Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
སྒྱུ་འཕྲུལ་སྤྱི་དོན་གསང་བདག་ཞལ་ལུང་གི་བསྡུས་དོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྱུ་འཕྲུལ་སྤྱི་དོན་གསང་བདག་ཞལ་ལུང་གི་བསྡུས་དོན།next

སྒྱུ་འཕྲུལ་སྤྱི་དོན་གསང་བདག་ཞལ་ལུང་གི་བསྡུས་དོན།


JKT006_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།ཨོཾ་སྭ་སྟི། སྤྱི་དོན་གསང་བདག་ཞལ་ལུང་གི་ས་བཅད་ལ། སྔོན་འགྲོ་སྤྱིའི་རྣམ་བཞག་འཆད་པ་དང་། བྱེ་བྲག་རྒྱུད་ཀྱི་དོན་བཤད་པ། དང་པོ་ལའང་། གང་བཤད་བྱའི་ཆོས། དེ་གང་གིས་འཆད་པའི་མན་ངག །དེ་ཇི་ལྟར་འཆད་པའི་ཚུལ་དང་གསུམ། དང་པོ་ལའང་། སྤྱིར་ཆོས་ཀྱི་སྒྲ་གང་ལ་འཇུག་པ། དེ་ལས་ཤེས་བྱའི་ཆོས་དང་། དམ་པའི་ཆོས། བཤད་ཆོས་ངོས་བཟུང་བ་བཞི། གཉིས་པ་ལ། རང་གི་མཚན་ཉིད་འཛིན་པའི་ཆོས་དང་། རྣམ་པར་དཀར་བའི་ཆོས་གཉིས། གསུམ་པ་ལ།


JKT006_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དང་དབྱེ་བ། དབྱེ་བ་ལུང་དང་། རྟོགས་པ། བཞི་པ་ལ། ངོ་བོ། མཚན་ཉིད། སྒྲ་དོན། དབྱེ་བ། སྐབས་དོན། ངོས་བཟུང་བ། དབྱེ་བ་ལ་བཀའ་དང་བསྟན་བཅོས་གཉིས། གཉིས་ཀ་ལ། །མཚན་ཉིད། སྒྲ་དོན། དབྱེ་བ། དབྱེ་བ་ལ། བདག་རྐྱེན་དུས་སྡེ་སྣོད་གཉེན་པོ་དབང་པོའི་སྒོ་ནས་དབྱེ་བ་ལྔ། ཕྱི་མ་ལ། ངོ་བོ། སྒྲ་དོན་དང་དབྱེ་བ། ཕྱི་མ་ལའང་སྤྱི་དང་བྱེ་བྲག །བྱེ་བྲག་ལ་འཇིག་རྟེན་པ་དང་། འཇིག་རྟེན་འདས་པའི་གཉིས། སྔ་མ་ལ་སོར་བཞག་ལྷ་མི། འཕྲོས་དོན་མ་རྟོགས་ལོག་རྟོག་ཕྱོགས་རྟོགས་བཤད་པ། ཕྱི་མ་ལ། འཕགས་ཚུལ་དང་། དབྱེ་བ་རྒྱས་པར་བཤད་པ། དབྱེ་བ་ལ། རྒྱུ་མཚན་ཉིད་དང་། འབྲས་བུ་སྔགས་ཀྱི། དང་པོ་ལ་ཉན་རང་བྱང་གསུམ། ཕྱི་མ་ལ། ཀྲི་ཡོག་སྡེ་གསུམ། ནང་རྒྱུད་སྡེ་གསུམ་སྟེ་རིམ་པ་དགུ། སོ་སོ་ལ། ངོ་བོ། ངེས་ཚིག་དབྱེ། ཕྱི་མ་ལ། འཇུག་སྒོ། ལྟ་བ། ཚུལ་ཁྲིམས། སྒོམ་པ། སྤྱོད་པ། འབྲས་བུ་དྲུག །ཐེག་དགུའི་ལྟ་རིམ་ལ་རྩོད་པ་སྤང་བ། གཉིས་པ་བསྟན་བཅོས་ལ། རྣམ་བཞག་སྤྱི། བྱེ་བྲག་ཏུ་རྒྱུད་འདིའི་དགོངས་འགྲེལ་ངོས་བཟུང་བ། དང་པོ་ལའང་། མཚན་ཉིད། སྒྲ་དོན། དབྱེ་བ། གཉིས་པ་ལ། རྒྱུད་སྤྱི་ལ་འཇུག་པའི་དང་། རྒྱུད་གནས་སྐབས་ལ་འཇུག་པའི་གཉིས། གཉིས་པ་གང་གིས་འཆད་པའི་མན་ངག་ལ། རྒྱལ་


JKT006_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བས་གསུངས་པའི་དང་། དེ་ལ་བརྟེན་ནས་མཛད་པ་གཉིས། དང་པོ་ལ་མ་ཧཱ་ཡོ་ག་སྤྱི་ཡི་འཆད་ཐབས་རྒྱན་བདུན་དང་། ཁྱད་པར་འདི་ཉིད་འཆད་ཐབས་སྤྱི་དོན་ལྔ་བཤད་པ། རྗོད་བྱེད་སྒྲའི་རྒྱུད་བཤད་ཐབས་ལ་དོར་བྱ་སྐྱོན་བརྒྱད། བླང་བྱ་རྒྱུད་གནས་སྐབས་དངོས་པོ་རེ་རེའི་འཆད་ཐབས། རྒྱུད་གཞུང་སྤྱིའི་བཤད་ཐབས་འདྲེན་པའི་ཚིག་བཅུ། གཞན་ཡང་མཚོན་དཔེ་སྦྱར་ཏེ་བཤད་ཚུལ་གསུམ། སྤྱིར་ཚུལ་བཞིའི་སྒོ་ནས་བཤད་པ། བྱེ་བྲག་ཏུ་སློབ་དཔོན་བི་མ་ལའི་འཆད་ཚུལ་བཞི་དང་། གསུམ་འཆད་པ། མན་ངག་གི་འཆད་ཐབས་རྩིས་མགོ་ལྔས་བསྟན་པ་བཅས་སོ། །གསུམ་པ་ཇི་ལྟར་འཆད་པའི་ཚུལ་ནི། སློབ་དཔོན་དང་སློབ་མའི་མཚན་ཉིད། ཇི་ལྟར་ཉན་འཆད་བྱ་ཚུལ། དེ་ལྟར་འཆད་ཉན་བྱས་པའི་འབྲས་བུའོ་འདི་ཡན་ཚེམ་གཅིག་ཡོད་ལགས། །གཉིས་པ་བྱེ་བྲག་རྒྱུད་དོན་བཤད་པ་ལ། སྔོན་བྱུང་ཚུལ། བརྒྱུད་པའི་ལོ་རྒྱུས། རྒྱུད་ཀྱི་ཆེ་བ་བརྒྱད་བཤད་པ། ཆེ་བ་དེ་ལྡན་གྱི་རྒྱུད་དོན་དངོས་བཤད་པའོ། །དང་པོ་ལ། སྟོན་པས་གསུང་ཚུལ་དང་། དེ་ལས་བརྒྱུད་ཚུལ་ལོ། །ཕྱི་མ་ལ་དགོངས་བརྡ་སྙན་གསུམ། གསུམ་པ་རྒྱུད་དོན་དངོས་ལ། རྒྱུད་དབུ་ཞབས་ཐམས་ཅད་ཀྱི་དོན་དགོས་འབྲེལ་ཡན་ལག་བཞི་ལྡན་དུ་འཆད་པ། རྒྱུད་གསུམ་པོར་ཐ་སྙད་ཀྱི་དབང་དུ་བྱས་ཏེ་དབྱེ་བ། དོན་དམ་གྱི་དབང་དུ་བྱས་ཏེ་བསྡུ་བ།


JKT006_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་དོན་གཏན་ལ་དབབ་པ་གསུམ། ཕྱི་མ་ལ་གཞི་ལམ་འབྲས་གསུམ་སྤྱིར་གཏན་ལ་དབབ་པ་དང་། དེ་སོ་སོར་གཏན་ལ་རྒྱས་པར་དབབ་པ་གཉིས། ཕྱི་མ་ལ། གཞི་བཤད་པ། ལམ་བཤད་པ། འབྲས་བུ་བཤད་པའོ། ༈ །དང་པོ་ལ་ངོ་བོ་གཞི་དང་བརྟག་པའི་གཞི་བཤད་པ། དེ་རྒྱུད་དུ་འགྱུར་བའི་འཐད་པའོ། །གཉིས་པ་ལ། བརྗོད་བྱ་དོན་གྱི་རྒྱུད་ལམ་གྱི་ངོ་བོ་དང་། རྗོད་བྱེད་ཚིག་གི་རྒྱུད་ལམ་རྐྱེན་དུ་གྱུར་པ་གཉིས། ཕྱི་མ་ཐབས་གང་གིས་དང་། ཚུལ་ཇི་ལྟར་འཆད་པ་གཉིས། གཉིས་པ་ལ་རྒྱུད་ཀྱི་མཚན་དོན་བཤད་པ་དང་། མཚན་དེ་ལྡན་གྱི་རྒྱུད་བཤད་པ་གཉིས། ཕྱི་མ་དགོས་འབྲེལ་གོང་དུ་སོང་བའི་དབང་དུ་བྱས་ནས། འདིར་དབང་པོ་འབྲིང་སྤྱི་དོན་ལྟར་འཆད་པའི་ནང་ཚན་རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་བསླང་། འབྲས་བུ་ཡོངས་ཤེས་རྒྱུད་དོན། གདམས་གཏད་བཞི། དང་པོ་གཉིས་ལ། དགོས་ཆེད། ངོ་བོ། སྒྲ་དོན། རྣམ་གྲངས་བཞི་རེ་དང་། གསུམ་པ་ལ། རྒྱུད་ཀྱི་དངོས་པོར་འཇུག་པའི་གཞུངས་ཚམས་དེ་ལེའུ་གང་གིས་སྟོན་ཚུལ། ཇི་ལྟར་བསྡུས་པའི་དོན་གཏན་ལ་དབབ་པའོ། །ཕྱི་མ་ལ་ལམ་གྱི་ངོ་བོ་དང་། ཆ་རྐྱེན་གཉིས་ལས། འདིར་འཆད་བདེ་ཕྱིར་དང་པོ་ཆ་རྐྱེན་བསྟན་ཏེ། དེ་ཡང་། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག །ཕྲིན་སྒྲུབ་ཏིང་འཛིན་མཆོད་སྔགས་བཅུ། །ཞེས་པ་ལྟར་


JKT006_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ལ་རེ་རེ་བཞིན་དུ། དགོས་ཆེད། ངོ་བོ། སྒྲ་དོན། རྣམ་གྲངས། མ་རྟོགས་པའི་སྐྱོན། རྟོགས་པའི་ཡོན་ཏན་དང་དྲུག་རེས་འཆད་པས་དྲུག་ཅུའོ། །ལམ་གྱི་ངོ་བོ་ལ། གྲོལ་ལམ། ཐབས་ལམ་གཉིས་རེ་རེ་ལའང་དབྱེ་བ། ཁྱད་པར། གཏན་ལ་དབབ་པ་གསུམ་རེ་སྟེ་དྲུག །གསུམ་པ་ལམ་གྱུར་གྱི་འབྲས་བུ་ལ། དབྱེ་བ་དང་། དེ་གཏན་ལ་དབབ་པའོ། །ཕྱི་མ་ལ། རྣམ་སྨིན། ཚེ་དབང་། ཕྱག་རྒྱ། ལྷུན་གྲུབ་བཞི། དེ་རེ་རེ་ལའང་། གང་གི་ཚེ་ཐོབ་པའི་རྒྱུ་དུས། གང་གི་རིག་འཛིན་རང་གི་ངོ་བོ། ཇི་སྙེད་བསྟན་པའི་རྣམ་གྲངས། ཇི་ལྟར་བཞུགས་པའི་ཆ་ལུགས། མངོན་པར་ཤེས་པའི་ཡུལ་དོན། འབྲས་བུ་ལ་ཇི་ལྟར་སྦྱོར་ཚུལ་ཏེ་ཆོས་དྲུག་རེའི་སྒོ་ནས་འཆད་པའོ། ༈ །གསུམ་པ་འབྲས་བུའི་རྒྱུད་ལ། བདག་དོན་གྲུབ་པ་དང་། གཞན་དོན་མཛད་པའོ། །དང་པོ་ལ། ཐོབ་ཚུལ། མཚན་ཉིད། རྣམ་གྲངས་སོ། །ཕྱི་མ་ཡང་། མིང་གི། ངོ་བོའི། སའི་རྣམ་གྲངས་སོ། །གཉིས་པ་ལ། གདུལ་བྱ་ལ་ཐུགས་རྗེས་གཟིགས་ཚུལ། གཟིགས་ནས་ཐུགས་རྗེ་སྐྱེ་ཚུལ། སྐྱེས་ནས་འགྲོ་དོན་མཛད་ཚུལ་ལོ། །དེ་ལྟར་དཔལ་གསང་བའི་སྙིང་པོ་སྤྱི་དོན་གྱི་སྒོ་ནས་གཏན་ལ་ཕབ་པ་གསང་བདག་ཞལ་ལུང་གི་ས་བཅད་ཙམ་འདི་ཡང་རང་བློ་ངེས་ཕྱིར་གཞོན་ནུ་ཨ་བྷཱ་ཡས་བདེ་ཆེན་པདྨ་འོད་གླིང་དུ་དབྱུག་ཟླའི་གྲལ་ཚེས་


JKT006_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

༢༡དགེ་བར་བཀོད་པའོ།། ༈ །།གསུམ་པ་འབྲས་བུ་ཡོངས་སུ་ཤེས་པ་རྒྱུད་ཀྱི་དོན་འཆད་པའི་སྐབས། རྒྱུད་ཀྱི་དངོས་པོ་ལ་འཇུག་པའི་གཞུང་མཚམས་ངོས་བཟུང་བ་དང་། གཞུང་གི་བབས་བདེ་བླག་ཏུ་རྟོགས་པའི་ཆེད་དུ་ལེའུ་སོ་སོས་དོན་འདི་སྟོན་གྱི་བསྡུ་བ་བཤད་པ། ཇི་ལྟར་བསྡུས་པའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་བཤད་ཚུལ་མང་ཡང་། སློབ་དཔོན་ཆེན་པོ་སྒེག་པ་ནི། ལེའུ་གསུམ་པའི་སྟོད་ཡན་ཆད་ཀྱིས་སྤྱི་དང་ཁྱད་པར་གྱི་རྒྱུ་རྐྱེན་རྫོགས་ནས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་མན་ཆད་ལེའུ་ཕྱེད་དང་བཅུ་དགུས་རྒྱུད་ཀྱི་དངོས་པོ་སྟོན་པར་། བཞེད་དོ། །གཉིས་པ་ནི། ལེའུ་རྣམས་བབས་ཀྱི་བསྡུ་བ་སྤྱིར་བསྟན་པ་དང་། རྒྱུད་དོན་སོ་སོའི་བསྡུ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འགྲེལ་ཆུང་ལས། བྱང་ཆུབ་མཆོག་ལྡན་རྣལ་འབྱོར་དེས། །ཆོས་ཀུན་ངེས་དོན་གཏན་ལ་ཕབ་ལེའུ་གསུམ་པ། ༈ །ངེས་པའི་དོན་ཉིད་རྟོགས་པའི་ཚེ། །མིང་ཙམ་གསལ་བའི་ཆོས་རྣམས་ཀུན། །ཡི་གེ་འཁོར་ལོ་མངོན་སངས་རྒྱས། །ལེའུ་ཞེ་ལྔ། ༈ །མངོན་རྟོགས་ཡི་གེ་དེ་ཉིད་ལས། །ཏིང་འཛིན་རོལ་མོ་མཐའ་ཡས་སྤྲོ།། ༈ །སྤྲོས་ཉིད་དཀྱིལ་འཁོར་བསམ་ཡས་གསལ༦། ༈ །གང་བྱེད་སྔགས་ཀྱི་ཡི་གེ་བརྗོད༧། ༈ དེ་ཉིད་ཐུགས་རྟགས་ཕྱག་རྒྱར་གསལ། ༈ །མ་


JKT006_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་རྨོངས་ལ་བསྟན་པའི་ཕྱིར། །བཀྲི་དྲང་རྡུལ་ཚོན་བསྟན་པ་གཅེས༩། ༈ །དཀྱིལ་འཁོར་དག་ལ་བརྟེན་པའི་ལས། །དབང་མཆོག་སྦྱིན་པ་མཆོག་ཡིན་༡༠ནོ། ༈ །དབང་མཆོག་རྫོགས་ནས་ཚོགས་ལ་འཇུག༡༡། ༈ །ཚོགས་སྒྲུབ་ཡོན་ཏན་བསམ་མི་ཁྱབ༡༢། ༈ །ཚོགས་མཆོག་རྒྱ་ཆེར་སྤེལ་བ་ཡང་། །མན་ངག་སྙིང་པོ་ཅན་གྱིས་༡༣བྱ། ༈ །ཚོགས་དུས་བསྟོད་པ་གླུ་ཡིས་༡༤བྱ། ༈ ། གལ་ཏེ་ཞི་བས་མི་ཐུལ་ན། །རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་སྤྲོ༡༥། ༈ །ཁྲོས་པའི་དུས་ཀྱི་སྐུར་བསྟན་ནས༡༦། ༈ །དཀྱིལ་འཁོར་ཉིད་དུ་དགོད་པར་༡༧བྱ། ༈ །དེ་ཉིད་ལ་ནི་མཆོད་པ་འབུལ༡༨། ༈ ། ཞི་ཁྲོ་རབ་འབྱམས་མཆོད་པའི་ཚེ། །སྡོམ་ལ་གནས་པ་ཤིན་ཏུ་༡༩གཅེས། ༈ །དམ་ཚིག་ལྡན་པའི་སྐྱེས་བུ་དེས། །རྣམ་བཞིའི་ལས་ཀྱིས་གཞན་དོན་༢༠བྱ། ༈ །ཁྲོས་པའི་གླུ་ཡིས་བསྟོད་པ་༢༡བྱ། །ཞེས་སོ། །དེ་དག་ལེའུ་གསུམ་པ་ནས་ཉེར་གཅིག་པར་གོ་རིམ་བཞིན་དུ་སྦྱར་རོ། །གཉིས་པ་ལ། ཞི་ཁྲོ་སྤྱི་བྱེ་བྲག་གི་ཆོས་སྟོན་པའི་ལེའུའི་ཚོམས་དང་། རྒྱུད་ཀྱི་དངོས་པོ་བཅུ་ལྟར་སྟོན་པའི་བསྡུ་བའོ། །དང་པོ་ནི། ཞི་བསྟོན་པའི་ལེའུ་དགུ། ཁྲོ་བོ་སྟོན་པའི་ལེའུ་ལྔ། ཐུན་མོང་སྟོན་པའི་ལེའུ་བརྒྱད་དོ། །དེ་དག་གི་སྡོམ་ཚིག་ནི། དང་པོ་གཉིས་པ་གསུམ་པ་རྣམས། །ཞི་བ་སྔོན་བྱུང་ལེའུ་སྟེ། །མཐར་ཕྱིན་


JKT006_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་ཞི་དཀྱིལ་ཡིན། །བཞི་ལྔ་དྲུག་བདུན་བརྒྱད་པ་དང་། །བཅུ་བཞི་པ་རྣམས་རྗེས་འཇུག་གི །ཞི་བ་ཉམས་ལེན་ལེའུ་ཡིན། ༈ །དེ་བཞིན་ལེའུ་བཅོ་ལྔ་པས། །ཁྲོ་བོ་སྔོན་བྱུང་འབྲས་དཀྱིལ་ཏེ། །བཅུ་དྲུག་བཅུ་བདུན་བཅོ་ལྔ་དང་། །ཉེར་གཅིག་པ་རྣམས་རྗེས་འཇུག་གི །ཁྲོ་བོ་ཉམས་ལེན་ལེའུ་སྟོན། ༈ །ཐུན་མོང་ལེའུ་དགུ་དང་བཅུ། །བཅུ་གཅིག་བཅུ་གཉིས་བཅུ་གསུམ་དང་། །བཅུ་དགུ་ཉི་ཤུ་ཉེར་སྤྱི གཉིས་པ། །བཅུ་གཅིག་བཅུ་གཉིས་གཅིག་བསྡམས་ཏེ། །རིམ་བཞིན་དཀྱིལ་འཁོར་དབང་ཚོགས་སྒྲུབ། །རྫོགས་རིམ་དམ་ཚིག་ཕྲིན་ལས་དང་། །ཐ་མས་གདམས་ཤིང་གཏད་པ་སྟོན། །ཅེས་སོ། །གཉིས་པ་ལ་བཅུ་ལས། དེ་ཁོ་ན་ཉིད་ལྟ་བ་སྟོན་པའི་ལེའུ་བཞི་སྟེ། གཞལ་བྱ་གཏན་ཚིགས་གྲུབ་མཐའ་གསུམ་མདོར་བསྟན་པ་དང་། ཐེག་པ་སྣ་ཚོགས་ཀྱི་ལྟ་བ་ལེའུ་གསུམ་པས་སྟོན། དངོས་གྲུབ་སྒྲུབ་པའི་ལྟ་བ་ལེའུ་ལྔ་པས། ཚད་མ་བཀའ་གཞུང་གི་གཏན་ཚིགས་ལེའུ་བཅུ་གཅིག་པས། ལྟ་བ་དང་འབྲེལ་བའི་མཚན་ཉིད་གསུམ་མདོར་བསྟན་པ་ལེའུ་བཅུ་གཉིས་པས་སྟོན་ནོ། །ཟིན་ཆགས་མེད་པ་སྤྱོད་པ་སྟོན་པའི་ལེའུ་གསུམ་སྟེ། དངོས་གྲུབ་སྒྲུབ་པའི་སྤྱོད་པ་ལྔ་ལས། ཚོགས་སྒྲུབ་ཀྱི་སྤྱོད་པ་ནི་བཅུ་གཅིག་པ་དང་བཅུ་གཉིས་པས་སྟོན་ནོ། །བཀོད་པ་དཀྱིལ་འཁོར་སྟོན་པའི་ལེའུ་དྲུག་སྟེ། ཞི་བ་རང་བཞིན་གྱི་


JKT006_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དང་པོས། སྐུའི་དཀྱིལ་འཁོར་དྲུག་པས། ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་བཅོ་ལྔ་པས། ལྷག་པ་ཏིང་འཛིན་གྱི་དཀྱིལ་འཁོར་བཅུ་བདུན་པས། ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དགུ་པས། ཚོགས་ཀྱི་དཀྱིལ་འཁོར་བཅུ་གཅིག་པ་དང་བཅུ་གཉིས་པས་སྟོན་ནོ། ༈ །རིམ་པ་བགྲོད་པ་དབང་གི་ལེའུ་གཉིས་ཏེ། དབང་གི་དཀྱིལ་འཁོར། དེར་འཇུག་པ། སྣོད་དང་སྦྱར་ཏེ་བསྐུར་ཚུལ་སོགས་དགུ་པས། བསྐུར་ཐབས་དངོས་བཅུ་པས་སྟོན་ནོ། ༈ །མི་འདའ་བ་དམ་ཚིག་སྟོན་པའི་ལེའུ་གཅིག་སྟེ་བཅུ་དགུ་པའོ། ༈ །རོལ་པ་ཕྲིན་ལས། དགུ་པར་མེའི་སྒོ་ནས་ཕྲིན་ལས་བྱ་ཚུལ་ཟུར་ཙམ་དང་། གཙོ་བོར་ཉི་ཤུ་པས་སྟོན། ༈ །དོན་དུ་གཉེར་བ་བསྒྲུབ་པ་ནི། ལེའུ་བརྒྱད་ཀྱིས་སྟོན་ཏེ། ལྔ་པས་བསྒྲུབ་པར་བྱ་བ་དངོས་གྲུབ་ཀྱི་རྣམ་གྲངས། སྒྲུབ་ཐབས་ལ་རིམ་པ་གཉིས་ལས། བསྐྱེད་རིམ་ནི་ལེའུ་བཞི་པ་ལས་ཞི་བའི་རྒྱུ་ཡི་ས་བོན་དང་། དྲུག་པ་ལས་བསྐྱེད་བྱ་རྟེན་དང་བརྟེན་པའི་དཀྱིལ་འཁོར། བདུན་པས་བསྐྱེད་པ་རྐྱེན་གྱི་སྔགས། བརྒྱད་པ་ལས་ཕྱག་རྒྱ་བཞི་པ་རྒྱས་གདབ་པ། ཚུ་བཅུ་དྲུག་པ་ཁྲོ་བོའི་བསྐྱེད་སྔགས་དང་། བཅུ་བདུན་པར་བསྐྱེད་བྱ་ཁྲོ་བོའི་དཀྱིལ་འཁོར་རོ། །རྫོགས་རིམ་ནི་ལེའུ་བཅུ་གསུམ་པས་སྟོན་ནོ། ༈ །མི་གཡོ་བ་ཏིང་ངེ་འཛིན་ནི། མཚན་བཅས་བསྐྱེད་རིམ་ནས་


JKT006_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ཞིང་། མཚན་མེད་ལྟ་བ་དང་འབྲེལ་ལོ། ༈ །གནས་སུ་སྟོབ་པ་མཆོད་པ་སྟོན་པའི་ལེའུ་ལྔ་སྟེ། ཞི་བ་ཕྱག་རྒྱའི་མཆོད་པ་བརྒྱད་པས། ལྷག་པ་ཏིང་འཛིན་གྱི་མཆོད་པ་དགུ་པས། གླུ་ཡེ་ཤེས་རྒྱན་གྱི་མཆོད་པ་བཅུ་བཞི་པས། སྦྱོར་སྒྲོལ་དམ་རྫས་ཀྱི་མཆོད་པ་བཅོ་བརྒྱད་པས། ཁྲོ་བོ་གཏུམ་ཆེན་གྱི་མཆོད་པ་ལེའུ་ཉེར་གཅིག་པས་སྟོན་ནོ། །འཆི་ཟློས་སྔགས་དང་ཕྱག་རྒྱ་ལས། ཟློས་པ་སྔགས་སྟོན་པའི་ལེའུ་གཉིས་ཏེ། ཞི་སྔགས་བདུན་པ་དང་། ཁྲོ་སྔགས་བཅུ་དྲུག་པས། འཆིང་བ་ཕྱག་རྒྱ་ནི་ལེའུ་བརྒྱད་པས་སྟོན་ནོ། །དེ་དག་ཀྱང་བསྡུ་བ་རགས་རིམ་ཙམ་སྟེ། ལེའུ་སོ་སོ་ནས་ཐོར་བུ་དུམ་ཀ་སྟོན་པ་རྣམས་བསྡུ་ན་ཧ་ཅང་ཡི་གེ་མང་བར་འགྱུར་པའི་ཕྱིར་མ་སྤྲོས་སོ། །གསུམ་པ་གཏན་ལ་དབབ་པ་ལ། དགོས་ཆེད། ངོ་བོ། སྒྲ་དོན། རྣམ་གྲངས་སོ། །དང་པོ་ནི། དངོས་སུ་ལམ་རྒྱུད་རྟོགས་ཤིང་། བརྒྱུད་ནས་དོན་གཉིས་མངོན་དུ་བྱེད་པའི་དགོས་པ་ཡོད་དོ། །གཉིས་པ་ནི། ལམ་དང་། དེའི་ཆ་རྐྱེན་རྣམས་ཏེ་འོག་ཏུ་འཆད་དོ། །གསུམ་པ་ནི། རྒྱུད་ནི་སྔར་བཤད་གྲུབ་ཅིང་། དོན་ནི་བྱ་བའི་སྒྲ་བྱེད་པ་ལ་ཞུགས་པ་སྟེ། ཤེས་བྱ་དང་ཐོབ་བྱ་ནི་དོན་ཡིན་ལ། དེ་ལམ་འདིས་ཤེས་ཤིང་ཐོབ་པར་བྱེད་པའི་དོན་ཏེ། ཁོག་གཞུང་ལས། རྒྱུད་དོན་ཚངས་དང་དོན་འབྲེལ་བས། །རང་བཞིན་རྒྱུད་ཀྱི་མིང་དུ་གྲགས། །མཚོན་བྱེད་རྒྱུད་


JKT006_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་བཞིན་ནོ། །ཞེས་སོ། །བཞི་པ་ནི། དེ་ཉིད་ལས། རྒྱུད་དོན་ལམ་དང་ཡན་ལག་སྟེ། །ཞེས་པས། ཤེས་འཇུག་གི་དངོས་གཞིར་གྱུར་པ་ལམ་གྱི་ངོ་བོ་དང་། དེའི་གྲོགས་ཡན་ལག་ཏུ་འདུག་པ་ནི་ཆ་རྐྱེན་ཏེ་གཉིས་སོ། །དེ་ལ་ཆ་རྐྱེན་སྔོན་ལ་འཆད་ན་བདེ་བར་མངོན་པས་ལྟ་བ་སོགས་རེ་རེ་ལའང་དགོས་ཆེད། ངོ་བོ། སྒྲ་དོན། རྣམ་གྲངས། མ་རྟོགས་པའི་སྐྱོན། རྟོགས་པའི་ཡོན་ཏན་ཏེ་དྲུག་རེའི་སྒོ་ནས་རྒྱས་པར་བསྙད་དོ། །སརྦ་མངྒ་ལཾ།།


previousསྒྱུ་འཕྲུལ་སྤྱི་དོན་གསང་བདག་ཞལ་ལུང་གི་བསྡུས་དོན།next