Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
རྒྱུད་དང་མན་ངག་འཆད་ཚུལ་གྱི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱུད་དང་མན་ངག་འཆད་ཚུལ་གྱི་ཟིན་བྲིས། next

རྒྱུད་དང་མན་ངག་འཆད་ཚུལ་གྱི་ཟིན་བྲིས།


JKT006_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དང་མན་ངག་འཆད་ཚུལ་གྱི་ཟིན་བྲིས་བཞུགས། ན་མོ་གུ་རུ་བཛྲ་དྷཱ་རཱ་ཡ། སྤྱིར་ཁྲིད་གང་འཆད་ཀྱང་མཁས་པ་པཎྜི་ཏའི་དཔྱད་བསྒོམ་གྱི་དབང་དུ་བྱས་ནས་བཤད་བསྒོམ་ཆ་མཉམ་པའི་ཚུལ་གྱི་ཁྲིད་ལུགས་གཅིག་དང་། ཀུ་སཱ་ལིའི་འཇོག་བསྒོམ་གྱི་དབང་དུ་བྱས་ནས་བཤད་པ་བསྡུས་པ་སྔོན་གྱི་ལམ་འབྲས་པ་ཆེན་པོ་རྣམས་ལྟ་བུ་དང་བསྒོམ་པ་གཙོ་བོར་བྱས་ཏེ་ཉམས་སྐྱེ་ཁྲིད་ཀྱི་ལུགས་སུ་བྱས་པའི་ཁྲིད་ལུགས་གཅིག་དང་། བར་སྐབས་སུ་བྱོན་པའི་ལམ་འབྲས་པ་ངོར་པ་ཡབ་སྲས་རྣམས་ལྟ་བུ། བསྟན་པའི་རྒྱུན་ལ་ཕན་པའི་དབང་དུ་བྱས་ནས་ཁྲིད་མང་པོ་ལུང་ཁྲིད་ཀྱི་སྒོ་ནས་ཐོབ་ཁྲིད་དུ་ཁྲིད་གཅིག་ཉམས་ཁྲིད་ཀྱི་ཚུལ་དུ་ཐོབ་ནས་ཁྲིད་ཚུལ་མི་འདྲ་བ་མང་པོ་ལུང་མ་ཁྲིད་དུ་ནོད་པ་ལྟ་བུ། བྱས་པའི་ཁྲིད་ལུགས་གཅིག་སྟེ། ཁྲིད་འཆད་ལུགས་ལ་མི་འདྲ་བ་གསུམ་འབྱུང་བ་བཞིན་དུ་རྒྱུད་ཀྱི་བཤད་པ་བྱ་ཚུལ་ལ་ཡང་སྤྲོས་


JKT006_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དགའ་བ་པཎྜི་ཏའི་བཤད་ལུགས་ཀྱི་སྔོན་གྱི་འབྲོག་མིའི་ལོ་ཙཱ་བ་དཔོན་སློབ་རྣམས་དང་ས་སྐྱ་པ་གོང་མ་ཡབ་སྲས་དཔོན་སློབ་རྗེས་འབྲངས་དང་བཅས་པ་ལྟ་བུ། དབང་དུ་བྱས་ནས་རྒྱུད་གང་འཆད་ཀྱང་རྒྱུད་དེ་དང་དེའི་ཐོག་མཐའ་བར་གསུམ་གྱི་ཚིག་དོན་འཕྲོས་དོན་དཀའ་གནས་དང་བཅས་པ་དཔོན་སློབ་གཉིས་ཀས་བསྐྱར་བཤད་ཟིན་ཐུན་དུ་བྱས་ནས་འཆད་པའི་ལུགས་གཅིག་དང་། ཡང་སྤྲོས་པ་ལ་མི་དགའ་བ་རྣལ་འབྱོར་ཀུ་སཱ་ལིའི་བཤད་ལུགས་ཀྱི་དབང་དུ་བྱས་ནས་རྒྱུད་ཀྱི་ཐོག་མཐའ་བར་གསུམ་གྱི་ཚིག་དོན་རྣམས་ལ་ལུང་བཤད་དང་ན་བཟའ་བྲག་ཕུག་པའི་དྲུང་དུ་ཆོས་རྗེ་བླ་མས་རྒྱུད་གསུམ་གསན་ཚུལ་རྗེ་ཀུན་དགའ་བཟང་པོའི་གསུང་རྒྱུན་ཆོས་རྗེ་དཔལ་གྱི་རྒྱུད་བཤད་སྔོན་འགྲོའི་ཟིན་བྲིས་ལས་འབྱུང་བ་ལྟ་བུ། དཀའ་གནས་དང་བསྡུས་དོན་རྣམས་དཔོན་སློབ་གཉིས་ཀས་བསྐྱར་བཤད་ཀྱི་སྒོ་ནས་འཆད་པའི་ལུགས་གཅིག་དང་། བསྟན་པའི་རྒྱུན་ལ་ཕན་པའི་དབང་དུ་བྱས་ནས་མ་འོངས་པའི་གདུལ་བྱ་ལས་འཕྲོ་ཅན་དོན་གཉེར་མཆོག་དང་ལྡན་པ་རྣམས་རྒྱུད་ཀྱི་འཆད་ཉན་དཔོན་སློབ་གཉིས་ཀས་བསྐྱར་བཤད་ཟིན་ཐུན་སོགས་ཀྱིས་གཏན་ལ་འབེབས་རུང་བ་ལུང་རྒྱུན་ཙམ་གྱིས་ཀྱང་རྒྱུད་ཀྱི་བཤད་ལུང་གི་རྒྱུན་མི་འཆད་པ་ལ་དགོངས་ནས་མངའ་རིས་པའི་ཚིག་འབྲེལ། སྤྱི་ཅུ་པའི་བཀའ་འགྲེལ། གཉན་གྱི་མུ་ཏིག་ཕྲེང་བ་སོགས་རྗེ་ས་ཆེན་གྱི་བཀའ་འབུམ་གྱི་ཁྲོད་དུ་བཞུགས་སུ་གསོལ་བ་ལྟ་བུ། ཙམ་ལ་དགོངས་ནས། རྒྱུད་མང་པོའི་ཐོག་མཐའ་བར་གསུམ་གྱི་


JKT006_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དོན་ཐམས་ཅད་ལུང་བཤད་ཁོ་ནས་འཆད་པའི་ལུགས་གཅིག་དང་བཅས་པའི་རྒྱུད་འཆད་ལུགས་ཀྱང་མི་འདྲ་བ་གསུམ་ཡོད་པ་ལགས་སོ། །ཞེས་པ་འདི་བླ་མ། རྗེ་བཙུན་དཀོན་མཆོག་ལྷུན་གྲུབ་སོགས་བརྒྱུད་པ་དང་བཅས་པའི་གསུང་དང་། རྗེ་བཙུན་གོང་མ་རྣམས་ཀྱི་གསུང་རབས་ཀྱི་དགོངས་པའི་གནད་བླངས་ཏེ་སྙོམས་ལས་ཀུན་དགའ་མཆོག་ལྡན་གྱིས་ཡི་གེར་བཀོད་པའོ། །སརྦ་མངྒ་ལཾ། །འདི་ལྟ་བུའི་རྒྱུད་དང་མན་ངག་འཆད་ཚུལ་གྱི་ཡིག་ཆུང་ཁྱད་པར་ཅན་འདི་ནི། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་བཞིན་དེའི་དངོས་ཀྱི་སློབ་མ་རྗེ་ཀུན་དགའ་མཆོག་ལྡན་གྱིས་ཟིན་བྲིས་སུ་མཛད་པ་ལས་དུས་ཕྱིས་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་དག་པར་བྲིས་པའོ།


previousརྒྱུད་དང་མན་ངག་འཆད་ཚུལ་གྱི་ཟིན་བྲིས། next