Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
གསང་སྔགས་སྔ་འགྱུར་པའི་ལུགས་ཀྱི་དབང་བསྐུར་བའི་ཆོ་གའི་ཟིན་ཐུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསང་སྔགས་སྔ་འགྱུར་པའི་ལུགས་ཀྱི་དབང་བསྐུར་བའི་ཆོ་གའི་ཟིན་ཐུན།next

གསང་སྔགས་སྔ་འགྱུར་པའི་ལུགས་ཀྱི་དབང་བསྐུར་བའི་ཆོ་གའི་ཟིན་ཐུན།


JKT006_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མོ་གུ་ར་ཝེ། གང་མཚན་དྲན་པའི་སྣང་བ་ཡིས། །གློ་བུར་འཁྲུལ་པའི་མུན་བསལ་ནས། །ལྷན་སྐྱེས་སྐུ་བཞིའི་ལམ་མཆོག་ལ། །འགོད་མཛད་ཁྱབ་བདག་བླ་མས་སྐྱོངས། །རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་མངོན་པར་དབང་བསྐུར་བའི་ཆོ་ག་ལ་ཉེ་བར་འོས་པའི་ཟིན་ཐུན་ཅུང་ཟད་ཅིག་སྤྲོ་བ་ལ། །


JKT006_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀ་འདུས་པ་ལས། གང་གིས་གང་ལ་དབང་བསྐུར་བས། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་གསུངས་པ་ལྟར། གང་གིས་དབང་བསྐུར་བ་པོ་སློབ་དཔོན་དང་། གང་ལ་དབང་བསྐུར་བ་སློབ་མའི་མཚན་ཉིད། གང་བསྐུར་བ་དབང་གི་རབ་དབྱེ། དེ་ལྟར་བསྐུར་བ་ལས་བྱུང་བའི་དག་ཐོབ་ཀྱི་འབྲས་བུའོ། །དང་པོ་ནི། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། །ཞེས་སོ། །གཉིས་པ་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཅེས་དང་། བྱེ་བྲག་ཏུ། དད་བརྩོན་བརྟུལ་ཞུགས་ལྡན་རྟོགས་ནས། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །ཞེས་སོ། །གསུམ་པ་ལ་གཉིས་ཏེ། རྣམ་གཞག་སྤྱིར་བསྟན་པ་དང་། ས་བཅད་བྱེ་བྲག་ཏུ་སྨོས་པའོ། །དང་པོ་ལའང་། ངོ་བོ། ངེས་ཚིག །དབྱེ་བ། ཇི་ལྟར་བསྐུར་བའི་ཚུལ། བསྐུར་བའི་ཡོན་ཏན། མ་བསྐུར་བའི་སྐྱོན་ནོ། །དང་པོ་ནི། གཞི་དང་ལམ་དང་འབྲས་བུའི་དབང་བཞི་རུ། །གདོད་ནས་གྲུབ་པ་རྩ་རླུང་ཐིག་ལེའི་རྟེན། །རང་ཆས་ཉིད་དེ་མཚུངས་པར་ལྡན་པ་དང་། །ལྷན་ཅིག་བྱེད་པའི་རྒྱུ་ནི་རྣམ་པ་གཉིས། །སྣོད་དུ་རུང་


JKT006_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སློབ་མ་རྒྱུ་ཡི་རྐྱེན། །ལྟ་དགོངས་ལྡན་པའི་སློབ་དཔོན་བདག་པོའི་རྐྱེན། །ནུས་པའི་ཆོ་ག་མཁྱེན་པ་དམིགས་པའི་རྐྱེན། །རྟེན་ཅིང་འབྲེལ་འབྱུང་དེ་མ་ཐག་པའི་རྐྱེན། །རྒྱུ་གཉིས་རྐྱེན་བཞི་ཚོགས་། པས་དབང་བསྐུར་འགྲུབ། །ཅེས་གསུངས་པ་ལྟར། མཚུངས་ལྡན་གྱི་རྒྱུ་གདོད་ནས་རང་ཆས་སུ་བཞུགས་པའི་ཆོས་ཉིད་དང་། ལྷན་ཅིག་བྱེད་རྒྱུ་རབ་གནས་དང་ལྡན་པའི་དབང་རྫས་རྣམས་ལ་བརྟེན་ནས། རྒྱུའི་རྐྱེན་དད་བརྩོན་བརྟུལ་ཞུགས་སོགས་སྣོད་དུ་རུང་བའི་སློབ་མར། བདག་པོའི་རྐྱེན་ཕན་ནུས་ཟབ་མོའི་དབང་བསྐུར་ནུས་པའི་སློབ་དཔོན་གྱིས། དམིགས་པའི་རྐྱེན་རྫས་སྔགས་ཏིང་ངེ་འཛིན་གསུམ་འཛོམས་པའི་ནུས་པ་ཁྱད་པར་ཅན་དང་ལྡན་པས། དེ་མ་ཐག་པའི་རྐྱེན་དབང་སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མ་འབྱུང་བ་སྟེ། དེ་ལྟ་བུའི་རྒྱུ་རྐྱེན་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པས་གློ་བུར་གྱི་དྲི་མ་བསལ་ཏེ་ཐར་པའི་མྱུ་གུ་མངོན་པར་སྐྱེ་བའམ། སྐྱེ་ངེས་ཀྱི་ས་བོན་རྒྱུད་ལ་འཇོག་པར་བྱེད་པའི་ཚུལ་ཅན་ནོ། །གཉིས་པ་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བ་དང་། ཨ་བྷི་ཥེ་ཀ་ཏིའི་སྒྲ་ལས་དྲངས་ན་མངོན་པར་བླུགས་པ་སྟེ། སྦྱང་བྱ་སྒོ་གསུམ་གྱི་དྲི་མ་གཏོར་ཞིང་། སྦྱངས་འབྲས་སྐུ་བཞིའི་འབྲས་བུ་ཐོབ་རུང་དང་། སྦྱོང་བྱེད་ལམ་སྒོམ་རུང་གི་སྐལ་བ་རྒྱུད་ལ་འཇོག་པའི་ཕྱིར་དེ་སྐད་དུ་


JKT006_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་ཏེ། ཧེ་བཛྲ་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པ་ཡིན། །ཅེས་སོ། །གསུམ་པ་ནི། རྒྱུད་སྡེ་སོ་སོའི་དབང་གི་རིམ་པ། ཡེ་ཤེས་ཐིག་ལེར། ཆུ་ཡི་དབང་དང་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །སོགས་དང་། བྱེ་བྲག་རྣལ་འབྱོར་བླ་ན་མེད་པའི་རིང་ལུགས་ལྟར་ན། གསང་བའི་སྙིང་པོའི་རྒྱུད་ཕྱི་མར། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བར་ལྡན་པ་སྨིན་པར་བྱ། །རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དབང་བསྐུར་རྣམ་པ་བཞི་ཡིན་ནོ། །ཞེས་པ་ལྟར་སྦྱང་གཞི་ཕྲ་བ་གཉུག་མའི་སྐུ་རྡོ་རྗེ་སོགས། སྦྱང་བྱ་ཕུང་ཁམས་སྐྱེ་མཆེད་རགས་པར་སྣང་བ། སྦྱོང་བྱེད་བུམ་པའི་དབང་རྗེས་འབྲངས་དང་བཅས་པ། སྦྱངས་འབྲས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་རང་གཟུགས་སྤྲུལ་པའི་སྐུ་སོགས་བཞིར་གནས་པས་མཚོན་ཏེ་དབང་བཞི་སོ་སོར་རིམ་པར་ཕྱེ་བ་ལ་རྣམ་གྲངས་མཐའ་ཀླས་པ་ཐམས་ཅད་དོན་གྱིས་འདུ་བའི་འཐད་པ་རྒྱས་པར་འཆད་དུ་ཡོད་དོ། །བཞི་པ་ནི། བསྙེན་པ་དང་ནི་ས་ཡི་ཆོ་ག་དང་། །སྟ་གོན་དང་ནི་སློབ་མ་འཇུག་ཅིང་སྨིན། །མངོན་རྟོགས་བཞི་པོ་རེ་རེ་ཉིད་ལ་ཡང་། །བཞི་བཞིར་དབྱེ་བའི་ཡན་ལག་མ་ཚང་ན། །ཆོ་ག་ཉམས་པས་སྨིན་པར་ནུས་མ་ཡིན། །ཅེས་གསུངས་པའི་དོན། དང་པོ་བསྙེན་


JKT006_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཡང་། འདུས་པར། བསྙེན་པའི་དམ་ཚིག་སྦྱོར་བ་དང་། །ཉེ་བར་སྒྲུབ་པ་འབྱུང་བ་དང་། །སྒྲུབ་པ་དོན་གྱི་དམ་ཚིག་དང་། །སྒྲུབ་པ་ཆེན་པོ་དག་དང་བཞི། །ཞེས་དང་། དེའི་དོན་ཀྱང་རྒྱུད་ཕྱི་མར། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་བསྡུ་བའོ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡིག་འབྲུ་དགོད། །རྡོ་རྗེ་རྣམ་བཞི་འདི་དག་གིས། །ཐ་མལ་སྒྲུབ་པའི་བསྙེན་པ་བྱ། །ཞེས་པས་དམ་ཚིག་པ་བསྐྱེད་པ་བསྙེན་པ། སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ཉེར་སྒྲུབ། ཡེ་ཤེས་པ་གཞུགས་སྒྲུབ་པ། རིགས་བདག་གིས་རྒྱས་འདེབས་པ་སྒྲུབ་ཆེན་ནོ། །ཞེས་བཤད། བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་ཆེན་ནོ། །གཉིས་པ་སྟ་གོན་ལའང་། གནས་ཁང་རྙིང་པའི་དབང་དུ་བྱས་ཏེ་ས་བརྟག་པ་དོར་བའི་འཕྲོས། བླང་བ། སྦྱོང་བ། བཟུང་བ། སྲུང་བའོ། །གསུམ་པ་སྟ་གོན་ལ། ས་ལྷ་དང་། དཀྱིལ་འཁོར་གྱི་ལྷ་དང་། བུམ་པ་དང་། སློབ་མ་སྟ་གོན་དང་བཞི་སྟེ། དང་པོ་ནི། ས་ཆོག་གི་སྐབས་སུ་ཡོད་པས་སྐབས་འདིར་མི་བྱེད་པ་མང་མོད། འོན་ཀྱང་ལྷག་པའི་ཉེས་པ་མེད་དེ་རྡོར་ཕྲེང་ལས་དེ་ལྟར་བསྟན་པའི་ཕྱིར་རོ། །བཞི་པ་སློབ་མ་འཇུག་ཅིང་སྨིན་པ་ལའང་། སློབ་དཔོན་རང་ཉིད་དཀྱིལ་འཁོར་དུ་འཇུག་ཚུ པ། སློབ་མ་འཇུག་པར་གནང་བ་ནོད་པ། ནོད་ནས་དཀྱིལ་འཁོར་དུ་ཞུགས་པ། ཞུགས་པ་ལ་དབང་བསྐུར་བའོ། །ལྔ་པ་ནི། སྒྱུ་འཕྲུལ་དྲྭ་བར། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་


JKT006_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་དང་། གསང་བ་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སོགས་སོ། །དྲུག་པ་ནི། སྔ་མ་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩོན་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་སོ། །གཉིས་པ་ས་བཅད་བྱེ་བྲག་ཏུ་སྨོས་པ་ལ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལའང་། ཧེ་རུ་ཀ་འདུས་པར། དང་པོ་ས་ཡི་ཆོ་ག་སྟེ། །གཉིས་པ་ལ་ནི་སྟ་གོན་གནས། །གསུམ་པ་འཇུག་པའི་ཆོ་ག་བྱ། །ཞེས་པ་ལྟར་ས་ཆོག་དང་། སྟ་གོན་གཉིས། སྔ་མ་ལའང་དངོས་དང་། ཡན་ལག་གཉིས། དང་པོ་ནི། ༡༽ས་ཡི་ལྷ་མོར་བསླང་བ་༡དང་། །འོད་ཀྱིས་སྦྱངས་༢ཤིང་རྡོ་རྗེར་བཟུང་༣། །བཛྲ་རཀྟས་༤ བསྲུང་བའོ། །ཞེས་བཞིའོ། ། གཉིས་པ་ནི་ཐིག་ལས་ཏེ། ཐིག་༢སྐུད་རིགས་༡ལྔའི་ངོ་བོ་བཟུང་། །ནམ་མཁར་ཡེ་ཤེས་༢ཐིག་གདབ་པས། །དེ་ལས་བྱུང་བའི་ཐིག་སྐུད་ཀྱིས། །ས་༣གཞིར་ཚངས་ཐིག་ལ་སོགས་གདབ། །ཅེས་སོ། །གཉིས་པ་སྟ་གོན་ལའང་དངོས་དང་། ཡན་ལག་གཉིས། དང་པོ་ནི། ལྷ་༡དེ་གནས་རྣམས་སུ་ཚོམ་བུ་བཀོད། །དེ་ཉིད་ལྷར་༡བསྐྱེད་གནང་༢པ་ནོད། །སེམས་༣མ་རྡོ་རྗེའི་རྒྱ་ཡིས་བཏེགས། །དམ་ཚིག་


JKT006_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ་ནོངས་༥པ་བཤགས། །བུམ་༢༽པ་བཅུད་ལྡན་ལྷར་༡བསྐྱེད་ལ། །བཟླས་༢བྱས་འོད་ཞུ་༣བདུད་རྩིར་༤བསམ། །དེ་ནས་སློབ་མ་༣གྲལ་ལ་འཁོད། །ཁྲུས་༡བྱས་བགེགས་༢ཕྲལ་སྲུང་༣འཁོར་བསྒོམ། །ལོ་རྒྱུས་༤མཚམས་སྦྱར་མཎྜལ་ཕུལ། །ངེས་འབྱུང་ཚིག་གིས་བློ་༦བཅོས་ལ། །གསོལ་༧འདེབས་སྤྲོ་རབསྐྱེད་ཉེན་པར་བསྐུལ། །ཐུན་༩མོང་ཁྱད་པར་སྡོམ་པ་༡༠སྡོམ་པ་གསུམ་ལ་སོགས་བྱིན། །ལྷར་༡༡བསྐྱེད་སྐྱེ་མཆེད་བྱིན་༡༢གྱིས་བརླབས། །དེ་ནས་དངོས་གྲུབ་ལྟས་མཐོང་ཕྱིར། །སོ་ཤིང་དོར་དང་༡༣རྨི་ལམ་བརྟག༡༤ །སྔ་མ་བྱིན་༡རླབས་དོར་བ་༢དང་། །དངོས་གྲུབ་མཚན་མ་བཤད་༣པར་བྱ། །ཕྱི་མའི་སྔོན་འགྲོ་རྣམ་གསུམ་སྟེ། །བསལ་བའི་ཕྱིར་དུ་ཁྱོར་༡ཆུ་དང་། །བར་ཆད་བསྲུང་ཕྱིར་རྡོ་རྗེའི་སྐུ་༢། །རྩེ་མོར་༣མི་འཁྲུགས་ཀུ་ཤ་སྦྱིན། །མི་ལྡོག་ཕྱིར་ན་ཆོས་༡༥ཀྱང་བཤད། །དགེ་བ་བསྔོ་ལ་༡༦རང་གནས་བཏང་། །དངོས་གཞིར་རྨི་ལམ་དྲི་ཞིང་༤དཔྱད་།། །ངན་ན་བཟློག་པའི་ཐབས་༦སོགས་བསྟན། །དེ་ལྟར་ལྟ་བུམ་སློབ་མ་ཡི། །སྟ་གོན་ཉེ་བར་བསྡུས་བའོ། །ཞེས་སོ། །གཉིས་པ་ལ་རེ་ཁཱ་འགྱེད་པ་དང་། རྒྱན་དགྲམ་པ་གཉིས་པ་དངོས་གཞི་ལ་གཉིས། དེ་ཡང་། ཚོན་༡ དེ་རྣམས་རིགས་ལྔར་བྱིན་༡བརླབས་པ། །མཆོད་༢བསྟོད་འོད་ཞུས་༣བྲིས་པའི་རྗེས་༤། །སྟ་གོན་སྐབས་ཀྱི་ཡེ་ཤེས་པ། །ཛཧཱུྃ་བཾ་ཧོས་


JKT006_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དལ་ལ་བསྟིམ། །ཐིག་ཚོན་༦ལྷག་མའི་ཡེ་ཤེས་གཤེགས། །དཀྱིལ་༢འཁོར་རྒྱན་མཆོད་མཆོད་༡རྫས་དང་། །དབང་༢རྫས་ཚང་བར་འདུ་བྱའོ། །གསུམ་པ་འཇུག་པའི་ཆོ་ག་ལའང་། དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་སྔོན་དུ་འགྲོ་བས། སློབ་དཔོན་རང་ཉིད་འཇུག་པ། སློབ་མ་འཇུག་པར་གསོལ་བ་གདབ་པ། འཇུག་པ། དབང་བསྐུར་བའོ། །དང་པོ་ནི། སོ་སོའི་ལས་ཀྱི་གཞུང་བསྲངས་ལ། བདག་མདུན་བུམ་གསུམ་དབྱེར་མེད་༡བསྐྱེད། །བཟླས་༢དང་རྣམ་བུམ་༣ལས་བུམ་༤ལ། །དམིགས་བསལ་བཟླས་ཤིང་མཆོད་༦ཅིང་བསྟོད་༧། །དུང་ཆོས་ཕུལ་༨ལ་འོད་དུ་ཞུ། །ནོངས་༩པ་བཤགས་ཤིང་དགེ་བ་༡༠བསྔོ། །ཟློ ཞེས་སོ། །གཉིས་པ་ནི། སློབ་མ་ཇི་ལྟར་བྱ་བ་བཞིན། །བླངས་སམ་བསྐྱེད་རྫོགས་མཐུ་བསྟན་པས། །རིག་པའི་མེ་ཏོག་དོར་བ་ཡིས། །བདག་ཉིད་འཇུག་པ་བླང་བར་བྱ། །ཞེས་སོ། །གསུམ་པ་ནི། ལས་བུམ་ཆུས་བཀྲུ་མིག་དར་འཆིང་། །མེ་ཏོག་གཏད་༣ཅིང་གསོལ་བ་༤གདབ། །དྲི་ཞིང་༥ལན་གདབ་༦སྤྲོ་བ་བསྐྱེད། །ཕྱིར་༧འབྲང་བགེགས་བསྐྲད་སྲུང་འཁོར་རབསྒོམ། །མཎྜལ་༩ཕུལ་ཞིང་འཇུག་པའི་ཡོན་དུ་ཐུན་མོང་དང་༡༠། །ཁྱད་༡༡པར་སྡོམ་པ་སྔར་ལྟར་བྱིན། །ཐམས་ཅད་༡ ༢རྣལ་འབྱོར་སེམས་བསྐྱེད་ལ། །དམ་༡༣བཞག་རིགས་༡༤ལྔའི་སྡོམ་པ་བཟུང་། །ཞེས་སོ། །བཞི་པ་ནི། ཕྱི་ལྟར་༡༽གསོལ་


JKT006_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་༡ནང་དུ་བཅུག་༢། །སྐུ་གསུང་ཐུགས་༣ཀྱི་ཕྱག་རྒྱས་ཞུགས། །ནང་༤ དེ་ལྟར་འཇུག་པའི་དངོས་གཞི་ནི། །སྲས་སུ་བྱ་ཕྱིར་ལྷར་༡བསྐྱེད་ལ། །ཡེ་ཤེས་༢དབབ་ཅིང་བརྟན་༣པར་བྱ། །གདོང་༤གཡོགས་ཕྱེ་ཞིང་དཀྱིལ་འཁོར་བསྟན་པ། །རྟེན་དང་བརྟེན་པའི་དག་སྦྱོར་འཆད། །ཅེས་སོ། །ལྔ་པ་ནི། ཞུགས་༥༽ནས་དབང་བསྐུར་བྱ་བའི་སླད། །མཎྜལ་༡ཕུལ་ཞིང་དངོས་གཞི་ལ། །དབང་༢གི་ངོ་བོ་ངེས་ཚིག་དང་། །རྣམ་གྲངས་དབྱེ་བསྡུ་བཤད་པའི་རྗེས། །ཐོག་མར་སྤྲོས་༡བཅས་བུམ་དབང་ལ། །ཕན་༡ནུས་གཉིས་༢ལས་དང་པོ་ནི། །དཀྱིལ་༡འཁོར་ལྷ་ལ་མཆོད་༢བསྟོད་དང་། གསོལ་༣གདབ་སྔོན་དུ་འགྲོ་བ་ཡིས། །མི་བསྐྱོད་ཆུ་དང་༤ རིན་འབྱུང་གི། །དབུ་༦རྒྱན་སྣང་མཐའི་༧རྡོ་རྗེ་སྟེ། །དོན་གྲུབ་རདྲིལ་བུ་རྣམ་སྣང་༩མིང་། །དེ་ལ་སློབ་མའི་དབང་ཞེས་ཏེ། །གསང་སྔགས་ཕྱི་པའི་དབང་ཡོངས་རྫོགས། །གཉིས་༢པ་རང་དོན་ཉན་སྒོམ་དང་། །གཞན་དོན་འཆད་ཕྲིན་གཉིས་ཀ་ལ། །རྡོ་རྗེ་རྒྱལ་༡པོའི་དབང་བསྐུར་ཏེ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་བྱིན། །སྤྲོ་ན་མངའ་གསོལ་སོགས་ཀྱང་བྱ། །རྗེས་འབྲེལ་བུམ་པའི་དབང་༢བསྐུར་དང་། །སྐུ་ཡི་རྗེས་༣གནང་ཉིད་ཀྱང་བྱིན། །གཉིས་༢པ་སྤྲོས་མེད་ཟབ་མོ་ནི། །མཆོག་དབང་གོང་མ་གསུམ་ཡིན་ཏེ། །གསང་༡དབང་རྗེས་འབྲེལ་བཟླས་༢ལུང་དང་། །


JKT006_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་༣དབང་དགའ་བཞིའི་ཡེ་ཤེས་ཀྱི། །ངོ་༤ སྤྱོད་བཞི་པ་ཚིག་དབང་ལ། །ཀ་དག་བརྡས་༥མཚོན་ངོ་སྤྲོད་༦གདབ། །ལྷུན་༧གྲུབ་རིག་པའི་རྩལ་དབང་བསྐུར། །བཀའ་ལུང་རྫོགས་པར་བྱ་བའི་ཕྱིར། །རྒྱུད་ཀྱི་བཀའ་རོགཏད་འབོགས་པའོ། །ཞེས་སོ། །དེ་དག་གི་རྗེས་འབྲེལ་གྱི་རིམ་པ་ནི། ཤིས་པར་བྱ་ཕྱིར་བཀྲ་༡ཤིས་༢རྫས། །རྟགས་༣བརྒྱད་སྦྱིན་ནམ་ཤིས་པ་༤བརྗོད། །དམ་ཚིག་དབྱེ་བ་རྒྱས་པར་བཤད། །དེ་ཉིད་བསྡུས་ཏེ་ཁས་བླང་གཞུག །གཏང་རག་མཎྜལ་ལུས་༨ཀྱང་དབུལ། །དགེ་བ་༩བསྔོ་ཞིང་རང་གནས་༡༠བཏང་། །ཞེས་སོ། །གསུམ་པ་རྗེས་ཀྱི་ལས་ཁྲིགས་ནི། །ཚོགས་ལ་རོལ་ཞིང་སྤྱོད་པ་བསྐྱང་། །རྡོ་རྗེའི་གླུ་གར་བྱ་བ་དང་། །དངོས་གྲུབ་བླངས་ཤིང་རྡུལ་ཚོན་ཉིད། །ཨ་ཀཱ་རོས་བསྡུ་ཆུ་ཀླུང་བསྐུར། །བསྔོ་སྨོན་ཤིས་བརྗོད་ལ་སོགས་བྱ། །ཞེས་པ་སྟེ་རགས་རིམ་ཙམ་མོ། །དེ་ལྟར་རྡུལ་ཚོན་གྱི་ཕྱོགས་ལ་བརྟེན་པའི་ཟིན་ཐོ་རགས་པར་བཀོད་པའོ། །བཞི་པ་ནི། རྒྱུ་ལམ་འབྲས་གསུམ་སྟེ། དབང་མཆོག་རང་ལ་གནས་པ་ཁམས་དྲུག་གི། །རྟེན་དང་འབྱོར་པ་རྒྱུ་ཡི་དབང་ཡིན་ཏེ། །སློབ་དཔོན་ཉིད་ཀྱི་ཆོ་གས་བསྐུར་བ་དང་། །རང་གི་དམིགས་པས་འདྲིས་པ་ལམ་གྱི་དབང་། །རྒྱུ་དུས་འོད་ཟེར་ཆེན་པོའི་དབང་བཞིན་དུ། །རང་སེམས་སྐུ་བཞིར་སྨིན་པ་འབྲས་བུའི་དབང་། །ཞེས་གསུངས་པ་


JKT006_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཏེ་གོ་སླའོ། །ལྔ་པ་ནི། སྦྱང་གཞི་ཐོབ་བྱ་རང་ལ་གནས་པ་ཤིན་ཏུ་ཕྲ་བ་མི་ཤིགས་པའི་བདག་ཉིད་ཅན་གྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་སྟེ། དེ་ལ་སྦྱང་བྱ་གློ་བུར་གྱི་དྲི་མ་ལུས་ངག་ཡིད་གསུམ་ཀུན་གཞི་དང་བཅས་པ་ཐམས་ཅད། སྦྱོང་བྱེད་རྡོ་རྗེ་རྩེ་མོ་ལས། སྨིན་པ་དང་ནི་སོགས་ལྟར་གཉིས་ལས། དང་པོའང་བུམ་གསང་ཤེས་རབ་ཡེ་ཤེས་བཞི་དང་། གཉིས་པ་བསྐྱེད་རིམ་སོགས་ལམ་བཞི། ལམ་དེའི་སྔོན་དུ་འགྲོ་བའི་ལྟ་བ་བཞི། དེ་ལས་བྱུང་བའི་གྲུབ་མཐའ་བཞི། གྲུབ་མཐའ་མ་སྙོགས་ན་འདའ་ཀ་མ་བཞི་སྟེ། དེ་ལྟ་བུས་སྦྱང་བ་ནི་དག་པ་དང་། དེས་འབྲས་བུ་རྩའི་འགྲོས་ཐིམ་དབྱིབས་ཀྱི་ལམ་དག་པ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སོགས་ཐོབ་པའོ། །མཁས་མང་ལེགས་བཤད་བདུད་རྩི་ཡིས། །ཕྱེ་བའི་སྨིན་བྱེད་རྣམ་བཤད་ནི། །བདུད་རྩིར་བཅས་པའི་ཨུཏྤལ་ལ། །སྐལ་བཟང་མགུལ་པའི་རྒྱན་དུ་གྲུབ། །རྡོ་རྗེ་ཐེག་པའི་ལམ་གྱི་སྔོན་འགྲོ་མངོན་པར་དབང་བསྐུར་བའི་ཟིན་བྲིས་ལེའུ་ཚན་ནོ།། ༈ །།ན་མོ་བཛྲ་སཏཱ་་གུ་རུ་བྷྱ༔ སྟ་གོན་གྱི་སྐབས་སུ། སློབ་དཔོན་དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་པ་ལྟར་དབང་བསྐུར་བ་དེའང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དེ་ཡང་ངོ་བོ་ནི། བཀོད་པ་ལྷའི་འཁོར་ལོ་རྫོགས་པར་སྣང་བའོ། །ངེས་ཚིག་ནི།


JKT006_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་ཞེས་པའི་སྒྲ་ལས་དྲངས་ན་སྙིང་པོའི་ཡོན་ཏན་གྱི་གཞི་ལེན་ཅིང་འཛིན་པར་བྱེད་པས་དཀྱིལ་འཁོར་རོ། །དབྱེ་ན། ཆོས་དོན་ལ། དབྱེ་བ་རང་བཞིན་ཏིང་འཛིན་དང་། །གཟུགས་བརྙན་དཀྱིལ་འཁོར་རྣམ་པ་གསུམ། །ཞེས་པ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར། རིག་པ་ཉམས་ཀྱི་དཀྱིལ་འཁོར། ཀུན་རྫོབ་གཟུགས་བརྙན་གྱི་དཀྱིལ་འཁོར་གསུམ་ལས། སྔ་མ་གཉིས་ནི་སློབ་དཔོན་འཕགས་ས་ཐོབ་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ལ། ཏིང་ངེ་འཛིན་རྗེས་མཐུན་ཐོབ་པས་ནི། དྲིལ་བུ་པས། རི་མོར་བྱ་བའི་ལས་དང་ནི། །ཐིག་དང་ཚོན་དགྱེའི་རིམ་པ་བསྟན། །འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་སྐལ་དམན་འཇུག་པ་ལ་རྡུལ་ཚོན། འབྲིང་ལ་རས་བྲིས། རབ་ལ་ཚོམ་བུ། ཡང་རབ་བླ་མའི་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་ཚུལ་དང་བཞི་ལས། འདིར་བླ་མ་རྣམས་ཀྱི་ཕྱག་བཞེས་ལྟར་ཕྱི་དཀྱིལ་གསུམ་གང་རུང་ལ་འཇུག་པའི་སྒོ་ནི། ཧེ་རུ་ཀ་འདུས་པར། དང་པོར་ས་ཡི་ཆོ་ག་སྟེ། །སོགས་གསུངས་པའི་ནུབ་དང་པོ་ས་ཆོག་དང་། གཉིས་པ་ལྷ་དང་བུམ་པ་སྟ་གོན་སྔོན་དུ་སོང་ནས། ད་ལམ་སློབ་མ་སྟ་གོན་གྱི་སོགས་སྦྲེལ་ལོ། །དངོས་གཞིའི་སྐབས། སྤྱིར་གསང་སྔགས་སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་བབས་ཆུ་བོ་བཞི་ཞེས་གྲགས་ཤིང་། དེ་ཡང་བསྡུ་ན། གཞི་རྒྱུད་སྦྱང་གཞི་བདེ་


JKT006_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སྙིང་པོའི་ཁམས་ཉིད། ལམ་རྒྱུད། འཇུག་པའི་སྒོ་ནི་སྨིན་པར་བྱེད་པའི་དབང་། །གྲོལ་བར་བྱེད་པའི་བསྐྱེད་རྫོགས་རྣམ་པ་གཉིས། མཐུན་པའི་གྲོགས་སུ་དམ་ཚིག་སྤྱོད་པ་གསུམ། །སྔགས་ཀྱི་ལམ་མཆོག་རྣལ་མར་ངེས་པ་ལས། །ཞེས་པ་ལྟར་འཇུག་སྒོ་སྨིན་བྱེད་དབང་བཞི་དང་། དེ་དང་རྗེས་སུ་མཐུན་པའི་ལམ་ལ། བུམ་དབང་གི་དེ་ཁོ་ན་ཉིད་བསྐྱེད་རིམ་དང་། མཆོག་དབང་གསུམ་གྱི་ལྟཉམས་ལེན་རྫོགས་རིམ། དེ་གཉིས་ཀའི་མཐུན་པའི་གྲོགས་སུ་དམ་ཚིག་དང་སྡོམ་པའི་ཀུན་སྤྱོད། དེ་དག་གི་བླང་དོར་འཇུག་ལྡོག་གི་གནས་སྒྲ་ཇི་བཞིན་པར་ཤེས་པར་བྱ་བའི་ཕྱིར་རྒྱུད་ཀྱི་བཤད་པ་སྟེ། དེ་ལྟ་བུའི་ལམ་གྱི་རྒྱུན་གོམས་པས་མཐར་འབྲས་རྒྱུད་ཤིན་ཏུ་དག་པ་གཉིས་ལྡན་སྐུ་བཞི་དབྱེར་མི་ཕྱེད་པའི་གོ་འཕང་ལ་སྦྱོར་ཚུལ་རྒྱས་པར་འཆད་དོ། ༈ །དམ་ཚིག་རྣམ་དབྱེ་རྒྱས་པར་འཆད་ན། དེ་ལྟར་དབང་བཞི་མཐའ་བརྟེན་བཅས་པ་ལེགས་པར་གྲུབ་པ་དེ་དག་གི་གནས་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་ཚོགས་ལ་སྙིང་ནས་གཅེས་སྤྲས་སུ་བྱ་བ་ནི་དངོས་གྲུབ་དང་ཡོན་ཏན་ཐམས་ཅད་ཀྱི་སྲོག་ཤིང་ལྟ་བུ་སྟེ། སྤྱི་མདོ་ལས། དམ་ཚིག་འདི་ལ་གནས་པ་ན། །བླ་མེད་བྱང་ཆུབ་རྣམ་སྨིན་པས། །དགེ་བའི་སྲོག་འཛིན་དམ་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་དེ་དག་གི་བླང་དོར་གྱི་འཇུག་


JKT006_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་ཤེས་པར་བྱ་བའི་སླད་དུ་གྲངས་དང་རིམ་པའི་རྣམ་དབྱེ་ཅུང་ཟད་སྙན་དུ་གསོལ་ན་གསུམ་སྟེ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། བསྲུང་བྱའི་དོན་སྔགས་ཀྱི་བརྟུལ་ཞུགས་བཟང་པོ་ལས་མི་འདའ་བར་བསྡམས་པའི་ལྷག་བསམ་ཁྱད་པར་ཅན་ས་བོན་དང་བཅས་པའོ། །གཉིས་པ་ནི། ས་མ་ཡའི་སྒྲ་ལས་དྲངས་ན་དངོས་སུ་ཡལ་གམ་བཅས་པའི་ཐ་ཚིག་ལ་འཇུག་པས་ཇི་ལྟར་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པའམ། བསྲུངས་མ་བསྲུངས་ཀྱི་ཁེ་ཉེན་གྱིས་དམ་ཚིག་ཏུ་བཞག་པའང་ཡོད་དེ། རྡོ་རྗེ་ལས། དམ་ཚིག་འདི་ལས་གང་འདའ་བ། །རྡོ་རྗེ་ཅན་ཡང་འཚིག་པར་འགྱུར། ཞེས་སོ། །གསུམ་པ་ལ་གཉིས་ཏེ། གསང་སྔགས་གསར་རྙིང་ཐུན་མོང་དུ་གྲགས་པའི་རྩ་བ་དང་ཡན་ལག་གི་ལྟུང་བ་དང་། སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་ནང་རྒྱུད་སྡེ་གསུམ་ཁོ་ན་ལ་གྲགས་པའི་ཐུན་མོང་མ་ཡིན་པའོ། །དང་པོ་ལའང་། རིགས་ལྔའི་སྡོམ་པ་དང་། རྩ་བ་དང་ཡན་ལག་གི་ལྟུང་བའོ། །དང་པོ་ལ་ཐུན་མོང་ལྟར་ན། སངས་རྒྱས་རྣལ་འབྱོར་སྨོན་འཇུག་ཚུལ་ཁྲིམས་གསུམ། །མི་བསྐྱོད་རྡོར་དྲིལ་ཕྱག་རྒྱ་བླ་མ་བཟུང་། །རིན་འབྱུང་ཆོས་ནོར་མི་འཇིགས་བྱམས་པ་སྦྱིན། །སྣང་མཐའ་ཐེག་པ་གསུམ་འཛིན་ཆོས་རྣམས་བཤད། །དོན་གྲུབ་མཆོད་བསྟོད་ཕྲིན་ལས་ཀུན་ལ་གུས། །ཞེས་དང་། ཁྱད་པར་བླ་མེད་རིགས་ལྔའི་སྡོམ་པ་ནི། །རྡོ་


JKT006_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་རིགས་གྱུར་སྲོག་ལ་འཚེ་བ་དང་། །ཞིང་བཅུ་ལས་གཞན་རླུང་རྟོག་དབུ་མར་གསོད། །རིན་ཆེན་རིགས་ལ་མ་བྱིན་བླང་བྱ་ནི། །མཚན་ལྡན་གཟུངས་དང་སྐལ་མེད་སྐྱེ་བོའི་ནོར། །རྫོགས་པའི་བྱང་ཆུབ་རང་སྟོབས་མཐུ་ཡིས་བླང་། །པདྨའི་རིགས་ལ་རི་དྭགས་མིག་ཅན་མཆོད། །སྟོང་པ་ཉིད་ཀྱི་བུད་མེད་ཀུན་ཏུ་སྤྱོད། །ལས་ཆོས་དམ་ཚིག་ཕྱག་རྒྱ་ཆེན་པོ་བསྟེན། །འདོད་པའི་ཡོན་ཏན་སྒྱུ་མ་ལྟ་བུར་སྤྱོད། །ཅེས་སོ། །གཉིས་པ་ནི། སློབ་དཔོན་སྨོད་པར་མི་བྱ་ཞིང་། །བདེ་གཤེགས་བཀའ་ལས་འདས་མི་བྱ། །རྡོ་རྗེ་སྤུན་ལ་སྨད་མི་བྱ། །སེམས་ཅན་རྣམས་ལ་བྱམས་པ་དང་། །བྱང་ཆུབ་སེམས་ནི་དོར་མི་བྱ། །སྐལ་མེད་དེ་ཉིད་བསྟན་མི་བྱ། །བདག་གི་ཕུང་པོ་སྨད་མི་བྱ། །ཆོས་ཉིད་ལ་ནི་སུན་མི་དབྱུང་། །གདུགས་ལ་བྱམས་པ་རྟག་ཏུ་སྤང་། །ཆོས་ཀྱི་ཚད་བཟུང་མི་བྱའོ། །དད་ལྡན་སེམས་ཅན་བསླུ་མི་བྱ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །བུད་མེད་ཉིད་ལའང་སྨད་མི་བྱ། །ཞེས་སོ། །གསུམ་པ་ནི། དབང་དང་དམ་ཚིག་སྡོམ་པས་མ་སྦྱངས་པས། །ཐ་མལ་བུད་མེད་རིག་མར་བསྟེན་པ་དང་། །མཚན་ཉིད་ཚུ་འགལ་བའི་དྲན་པའི་ཁྲོན་པ་ནས། །ཆོ་ག་མ་ཡིན་བཞིན་པས་བདུད་རྩི་ལེན། །དབང་མ་ཐོབ་དང་ལྷག་པར་འདི་མེད་ལ། །སྐུ་གཟུགས་གླེགས་བམ་ཕྱག་མཚན་ཕྱག་རྒྱ་སྟོན། །ཚོགས་ཀྱི་འཁོར་ལོའི་དུས་ན་


JKT006_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ་རྩོད་དང་། །བབ་ཅོལ་ཀྱལ་ཀས་བརྟུལ་ཞུགས་ཐ་མལ་སྦྱར། །སྣོད་ལྡན་དམ་ཆོས་འདྲི་ལ་ཤེས་བཞིན་དུ། །དེ་ལས་འགལ་བའི་བསྙོན་དོར་ལན་དུ་ལྡོག །སྔགས་ཀྱི་ལྟ་སྤྱོད་བཀུར་ཞིང་ཉམས་སད་པའི། །ཉན་ཐོས་ནང་དུ་ཞག་བདུན་ལོངས་པར་བསྡད། །སྔགས་རྒྱུད་དེ་ཉིད་ཆོ་ག་མི་ཤེས་བཞིན། །རྡོ་རྗེ་འཛིན་པ་ང་རྒྱལ་རྫུན་དང་འགྲོགས། །དབང་བསྐུར་ཐོང་ཀྱང་སྔགས་ལ་མ་དད་པའི། །ཐེ་ཚོམ་ཅན་ལ་སླར་ཡང་གསང་བ་འཆད། །ཅེས་སོ། །གཉིས་པ་ལའང་གསུམ་སྟེ། རྒྱུད་ལུང་གཉིས་པོ་ཆེ་ལས་བསྟན་པའི་རྩ་བ་དང་། ཡན་ལག་གི་དམ་ཚིག་དང་། མན་ངག་རྫོགས་པ་ཆེན་པོའི་རིང་ལུགས་རང་བཞིན་ལྟ་བའི་དམ་ཚིག་བཞིའོ། །དང་པོ་ནི། དམ་ཚིག་རྣམ་པར་བཀོད་པའི་གྲུབ་མཐའ་ནི། །རྩ་བ་བླ་མའི་སྐུ་གསུང་ཐུགས་གསུམ་ལ། །ཕྱི་ནང་གསང་བའི་དམ་ཚིག་གསུམ་ཚན་གསུམ། །སྲོག་གཅོད་མི་ཚངས་སྤྱོད་དང་རྐུ་སྤོང་བ། །ཕ་མ་སྤུན་སྲིང་རང་ལུས་ཆོས་གང་སྨོད། །བླ་མའི་གྲིབ་འགོམ་ཡུམ་གཙེས་སྤུན་སྲིང་བརྡེག །གསུང་གི་གསུམ་ལ་རྫུན་སྨྲ་ཚིག་རྩུབ་སྤངས། །ཆོས་སྒྲས་དོན་སེམས་གནས་ལུགས་སྒོམ་མི་བཀུར། །བླ་མའི་ཡུམ་དང་སྤུན་སྲིང་ཚིག་མི་བརྙས། །ཐུགས་ཀྱི་གསུམ་ལ་ཡིད་ཀྱི་རྣམ་གསུམ་དང་། །སྤྱོད་དང་སྒོམ་དང་ལྟ་བ་ལོག་པ་སྤང་། །༡བླ་མ་ལྷ་༢མཆེད་ལྷ་སྒོམ་ཐུན་ཀུན་སེམས། །ཞེས་ཏེ།


JKT006_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་རྩ་བ་རྡོ་རྗེ་གསུམ་གྱི་དམ་ཚིག་ལ་བླ་མ་ཞེས་སྨོས་པ་ནི། རང་གི་སྒོ་གསུམ་སངས་རྒྱས་ཀུན་འདུས་བླ་མའི་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་བསྡམས་པས་སམ། ཡང་ན་གུ་རུའི་སྒྲ་ལས་དྲངས་ན་ལྕི་བ་སྟེ་ཉམས་ན་སྦྱང་དཀའ་བའི་དོན་ནོ། །གཉིས་པ་ནི། ཐབས་ཀྱི་དབང་གྱུར་ཡན་ལག་ཉི་ཤུ་ལྔ། །ཏན་གན་མ་བྱིན་ལེན་རྫུན་ཀྱལ་བའི་ཚིག །སྤྱད་བྱ་ལྔ་ནི་གནང་བཀག་ཤེས་པས་སྤྱོད། །འདོད་ཆགས་ཞེ་སྡང་ལ་སོགས་ཉོན་མོངས་ལྔ། །མི་སྤོང་ལྔ་ནི་རང་རྒྱུད་པ་དང་བྲལ། །དྲི་ཆེན་དྲི་ཆུ་མཱི་ས་རཀྟ་ཟིལ། །དང་ལེན་ལྔ་ལ་གཙང་རྨེའི་གཉིས་རྟོག་འདྲལ། །ཕུང་པོ་འབྱུང་ཡུལ་དབང་པོ་ཁ་དོག་ལྔ། །ཤེས་བྱ་ལྔ་ནི་ཤེས་རབ་སྟོབས་ཀྱིས་སྤྱོད། །རྡོ་རྗེ་རིན་ཆེན་པདྨ་ལས་དེ་བཞིན། །བསྒྲུབ་བྱ་ལྔ་ནི་རྟོགས་གོམས་མཐུ་ཡིས་བསྒྲུབ། །ཅེས་སོ། །གཞན་ཡང་སྲུང་མཚམས་མེད་པར་གཅིག་ཅར་བའི་དམ་ཚིག་དང་། བསྲུང་མཚམས་ཅན་རིམ་གྱིས་པའི་དམ་ཚིག་གཉིས། ཕྱི་མ་ལའང་། ཞི་རྒྱུད་ལས། དཀྱིལ་འཁོར་འདིར་ནི་གང་བཞུགས་པ། །བསྲུང་ཞིང་བསྡམ་པར་བྱ་བ་དག །སྤྱི་དང་ཁྱད་པར་ལྷག་པ་ཡིས། །རྣམ་པར་དབྱེ་བས་བཟུང་བྱ་སྟེ། །ཞེས་དང་། བཤགས་ལེར། སྤྱི་དང་ཁྱད་པར་སོགས་པ་ལྟར། དང་པོ་ནི། སོ་བྱང་དང་ཕྱི་རྒྱུད་ཀྱི་སྡོམ་པའི་སྲུང་མཚམས་སུ་གྲགས་པ་རྣམས་དང་། དུས་ཀྱི་འཁོར་ལོའི་


JKT006_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་ཉེར་ལྔ། རིགས་ལྔའི་སྡོམ་པ་སོགས་སོ། །གཉིས་པ་ནི། ཐུན་མོང་མ་ཡིན་པའི་རྩ་བ་དང་ཡན་ལག་བཤད་མ་ཐག་པའོ། །གསུམ་པ་ནི། ཞི་རྒྱུད་ལས། གཅན་གཟན་རྒྱལ་པོའི་ཁྲི་མི་གཞིག །སོགས་ལྡེམ་དགོངས་ཀྱི་སྒྲས་བསྟན་པ་ཉི་ཤུ་སྟེ་འདི་ནི་སྤྱི་དང་ཁྱད་པར་ལ་གནས་པའི་སྔགས་པས་སྒྲུབ་པ་སོགས་ཀྱི་དུས་སུ་བསྲུང་བར་བྱ་བ་ཡིན་པས་ལྷག་པའི་སྒྲས་བསྟན་ནོ། །གསུམ་པ་ནི། རྡོ་རྗེ་སེམས་དཔལ་ནམ་མཁའ་ཆེ་ལས། མེད་དང་གཅིག་པུ་ཕྱལ་བ་ལྷུན་གྲུབ་སྟེ། །བསྲུང་བར་བྱ་བའི་ཚུལ་ཁྲིམས་ཀུན་དང་བྲལ། །ཞེས་དང་། རང་བཞིན་མེད་པས་མེད་པ་ཞེས་སུ་བཤད། །སེམས་སུ་ཀུན་གཅིག་གཅིག་པུར་བརྟགས་པ་ཡིན། །དངོས་སུ་མི་སྤོང་ཡེ་ཤེས་མི་འགག་པས། །དེ་ལ་ཕྱལ་བ་ཞེས་སུ་གྲགས་པ་སྟེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཡིད་ཆེས་བྱང་ཆུབ་སེམས་སུ་རྫོགས་པའི་ཕྱིར། །ལྷུན་གྱིས་རྫོགས་པ་ཞེས་སུ་ང་ཡིས་བསྟན། །ཅེས་སོ། །དེ་ལྟར་ཡང་། དང་པོ་སྡོམ་པ་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་དབང་བསྐུར་བླང་། བར་དུ་མི་ཉམས་པར་བསྲུང་བའི་ཕྱིར་བསྲུང་མཚམས་ཤེས་པ་དང་། བསླབ་པ་བཅའ་བ་པོ་དང་བཅས་པའི་བསླབ་པ་བཅས་ལ་གུས་པ་དང་། བག་མེད་པ་དང་བྲལ་བར་དྲན་དང་ཤེས་བཞིན་ལྡན་པ་དང་། རང་རྒྱུད་ཀྱི་ཉོན་མོངས་པ་འབུར་འཇོམས་སུ་བྱས་པས་


JKT006_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་རྩ་བ་རྡོ་རྗེ་གསུམ་གྱི་དམ་ཚིག་ལ་བླ་མ་ཞེས་སྨོས་པ་ནི། རང་གི་སྒོ་གསུམ་སངས་རྒྱས་ཀུན་འདུས་བླ་མའི་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་བསྡམས་པས་སམ། ཡང་ན་གུ་རུའི་སྒྲ་ལས་དྲངས་ན་ལྕི་བ་སྟེ་ཉམས་ན་སྦྱང་དཀའ་བའི་དོན་ནོ། །གཉིས་པ་ནི། ཐབས་ཀྱི་དབང་གྱུར་ཡན་ལག་ཉི་ཤུ་ལྔ། །ཏན་གན་མ་བྱིན་ལེན་རྫུན་ཀྱལ་བའི་ཚིག །སྤྱད་བྱ་ལྔ་ནི་གནང་བཀག་ཤེས་པས་སྤྱོད། །འདོད་ཆགས་ཞེ་སྡང་ལ་སོགས་ཉོན་མོངས་ལྔ། །མི་སྤོང་ལྔ་ནི་རང་རྒྱུད་པ་དང་བྲལ། །དྲི་ཆེན་དྲི་ཆུ་མཱི་ས་རཀྟ་ཟིལ། །དང་ལེན་ལྔ་ལ་གཙང་རྨེའི་གཉིས་རྟོག་འདྲལ། །ཕུང་པོ་འབྱུང་ཡུལ་དབང་པོ་ཁ་དོག་ལྔ། །ཤེས་བྱ་ལྔ་ནི་ཤེས་རབ་སྟོབས་ཀྱིས་སྤྱོད། །རྡོ་རྗེ་རིན་ཆེན་པདྨ་ལས་དེ་བཞིན། །བསྒྲུབ་བྱ་ལྔ་ནི་རྟོགས་གོམས་མཐུ་ཡིས་བསྒྲུབ། །ཅེས་སོ། །གཞན་ཡང་སྲུང་མཚམས་མེད་པར་གཅིག་ཅར་བའི་དམ་ཚིག་དང་། བསྲུང་མཚམས་ཅན་རིམ་གྱིས་པའི་དམ་ཚིག་གཉིས། ཕྱི་མ་ལའང་། ཞི་རྒྱུད་ལས། དཀྱིལ་འཁོར་འདིར་ནི་གང་བཞུགས་པ། །བསྲུང་ཞིང་བསྡམ་པར་བྱ་བ་དག །སྤྱི་དང་ཁྱད་པར་ལྷག་པ་ཡིས། །རྣམ་པར་དབྱེ་བས་བཟུང་བྱ་སྟེ། །ཞེས་དང་། བཤགས་ལེར། སྤྱི་དང་ཁྱད་པར་སོགས་པ་ལྟར། དང་པོ་ནི། སོ་བྱང་དང་ཕྱི་རྒྱུད་ཀྱི་སྡོམ་པའི་སྲུང་མཚམས་སུ་གྲགས་པ་རྣམས་དང་། དུས་ཀྱི་འཁོར་ལོའི་


JKT006_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། རྩ་བའི་དམ་ཚིག་ཉམས་གྱུར་ན། སྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྟུང་། །ཞེས་སོ། །ལྔ་པ་ནི། སྔ་མར་རྒྱལ་བའི་རིག་པ་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡི། །སྲས་སུ་དགོངས་ནས་བྱིན་གྱིས་རློབས། ཞེས་སོ། །དེས་ན་སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་བཏང་ཡང་སླ། །འཆི་བའི་དུས་ལ་བབས་ཀྱང་སླ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་གསུངས་པ་རྣམས་ལ་དྲན་པ་ཉེ་བར་བཞག་ནས་ཇི་ལྟར་དམ་བཅས་པའི་རྡོ་རྗེ་ཐེག་པའི་འདུལ་བ་ལ་ཚུལ་བཞིན་དུ་ཅི་ནུས་ཀྱིས་བསླབས་ཤིང་བསྲུང་བར་བྱའོ་སྙམ་པས་མདོར་བསྡུས་ཏེ་ཁས་བླང་བ་འདིའི་རྗེས་ཟློས་མཛོད། རྩ་བ་སྐུ་གསུང་ཐུགས་སོགས་སོ། །ཞེས་པ་རྣམས་ཀྱང་དབང་གི་སྤྱི་དོན་དང་འབྲེལ་བའི་ཟིན་ཐུན་རགས་པ་ཙམ་མོ། །སརྦ་མངྒ་ལཾ།། ༈ །།སྤྱི་མདོ་ལས། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །བསྲུང་དང་སྤྱད་དང་ཡིད་འོང་དང་། །མི་འདོར་ཤེས་བྱ་བསྒྲུབ་པ་དང་། །ཞེས་དང་། སྒྱུ་དྲྭར། བླ་མེད་མི་སྤོང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་


JKT006_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ། །ཞེས་པ་ནི། བླ་མ་བཀུར་བ་དང་། མཆེད་ལ་བྱམས་པ་གཉིས་སྐུ། སྔགས་དང་ཕྱག་རྒྱ་རྒྱུན་མི་ཆད་པ་གསུང་། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་མི་སྤོང་བ་དང་གསང་བ་མི་སྨྲ་བ་རྣམས་ཐུགས་ཀྱི་དམ་ཚིག་ཏུ་འདུ་ཞིང་། ཡན་ལག་ཀྱང་། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤོང་ངོ་། །ཞེས་དང་། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་པ་རྣམས་ནི་ཡན་ལག་ཏུ་འདུའོ། ༈ །སློབ་དཔོན་སངས་རྒྱས་གསང་བས། དག་པ་ཁྲུས་ནས་མ་བཏོན་པར། །གསང་སྔགས་དབང་གི་སྒོ་མི་དབྱེ། །བྱུར་དང་མི་ཤིས་མི་བསལ་བར། །གསང་སྔགས་དབང་གི་གྲལ་མ་སྟོན། །སྲུང་བའི་འཁོར་ལོ་མ་བསྒོམས་པར། །གསང་སྔགས་དབང་གི་ཆོས་མི་འཆད། །ཅེས་སོ།། །


previousགསང་སྔགས་སྔ་འགྱུར་པའི་ལུགས་ཀྱི་དབང་བསྐུར་བའི་ཆོ་གའི་ཟིན་ཐུན།next