Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
དཔལ་ཀྱེ་རྡོ་རྗེའི་རྒྱུད་གསུམ་གྱི་སྐབས་ལ་ཉེ་བར་མཁོ་བའི་ཡིག་ཆ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཀྱེ་རྡོ་རྗེའི་རྒྱུད་གསུམ་གྱི་སྐབས་ལ་ཉེ་བར་མཁོ་བའི་ཡིག་ཆ།next

དཔལ་ཀྱེ་རྡོ་རྗེའི་རྒྱུད་གསུམ་གྱི་སྐབས་ལ་ཉེ་བར་མཁོ་བའི་ཡིག་ཆ།


JKT006_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲཱི་ཧེ་བཛཱ་ཡ། དཔལ་ཀྱེ་རྡོ་རྗེའི་རྒྱུད་གསུམ་གྱི་སྐབས་ལ་ཉེ་བར་མཁོ་བའི་ཡིག་ཆ་ལ། དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་བརྒྱུད་འདེབས། ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་བརྒྱུད་འདེབས་ལམ་རིམ་སྨོན་ལམ་དང་བཅས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་ཀྱེ་རྡོར་རྒྱུད་ཀྱི་བྱུང་ཚུལ་དང་། བླ་མའི་རྣམ་ཐར། དེའི་འགྲེལ་པ་དུ་ཡོད་ཀྱི་དཀར་ཆག་གུ་གེ་པཎྜི་ཏའི་གསལ་བྱེད་དང་བཅས་པ། བསོད་ནམས་རྩེ་མོའི་རྒྱུད་སྡེ་སྤྱི་རྣམ། དེའི་དོན་ཚིགས་བཅད་ལ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཚུལ་གསུམ་དང་པོ་གསུམ་མཛེས་རྒྱན། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཚུལ་བཞི་པ་རྒྱུད་ཀྱི་མངོན་རྟོགས་ལྗོན་ཤིང་། དེའི་དོན་རྒྱས་པར་ཕྱེ་བ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་གོང་མའི་དགོངས་རྒྱན། བསྡུས་ཏེ་ཚིགས་སུ་བཅད་པ་ལྗོན་ཤིང་མཛེས་རྒྱན། མཛེས་རྒྱན་གྱི་སྔོན་འགྲོའི་བཤད་པ་བློ་གསལ་རབ་དགའ་དཔལ་


JKT006_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དོན་གྲུབ་ནས་མཛད་པ། རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་བརྒྱུད་ཚུལ་སོགས་ཀྱི་ཚིགས་བཅད་དོན་བརྡ་འགྲོལ་ངེས་པའི་དཔལ་སྟེར་བསོད་ནམས་སེང་གེས་མཛད་པ། འདི་ལ་གུང་རུ། གུ་གེ་པཎྜི་ཏ་སོགས་བཤད་ཚུལ་མི་འདྲ་བ་མང་། ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཚུལ་དང་པོ་གསུམ་གྱི་རྣམ་གཞག་ཉེ་བར་བསྡུས་པ་རྒྱུད་གསུམ་ལ་འཇུག་པའི་སྒོ། མངོན་རྟོགས་ཉེ་བར་བསྡུས་པ་རྒྱུད་གསུམ་སྙིང་པོའི་ལེགས་བཤད་རྣམས་དང་། གཞན་ཡང་མངོན་རྟོགས་སྐབས་སུ་ཉེ་བར་མཁོ་བ་ལ། ཀུན་མཁྱེན་བསོད་ནམས་སེང་གེའི་དབང་ཆུ་ཆེན་མོའི་རྣམ་བཤད། ངོར་ཆེན་གྱིས་མཛད་པའི་སྒྲུབ་ཐབས་དང་གཏོར་མ་ཆོ་གའི་རྣམ་པར་བཤད་པ། མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་སྦྱིན་སྲེག་གི་རྣམ་བཤད། འཇམ་མགོན་ཨ་མེས་ཞབས་ཀྱི་རབ་གནས་ཀྱི་རྣམ་བཤད། རྗེ་བཙུན་གྲགས་པས་མཛད་པའི་རྩ་ལྟུང་དང་ཧེ་རུ་ཀའི་ཆོས་དྲུག་གི་རྣམ་བཤད་རྣམས་ཀྱིས་སྤྱིའི་དོན་ངེས་པར་བྱས་ནས། བྱེ་བྲག་ཏུ་རྩ་བའི་རྒྱུད་བརྟག་པ་གཉིས་པ་འཕགས་པ་རིན་པོ་ཆེའི་གསུང་མཚན་དང་བཅས་པ། དེའི་འགྲེལ་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་དག་ལྡན། དེའི་ལུང་འགྲེལ་ཁ་སྐོང་ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ། ངག་དབང་ཆོས་གྲགས་ཀྱིས་མཛད་པའི་རྒྱུད་གསུམ་དངོས་གཞིའི་བཤད་པ་ཁོག་


JKT006_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཕུབ་གནད་ཀྱི་ལྡེའུ་མིག་ཅེས་སོ་སོའི་བསྡུས་དོན། བརྟག་གཉིས་ཀྱི་ཚིག་དོན་རྒྱས་པར་འཆད་པའི་ཊཱི་ཀ་བདུད་རྩིའི་ཆུ་རྒྱུན། དེ་དང་མཐུན་པའི་ས་བཅད་ཁོ་བོས་བགྱིས་པ། སྨོན་ལམ་སྐབས་དབང་བཞི་དང་སྦྱར་བའི་འཆད་སྲོལ་སྨོན་ལམ་དུ་གནང་བ་ཀུན་མཁྱེན་བསོད་ནམས་སེང་གེའི་གསུང་། བཤད་རྒྱུད་རྡོ་རྗེ་གུར་རྗེ་བཙུན་གྱི་གསུང་མཚན་དང་བཅས་པ། དེའི་འགྲེལ་པ་གྲགས་པས་མཛད་པ་གུར་གྱི་རྒྱན། ཆ་མཐུན་རྒྱུད་སཾ་བུ་ཊ་ས་པཎ་གྱི་མཚན་དང་བཅས་པ། དེའི་འགྲེལ་པ་སློབ་དཔོན་བསོད་ནམས་རྩེ་མོས་མཛད་པ་གནད་ཀྱི་གསལ་བྱེད་རྣམས་དང་། རྒྱུད་དང་མན་ངག་གི་འཆད་ཚུལ་ཟིན་བྲིས་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རྒྱུན། རྒྱུད་སྡེ་སྤྱིའི་རྣམ་གཞག་བློ་གསལ་ངག་གི་འདོད་འཇོ་ཁོ་བོས་བྱས་པ་བཅས་སོ། །འདི་རྣམས་ཀྱི་ལུང་རྒྱུན་གང་ཡོད་ལེགས་པར་མཉན་ནས་རང་སྟོབས་ཀྱི་མཐུས་ཞིབ་ཏུ་དཔྱད་པས་ཚིག་དོན་གྱི་སྒྲོ་འདོགས་ཕལ་ཆེར་ལེགས་པར་ཆོད་ནས། སླར་ཡང་རྗེ་བཙུན་གོང་མ་ལྔ་དང་། ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་གསུང་རབ་ལ་ཡང་ཡང་འདྲིས་པར་བྱས་པས་རྒྱུད་གསུམ་མན་ངག་དང་བཅས་པའི་དོན་ལ་བློ་བྲོས་ཀྱི་སྣང་བ་ཕྱིན་ཅི་མ་ལོག་པ་རྒྱས་པར་འགྱུར་རོ། །གཞན་དུ་རང་ལུགས་ཀྱི་བླ་མ་གོང་མ་རྣམས་ཀྱིས་མཛད་པའི་རྣམ་བཤད་བླ་མ་དམ་པའི་ཉི་ཟེར་སོགས་དང་ཟིན་བྲིས་ཀྱི་ཚོགས་རབ་ཏུ་མང་པོ་


JKT006_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཞིང་། ལུགས་གཞན་བརྟག་གཉིས་ཀྱི་འགྲེལ་པ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པ་དང་། མར་པ་ལོ་ཙཱ་བས་མཛད་པའི་ལེའུ་ལྔ་པ་ཡན་གྱི་འགྲེལ་པ་ལས། རྔོག་སྟོན་ཆོས་སྐུ་རྡོ་རྗེའི་གསུང་རྒྱུན་བསྣན་ནས་རྔོག་མདོ་སྡེས་རྒྱས་པར་བྱེད་དེ་འགྲེལ་པ་རིན་ཆེན་རྒྱན་འདྲ་སོགས་ཀྱི་ལུང་རྒྱུན་ཀྱང་ཐོས་ཤིང་། ཀུན་མཁྱེན་བུ་སྟོན་རིན་པོ་ཆེ། ཀརྨ་པ་རང་བྱུང་རྡོ་རྗེ། གྲུབ་ཆེན་གླིང་རས་པདྨ་རྡོ་རྗེ། འབྲུག་པ་པདྨ་དཀར་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་ཀྱིས་མཛད་པའི་ཡིག་ཆ་མང་དུ་མཐོང་མོད། རྗེ་བཙུན་འཁྲུལ་པའི་དྲི་མ་ཟད་པ་འཇམ་མགོན་ས་སྐྱ་པ་ཡབ་སྲས་ཀྱི་བཤད་སྲོལ་ནི་གོང་དུ་སྨོས་པ་དེ་རྣམས་ཀྱིས་རྟོགས་ནུས་པའི་ཕྱིར་འདིར་མ་བྲིས་སོ། །ཞེས་པའང་རྒྱུད་གསུམ་མན་ངག་དང་བཅས་པའི་གཞུང་ལུགས་ལ་ཤིན་ཏུ་དད་ཀྱང་། ཡུལ་དང་། དུས་དང་། གང་ཟག་གང་གི་སྒོ་ནས་ཀྱང་ཕུན་སུམ་ཚོགས་པ་མ་ཡིན་པའི་གནས་སྐབས་སུ་སྐྱེས་པས་རྒྱུད་དོན་གྱི་བཤད་སྲོལ་རྒྱས་པར་ཐོས་པའི་སྤྱོད་ཡུལ་དུ་མ་གྱུར་མོད། སྔར་སྨོས་པ་རྣམས་ཀྱི་ལུང་རྒྱུན་གང་བཞུགས་མཉན་ནས། ཡིག་ཆ་དེ་ཀུན་འབད་པས་བཙལ་ཏེ་བསམ་མནོས་ཞུན་མཐར་ཅུང་ཟད་བྱས་པའི་སྐལ་བཟང་ཙམ་ཉམས་སུ་མྱོང་བ། རིས་མེད་པའི་བསྟན་པ་ཐམས་ཅད་ལ་སྙིང་ནས་དད་པའི་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་བྲིས་པ་རྒྱུད་དོན་རྟོགས་པའི་བློ་གྲོས་མཆོག་ཏུ་དགེ་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།


previousདཔལ་ཀྱེ་རྡོ་རྗེའི་རྒྱུད་གསུམ་གྱི་སྐབས་ལ་ཉེ་བར་མཁོ་བའི་ཡིག་ཆ།next