སྒྲིབ་ཡིན་ལ། དེ་སྦྱོང་བྱེད་ཀྱི་ཐབས་བསམ་གྱིས་མི་ཁྱབ་ཀྱང་། མཐར་ཐུག་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཏེ། དེ་ཡང་སྟོབས་བཞི་ལས་ཐུན་མོང་མ་ཡིན་པའི་སྐྱབས་ཡུལ་བསྒོམ་པ་གཞན་རྒྱུད་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་རང་རྒྱུད་ཀྱི་རྟེན་གྱི་སྟོབས། སེམས་ཅན་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་རྣམ་པར་དག་པའི་སངས་


JKT006_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་སྙིང་པོ་ཅན་ཡིན་ནའང་། གནས་སྐབས་དེ་ལྟར་མ་རྟོགས་པའི་དབང་གིས་སྔར་བསགས་པའི་སྡིག་ལྟུང་ལ་འགྱོད་སེམས་ཤུགས་དྲག་ཏུ་བསྐྱེད་པ་སུན་འབྱིན་པའི་སྟོབས། ད་ནི་ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པའི་ལས་མི་བྱ་སྙམ་པ་ཉེས་པ་ལས་ལྡོག་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་བླ་མ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བསྒོམ་ཞིང་གསང་སྔགས་ཟབ་མོ་བཟླ་བ་དང་། བདུད་རྩི་འབེབས་སྦྱོངས་གི་དམིགས་པས་བཀྲུ་བ་དང་། ཡེ་ཤེས་ཀྱི་མེས་བསྲེག་པ་སོགས་དམིགས་རྣམ་ཁྱད་པར་ཅན་བསྟེན་གོམས་སུ་བྱ་བ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། དེ་ལྟ་བུའི་སྒོ་ནས་སྡིག་པ་དག་པའི་རྟགས་མ་བྱུང་གི་བར་དུ་འབད་ཅིང་། རྒྱུན་དུའང་རྣལ་འབྱོར་འདི་དང་མ་བྲལ་བར་བྱའོ། །གཉིས་པ་ནི། ཉམས་རྟོགས་སྐྱེ་བའི་མཐུན་རྐྱེན་ནི་ཚོགས་བསགས་པ་ཡིན་ཅིང་། དེ་ལའང་འཇུག་སྒོ་བསམ་གྱིས་མི་ཁྱབ་ཀྱང་། མདོ་སྔགས་ཟུང་འཇུག་གི་ཚོགས་བསགས་པའི་ཐབས་ཁྱད་པར་ཅན་མཎྜལ་འདིར་འདུ་བས། རིན་པོ་ཆེ་སོགས་ཀྱིས་མཎྜལ་ཕྱིས་ལ་དྲི་བཟང་པོའི་ཆུས་བྱུགས་པར་བརླན་དང་བཅས་པའི་མེ་ཏོག་གི་ཚོམ་བུ་བཀོད་ཅིང་། རྒྱུ་རང་གི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ལས་བྱུང་བ། ངོ་བོ་གླིང་བཞི་རི་རབ་དང་བཅས་པའི་བཀོད་པ་མཛེས་ཤིང་འབྱོར་བའི་ཁྱད་པར་བསམ་གྱིས་མི་ཁྱབ་པས་


JKT006_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། ཡུལ་ནམ་མཁའི་མཐའ་ཐམས་ཅད་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་རྒྱུན་མི་འཆད་པར་བསམས་ལ་བླ་མ་དང་དཀོན་མཆོག་གསུམ་ལ་ལྟོས་མེད་དུ་ཕུལ་བས་བདག་གཞན་སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས་པར་བལྟ་བའོ། །གསུམ་པ་ནི། རྟོགས་པ་རང་གི་ངོ་བོ་མཐར་ཐུག་པ་ནི་ལྷན་ཅིག་སྐྱེས་བའི་ཡེ་ཤེས་མངོན་དུ་བྱ་བ་ཉིད་ཡིན་ལ། དེ་བླ་མའི་བྱིན་རླབས་དང་། བྱིན་རླབས་འཇུག་པ་མོས་གུས་ཁོ་ན་ལ་རགས་ལས་པས། རང་ལ་ལམ་དངོས་སུ་སྟོན་པའི་བླ་མ་དེ་ཉིད་སྤངས་རྟོགས་ཀྱི་ངོས་ནས་སངས་རྒྱས་དང་མཚུངས་ཤིང་། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ལྷག་པར་ཐག་བཅད་ཅིང་ངེས་ཤེས་བསྐྱེད་པར་བྱ་སྟེ། དེ་ཡང་སངས་རྒྱས་བསྒྲུབ་པའི་ཉེར་ལེན་གྱི་རྒྱུ་ནི་སྤྲོས་བྲལ་བདེ་བར་གཤེགས་པའི་སྙིང་པོ་ཉིད་ཡིན་ལ། ལྷན་ཅིག་བྱེད་རྐྱེན་ནི་སངས་རྒྱས་ཀྱི་བྱིན་རླབས་ཡིན་ཅིང་། བྱིན་རླབས་དེ་རང་རྒྱུད་ལ་འཇུག་པ་ནི་མོས་གུས་ཀྱི་ཉེར་ལེན་ཡིན་མོད། ད་ལྟ་སངས་རྒྱས་དངོས་ནི་མི་བཞུགས་པས། རང་ལ་སྣང་བའི་སངས་རྒྱས་ནི་བླ་མ་མཚན་ཉིད་དང་ལྡན་པ་དེ་ཡིན་ལ། དེའི་རྒྱུ་མཚན་ཀྱང་བླ་མའི་ཞལ་ནས་ཆོས་རྣམ་པར་རིག་བྱེད་སློབ་མའི་རྒྱུད་ལ་འཕོ་བ་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ཅིང་། གལ་ཏེ་དེ་སངས་རྒྱས་ཀྱི་བསྟན་པ་མ་ཡིན་ན་སྟོན་པ་སངས་རྒྱས་མྱ་ངན་ལས་འདས་


JKT006_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱི་ལོར་དེ་ནས་བསྟན་པ་རྒྱུན་ཆད་པར་བྱེད་དགོས་ན་དེ་ལྟར་འདོད་པ་ནི་སུ་ཞིག་ཡོད། དེས་ན་སངས་རྒྱས་ཀྱི་ཡེ་ཤེས་བདག་པོར་སོང་བ་ལས་ཆོས་ཀྱི་རྣམ་པར་རིག་བྱེད་སློབ་མའི་རྒྱུད་ལ་འཕོ་བར་ནུས་པ་ཡིན་གྱི། སངས་རྒྱས་ཀྱི་ཡེ་ཤེས་བདག་པོར་མ་སོང་ན་ཆོས་ཚིག་གཅིག་ཀྱང་སྨྲ་བར་མི་ནུས་སོ། །དེ་ལྟར་བླ་མའི་གསུང་དེ་སངས་རྒྱས་ཀྱི་གསུང་ཡིན་ཙ་ན། སྐུ་དང་ཐུགས་ཀྱང་སངས་རྒྱས་ཀྱི་སྐུ་དང་ཐུགས་ཡིན་པ་ལས་འོས་ཅི་ཡོད། འོན་ཀྱང་མཚན་དཔེ་ཀུན་རྫོགས་སུ་མི་མཐོང་བ་ནི་རང་གི་བློ་གྲོས་ཀྱི་སྐྱོན་ཏེ་མཁྲིས་ནད་ཅན་ལ་དུང་དཀར་སེར་པོར་སྣང་བ་བཞིན་ནོ་སྙམ་དུ་བསམས་ལ་སངས་རྒྱས་དངོས་སུ་ཐག་བཅད། དེར་མ་ཟད་རང་རེ་རྣམས་ལས་ཉོན་གྱི་དབང་གིས་སངས་རྒྱས་དངོས་ཀྱི་སྐུ་མཇལ་ཞིང་གསུང་ཐོས་པའི་སྐབས་མེད་པས། བླ་མས་དེའི་བྱ་བ་མཐའ་དག་རྫོགས་པར་མཛད་པའི་ཕྱིར་བཀའ་དྲིན་ཆེས་ལྷག་པར་ངེས་ཤེས་བསྐྱེད་ནས། རྒྱུ་དུས་ཀྱི་དབང་གི་དུས་སུ་བླ་མའི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་ལྷར་བཞེངས་ཤིང་ངོ་སྤྲད་པ་ལྟར་རྡོ་རྗེ་འཆང་སོགས་ལྷར་བསྐྱེད་པའམ། བླ་མ་སྐུ་དངོས་སུ་བསྒོམས་ཀྱང་རུང་སྟེ། ཁྲོམ་ཚོགས་སམ། ཐོ་བརྩེགས་སམ། ཀུན་འདུས་ནོར་བུ་ལུགས་གང་ཡང་རུང་བར་གསལ་བཏབ་ཅིང་། དེ་ཡང་སྐུ་མཚན་དཔེའི་གཟི་བྱིན་དང་ལྡན་པ། གསུང་ཆོས་


JKT006_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒྲ་དབྱངས་སྒྲོག་པ། ཐུགས་ཟབ་གསལ་དབྱེར་མེད་བདེ་ཆེན་གྱི་ཡེ་ཤེས་ཀྱི་རང་བཞིན། ཡོན་ཏན་དང་ཕྲིན་ལས་བདག་རྒྱུད་བྱིན་གྱིས་རློབ་པའི་བདག་ཉིད་ཆེན་པོར་མངོན་སུམ་དུ་བཞུགས་པར་བསམས་ལྷ ལ་མོས་གུས་མཆི་མ་འཁྲུགས་པ་དང་བཅས་ཏེ་གསོལ་བ་གདབ་པའི་མཐར་དབང་བཞི་བླང་བ་དང་དེ་ཁོ་ན་ཉིད་ལ་བློ་བཞག་པར་བྱའོ། །གཉིས་པ་དངོས་གཞི་ལ། སྔགས་ལམ་གྱི་སྦྱང་བྱར་གྱུར་པའི་སྡུག་བསྔལ་ནི་དོན་དུ་ཐ་མལ་གྱི་སྣང་ཞེན་ཉིད་ཡིན་ལ། སྣང་ཙམ་དེ་ཉིད་ལྷར་བྱིན་གྱིས་བརླབ་པའི་ཕྱིར་བསྐྱེད་རིམ་དང་དེར་ཞེན་པའི་རྟོག་པ་ཡེ་ཤེས་སུ་སྒྱུར་བར་བྱེད་པ་ལ་རྫོགས་རིམ་སྟེ། རིམ་པ་གཉིས་སུ་ལམ་མཐའ་དག་འདུ་བ་ན། ཐོག་མར་བུམ་དབང་གི་ལམ་བསྐྱེད་པའི་རིམ་པ་མཐར་སོན་པས་སྔགས་ཀྱི་ཚོགས་ལམ་ཆེན་པོའི་བར་དུ་བགྲོད་ནས། དེ་ལ་གསང་དབང་གི་ལམ་རླུང་དང་གཏུམ་མོས་བོགས་དབྱུང་བས་སྦྱོར་ལམ་དྲོད་དང་རྩེ་མོ་དག་ཐོབ། ཤེར་དབང་གི་ལམ་ཡིད་དང་། དངོས་ཀྱི་ཕྱག་རྒྱའི་ཉེ་རྒྱུས་ལྷན་སྐྱེས་དཔེ་ཡི་ཡེ་ཤེས་བཟོད་པ་དང་ཆོས་མཆོག་དག་བསྐྱེད་པའི་མཐར། མཐོང་ལམ་ས་དང་པོར་དབང་བཞི་པའི་ལམ་རྫོགས་པ་ཆེན་པོ་ཀ་དག་དོན་གྱི་ཡེ་ཤེས་མངོན་སུམ་དུ་རྟོགས། དེ་ཉིད་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་དང་ཟུང་དུ་འབྲེལ་བར་བསྒོམས་པས་ས་ལྷག་མ་རྣམས་མིག་འཕྲུལ་ལྟ་བུར་བགྲོད་


JKT006_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐར་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་འོད་གསལ་གྱི་དབྱིངས་སུ་ཟད་ནས། སླར་མི་སློབ་པའི་ཟུང་འཇུག་འཕོ་བ་ཆེན་པོའི་སྐུས་ནམ་མཁའ་ཇི་སྲིད་ཀྱི་བར་དུ་འགྲོ་བའི་དོན་མཛད་པ་སྟེ། དེ་དག་གི་གྲངས་ངེས་པ་དང་། གོ་རིམ་ངེས་པ་དང་། སྔ་ཕྱིའི་འབྲེལ་པ་དང་། ཇི་ལྟར་བསྒོམ་པའི་གནད་སོགས་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་དམ་པའི་ཞལ་ལས་ལྷརྟོགས་པར་བྱ་ཞིང་། འདིར་བཤད་པའང་ལམ་སོ་སོ་མཐར་ཕྱིན་པའི་ངེས་རྫོགས་ཀྱི་དབང་དུ་བྱས་ཀྱི། མོས་སློབ་རྗེས་མཐུན་པ་ལ་ནི་དེ་ལྟ་བུའི་ཁྱབ་པ་མེད་པའི་ཕྱིར་དངོས་བཏགས་ཀྱི་རིམ་པའང་བློ་གྲོས་ཞིབ་མོས་ཕྱེད་པར་བྱ་བ་ཤིན་ཏུ་གལ་ཆེའོ། །ཞེས་པའང་སྔོན་འགྲོ་དང་དངོས་གཞིའི་ལམ་སྤྱིར་འཇུག་པའི་གོ་དོན་ཅུང་ཟད་སྨོས་པ་སྟེ། འདི་ཙམ་གྱིས་ཀྱང་ལས་དང་པོ་པ་ལས་ཀྱང་ཆེས་དང་པོར་གྱུར་པའི་བློ་གྲོས་ཤིན་ཏུ་དམན་པ་རྣམས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousསྔོན་འགྲོ་དང་དངོས་གཞིའི་ལམ་སྤྱིར་འཇུག་པའི་ཟིན་བྲིས་ལས་དང་པོ་པ་ལ་ཕན་པའི་ཚིག་གི་བདུད་རྩི་། next