Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
ལམ་དུས་ཀྱི་གོ་དོན་རག་རིམ་འགའ་ཞིག་ཕལ་སྐད་དུ་གོ་བདེར་བྲིས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལམ་དུས་ཀྱི་གོ་དོན་རག་རིམ་འགའ་ཞིག་ཕལ་སྐད་དུ་གོ་བདེར་བྲིས་པ། next

ལམ་དུས་ཀྱི་གོ་དོན་རག་རིམ་འགའ་ཞིག་ཕལ་སྐད་དུ་གོ་བདེར་བྲིས་པ།


JKT006_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུས་ཀྱི་གོ་དོན་རག་རིམ་འགའ་ཞིག་ཕལ་སྐད་དུ་གོ་བདེར་བྲིས་པ་བཞུགས། །སཱ་དྷུ་པ་བྱཧོ། བླ་མ་ལ་ཕྱག་འཚལ་ལོ། །དཔལ་ཀྱེ་རྡོ་རྗེའི་གཞི་བསྙེན་སྐབས། སྤྱིར་བཀླགས་པས་ཀུན་ཤེས་སོགས་ལས་ལྟ་རྟོགས་ཀྱིས་གོ་དོན་ཅི་ཤེས་གལ་ཆེ་བ་ལས་ཡི་གེར་བྲི་ཚོད་མ་བྱུང་ཡང་། མདོར་བསྡུས་གོ་དོན་གལ་ཆེ་བ་འདི་ལྟར་ངེས་པར་བྱ་སྟེ། ད་རེས་རྙེད་དཀའ་ཞིང་རྙེད་ན་དོན་ཆེན་པོ་


JKT006_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ལྟ་བུ་ཐོབ་ཀྱང་། འཆི་ངེས་ཤིང་ནམ་འཆི་ཆ་མེད། ཤི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན། འཆི་ནས་འཁོར་བ་མཐོ་དམན་གར་སྐྱེས་ཀྱང་སྡུག་བསྔལ་ཁོ་ནའི་རང་བཞིན་ལས་མ་འདས་པས། ད་རེས་སྡུག་བསྔལ་ཅན་གྱི་འཁོར་བ་དེ་ལས་ཅི་ནས་ཀྱང་ཐར་བ་ཞིག་བྱ། དེ་ཡང་རང་གཅིག་པུ་ཐར་པས་མི་ཕན། སེམས་ཅན་ཐམས་ཅད་ཕ་མ་མ་བྱས་པ་གཅིག་ཀྱང་མེད་པས། རང་གཞན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་དགོས་པས། ད་རེས་སངས་རྒྱས་འགྲུབ་པའི་རྒྱུ་ཡི་གཙོ་བོ་དཔལ་ཀྱེ་རྡོ་རྗེའི་བསྙེན་སྒྲུབ་ཟབ་མོ་བགྱི་སྙམ་པ་ཐུན་ཐམས་ཅད་ཀྱི་མགོར་ཡང་ཡང་བསམ་པ་གལ་ཆེ། དེ་ནས་སྐྱབས་སུ་འགྲོ་བའི་སྐབས། གནས་ཁང་དང་ས་ཕྱོགས་ཐམས་ཅད་བདེ་བ་ཅན་ལྟ་བུ་དག་པའི་ཞིང་ཁམས་སུ་གསལ་བཏབ་རང་གི་མདུན་དུ་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་དང་། ལོ་འདབ་དང་། མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་དབུས་སུ་རྩ་བའི་བླ་མ་དང་ཀྱེ་རྡོ་རྗེ་དབྱེར་མེད་པ་ལྷ་མོ་བརྒྱད་ཀྱིས་བསྐོར་བ། དེའི་རྒྱབ་ཏུ་ཆོས་དཀོན་མཆོག་གླེགས་བམ་བྲག་རི་བརྩེགས་པ་ལྟ་བུ་གསལ་བཏབ། དེ་ཡང་དབུས་ཀྱི་བླ་མ་དང་དབྱེར་མེད་པ་ནི་སངས་རྒྱས་དཀོན་མཆོག །རྒྱབ་ཀྱི་པུསྟི་ཆོས་དཀོན་མཆོག །འཁོར་གྱི་ལྷ་མོ་བརྒྱད་དགེ་འདུན་དཀོན་མཆོག་ཐམས་ཅད་


JKT006_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་ངོ་བོ་ཡིན་སྙམ་དུ་མོས་པ་བྱ། དེའི་མདུན་དུ་རང་དང་། རང་གི་ཕ་མ་གཉིས་ཀྱིས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་འཁོད་ནས་སངས་རྒྱས་མ་ཐོབ་བར་དུ་ཅི་མཛད་དཀོན་མཆོག་གསུམ་པོ་ཁྱེད་མཁྱེན་སྙམ་པའི་མོས་གུས་གསོལ་འདེབས་ཀྱི་ངང་ནས་སྐྱབས་འགྲོ་ཅི་ནུས་དང་། མཐར་སྐྱབས་གསོལ་བྱས་པས། འཁོར་དགེ་འདུན་དཀོན་མཆོག་འོད་དཀར་པོར་ཞུ་ནས་རང་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་ཐིམ། ཆོས་འོད་དམར་པོར་ཞུ་ནས་མགྲིན་པར་ཐིམ། གཙོ་བོ་ཀྱེ་རྡོ་རྗེ་འོད་སྔོན་པོར་ཞུ་ནས་སྙིང་གར་ཐིམ་པས་ལུས་ངག་ཡིད་གསུམ་དཀོན་མཆོག་གསུམ་གྱི་ངོ་བོར་བྱིན་གྱིས་རློབས་སོང་སྙམ་པའི་མོས་པ་བྱ། སེམས་བསྐྱེད་སྐབས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ་བདག་གི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་དུས་ཀྱི་ཉམས་ལེན་བྱའོ་སྙམ་པ་བྱ། རྡོར་སེམས་སྐབས། རང་གི་སྤྱི་བོར་རྡོར་སེམས་བསྒོམ་ཚུལ་སོགས་ངག་འདོན་ལྟར་ལ། བཟླས་པའི་སྐབས། རྡོར་སེམས་ཡབ་ཡུམ་གྱི་སྐུ་ལས་བདུད་རྩིའི་རྒྱུན་འོ་མའི་མདོག་ལྟ་བུ་དཔག་ཏུ་མེད་པ་བྱུང་། རང་གི་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ནད་ཐམས་ཅད་རྣག་ཁྲག །གདོན་ཐམས་ཅད་སྲོག་ཆགས། སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་རྐང་


JKT006_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་གཉིས་དང་། གཤང་ལམ་དང་། ཆུ་ལམ་རྣམས་ནས་ཕྱིར་ཐོན་པས་རང་གི་རྒྱུད་ལ་སྔར་ཡོད་པའི་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ལྷག་མེད་དུ་དག །དེ་ནས་ལུས་ཀྱི་ནང་ཐམས་ཅད་བདུད་རྩི་དཀར་པོས་ཤེལ་བུམ་ཞོ་ཡིས་གང་བ་ལྟར་སྐྱ་མེར་གྱིས་ཁེངས་པས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རང་གི་རྒྱུད་ལ་ཞུགས་པར་བསམས་ལ། དེ་ལྟ་བུའི་དམིགས་པ་ཡང་ནས་ཡང་དུ་མ་ཡེངས་པའི་ངང་ཡིག་བརྒྱ་བཟླ། ཚོགས་བསགས་སྐབས། རྡོར་སེམས་རང་ལ་ཐིམ་པའི་རྐྱེན་གྱིས་རང་སྐད་ཅིག་གིས་ཀྱེ་རྡོ་རྗེའི་སྐུར་གྱུར། དེའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཚོགས་ཞིང་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་ནས་རང་གི་ལུས་གྲངས་མེད་པར་སྤྲུལ་ནས་ཕྱག་འཚལ། སྙིང་ག་ནས་ལྷ་མོ་བརྒྱད་སྤྲུལ་ནས་མཆོད་པ་ཕུལ། རྒྱུན་བཤགས་དང་སྡོམ་བཟུང་ལན་གསུམ་བྱས་པས་རང་གི་རྒྱུད་ལ་སྔར་ཐོབ་པའི་དམ་ཚིག་དང་སྡོམ་པ་ཐམས་ཅད་གོང་འཕེལ་དུ་བྱས་པར་བསམས། ཚད་མེད་བཞི་བསྒོམ་སྐབས། རང་གི་སྙིང་ག་ནས་འོད་ཟེར་སྔོན་པོའི་རྩེ་ལ་པུཀྐ་སཱི། དཀར་པོའི་རྩེ་ལ་རི་ཁྲོད་མ། དམར་པོའི་རྩེ་ལ་གདོལ་པ་མོ། འོད་སྣ་ལྔའི་རྩེ་ལ་གཡུང་མོ་རྣམས་འཕྲོས་པས། སེམས་ཅན་ཐམས་ཅད་ཚད་མེད་བཞིའི་ངོ་བོ་ལྷ་མོ་བཞིའི་གོ་འཕང་ལ་བཀོད་པར་བསམས།


JKT006_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་འཁོར་སྐབས། ཤུ་ནྱ་ཏའི་སྔགས་བརྗོད་པ་དང་མཉམ་དུ་ཆོས་ཐམས་ཅད་རང་གི་སེམས་སུ་ཐག་བཅད། སེམས་དེ་ཡང་སྒྱུ་མ་ལྟ་བུ་རང་བཞིན་མ་གྲུབ་ཅིང་། བློ་ལས་འདས་པར་བསམས་ལ་དེའི་ངང་དུ་མཉམ་པར་བཞག །དེ་ནས་དེའི་ངང་ལས་སྣ་ཚོགས་རྡོ་རྗེའི་གུར་གཞུང་ལྟར་གསལ་གདབ་པ་སྟེ། དེ་ཡང་དབྱིབས་ལྕགས་རྨོག་ཁ་སྦུབ་པ་ལྟ་བུ་བར་མཚམས་ནས་བསྐལ་པའི་རླུང་ཡང་མི་ཐར་བར་བསམ། དེའི་ནང་དུ་ཐུན་མོང་མ་ཡིན་པའི་སྲུང་འཁོར་འཁོར་ལོ་སེར་པོ་རྩིབས་བཅུ་པ་སིལ་སྙན་ཁ་སྦྱར་བ་ལྟ་བུའི་ནང་དུ་ཁྲོ་བོ་བཅུ་གཅིག་གཞུང་ལྟར་གསལ་གདབ། དབང་བསྐུར་རྒྱས་གདབ་པ་སོགས་གྲུབ་ནས། རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བ་སྤུའི་བུ་ག་ཐམས་ཅད་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པས་གཏམས་པའི་མཐར། ཐུགས་ཀའི་ཧཱུཾ་དེ་རྡོ་རྗེ་སྔོན་པོ་རྩེ་ལྔ་པར་གྱུར་པའི་ལྟེ་བའི་ནང་དུ་རང་སེམས་ཀྱི་ངོ་བོ་ཡི་གེ་ཧཱུྃ་མཐིང་ག །ཧཱུཾ་དེའི་ཀླད་ཀོར་གྱི་ནང་དུ་རྩ་བའི་བླ་མ་མི་བསྐྱོད་པའི་རྣམ་པ་ཅན། གཞན་སྲུང་དགོས་གང་ཡོད་ཐམས་ཅད་ཧཱུྃ་གི་མཐའ་སྐོར་དུ་ཡོད་པ་གསལ་བཏབ་ནས་དེ་དངོས་ཡིན་སྙམ་པའི་མོས་པ་བྱ། ཧཱུྃ་ལན་གསུམ་བརྗོད་པའི་དང་པོའི་ཚེ་བསྲུང་བྱ་རྣམས་གསལ་བཏབ། གཉིས་པའི་ཚེ་འཁོར་ལོའི་རྩིབས་ལ་བར་ཆད་བྱེད་པའི་དགྲ་བགེགས་ཐམས་


JKT006_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བཀུག །གསུམ་པའི་ཚེ་འཁོར་ལོ་གཡོན་དུ་འཁོར་བས་བར་ཆད་ཐམས་ཅད་རྡུལ་དུ་བརླག་པར་བསམས་ལ་སྔགས་བཟླ། ༈ །དེ་ནས་དངོས་གཞི་ལ། གཞལ་ཡས་ཁང་བསྐྱེད་པ། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ། འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པ། ཡེ་ཤེས་པ་དགུག་གཞུག་སོགས་ངག་འདོན་ལྟར་གསལ་ཅི་ཐེབས་བྱ། ཡེ་ཤེས་པ་རང་ལ་ཐིམ་པའི་རྐྱེན་གྱིས་ལུས་དཀྱིལ་གསལ་གདབ། དེ་ཡང་བསྐྱེད་རིམ་གང་བསྒོམས་ཀྱང་རྣམ་པ་གསལ་བ་བར་སྣང་དུ་འཇའ་ཚོན་ཤར་བ་ལྟ་བུ། སྣང་བཞིན་དུ་སྟོང་པ། སྟོང་བཞིན་དུ་སྣང་བ། སྣང་སྟོང་ཟུང་འཇུག་རང་བབས་ཀྱིས་གསལ་ཅི་ཐེབས་བྱ། མཐར་གསལ་ཐེབས་སོང་སྙམ་པའི་དགའ་སྤྲོ་དང་། མ་ཐེབས་སོང་སྙམ་པའི་དོགས་པ་སོགས་རེ་དོགས་གང་ཡང་མི་བྱ་བར། གསལ་ཐེབ་རུང་མ་ཐེབ་རུང་ལྷ་གང་གསལ་གདབ་པ་དེ་དངོས་ཡིན་སྙམ་པའི་མོས་པ་བརྟན་པོ་བྱ་བ་གལ་ཆེ། དེ་ནས་དབང་བླང་བའི་སྐབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྩ་བའི་བླ་མ་མི་བསྐྱོད་པའི་མདུན་དུ་དབང་རྫས་རྣམས་ཀྱང་དངོས་སུ་བཤམས་ཡོད་པའི་མོས་པ་བྱ། དབང་བླང་བའི་ཚེ་བླ་མའི་ཐུགས་ཀ་ནས་ལས་ཀྱི་རྡོ་རྗེ་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པས་དབང་རྫས་རྣམས་གཏད། བླ་མས་དབང་གི་ཚིག་གསུང་ཞིང་དབང་བསྐུར་བས་དབང་དེ་དང་དེ་རྣམས་ཐོབ་སོང་སྙམ་པའི་མོས་པ་བརྟན་


JKT006_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གལ་ཆེ། དེ་ནས་བདུད་རྩི་བྱིན་གྱིས་བརླབས་ལ་མྱོང་བས་མགྲིན་པའི་རྩ་ཁམས་བརྒྱུད་ལུས་ཀྱི་རྩ་ཐམས་ཅད་ལ་ཁྱབ་པས་ཟག་མེད་ཀྱི་བདེ་བ་སྐྱེས་པར་བསམ། རང་གི་སྙིང་ག་ནས་ལྷ་མོ་བརྒྱད་སྤྲོས་ནས། དཀར་མོ་རི་དྭགས་སོགས་ཀྱིས་རང་ཉིད་ལ་མཆོད། ཁྱོད་ནི་རྣལ་འབྱོར་མ་སོགས་ཀྱིས་བསྟོད་པར་བསམ། དག་པ་དྲན་པ་གཞུང་ལྟར་ལ། མདོར་བསྡུ་ན། རང་གིས་གསལ་བཏབ་པའི་དཀྱིལ་འཁོར་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་གང་ལ་གང་འདུལ་དུ་ཤར་བ་ཡིན་སྙམ་པའི་མོས་པ་བྱ། བཟླས་པའི་སྐབས། ཕྲེང་བ་བྱིན་གྱིས་བརླབས་ནས། ཡུམ་གྱི་ཐུགས་ཀའི་ཨོཾ་ཡིག་ལས་སྔགས་ཕྲེང་བོད་ཡིག་དབུ་ཅན་ཕྲེང་བ་ལྟ་བུ་ནར་གྱིས་བྱུང་། ཡབ་ཀྱི་ཞལ་དུ་ཞུགས། ཡབ་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ། ཡང་ཧཱུྃ་ལས་སྔགས་ཕྲེང་སྔར་བཞིན་བྱུང་། ཡབ་ཀྱི་གསང་གནས་ནས་ཡུམ་གྱི་གསང་གནས་སུ་ཞུགས། ཡུམ་གྱི་ཐུགས་ཀའི་ཨོཾ་ལ་ཐིམ། ཡང་ཨོཾ་ལས་སྔགས་ཕྲེང་སྔར་བཞིན་བྱུང་ནས་རྒྱུན་མི་འཆད་པར་འཁོར་བར་བསམས་ལ་བཟླ། ཡང་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་འཕྲོས། ལུས་ཀྱི་ནང་ཐམས་ཅད་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསམས་ལ་བཟླ། དེ་བཞིན་འོད་ཟེར་སེར་པོ་འཕྲོས་པས་ཚེ་བསོད་དཔལ་འབྱོར་ཤེས་རབ་ལ་སོགས་པ་རྒྱས་པར་བསམ། འོད་ཟེར་དམར་པོས་སྣོད་བཅུད་ཐམས་


JKT006_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དབང་དུ་བསྡུས། འོད་ཟེར་སྔོན་པོས་དགྲ་བགེགས་འབྱུང་པོ་ཐམས་ཅད་ཚར་བཅད། འོད་ཟེར་སྣ་ཚོགས་ཀྱིས་གང་འདོད་པའི་ལས་ཐམས་ཅད་འགྲུབ་པར་བསམས་ལ་བཟླ། ཡང་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པའི་རྩེ་ལས་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་འཕྲོས། སངས་རྒྱས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། དེ་དག་གི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཚུར་འདུས་རང་ལ་ཐིམ་པར་བསམ། ཡང་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བ་མོ་ལ་ཉི་མའི་ཟེར་གྱིས་ཕོག་པ་ལྟར་སངས་ཀྱིས་དག་པར་བསམས་ལ་བཟླ། ཡང་སྐབས་རེར། འཁོར་འདས་སྣོད་བཅུད་ཐམས་ཅད་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན་གསལ་བཏབ་ལ་བཟླ། སྐབས་རེར་རང་དང་སྣོད་བཅུད་ལྷར་གསལ་བ་སོགས་མདོར་ན་སྒྲ་སྐད་ཐམས་ཅད་དཔལ་ཀྱེ་རྡོ་རྗེའི་སྔགས་ཀྱི་སྒྲ་འུར་དིར་གྱིས་སྒྲོག་པར་བསམས་ལ་བཟླ། སྐབས་རེར་རང་སེམས་གསལ་སྟོང་ཟུང་འཇུག་མ་བཅོས་པའི་ངང་དུ་ལྷོད་ཀྱིས་གློད་ལ་བཟླ། མདོར་ན་ཡིད་གཞན་ལ་མ་ཡེངས་པའི་ངང་ནས་བཟླས་པ་བྱ་བ་གལ་ཆེ། ཁ་ཟས་ཟ་བའི་ཚེ། ཨོ་ཨཱཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ་ལུས་དཀྱིལ་གྱི་ལྷ་ཚོགས་མཆོད་པའི་མོས་


JKT006_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཟའ་བཏུང་བྱ། ནུབ་མོ་ཉལ་བའི་ཚེ། དཀྱིལ་འཁོར་རིམ་གྱིས་བསྡུས་ལ་སེམས་མ་བཅོས་པའི་ངང་དུ་གཉིད་དུ་འགྲོ་བར་བྱ། ནངས་པར་ལྡང་བའི་ཚེ། རང་སྐད་ཅིག་གིས་དཔལ་ཀྱེ་རྡོ་རྗེ་གསལ་བའི་ངང་དུ་ལང་། དེ་ནས་མདུན་གྱི་ནམ་མཁར་དབང་ལྷ་སྤྱན་དྲངས་ལ། བུམ་པའི་ཆུས་ཁྲུས་མཛད་པར་མོས་ལ། ཡིག་བརྒྱ་བཟླ་བཞིན་པས་བུམ་ཆུས་ཁ་བཤལ། དེ་ནས་སྐྱབས་འགྲོ་སོགས་ལ་རིམ་པར་འཇུག །དུས་དང་རྣམ་པ་ཐམས་ཅད་དུ་འཁོར་བ་ལ་ངེས་འབྱུང་། བླ་མ་ལ་དད་པ། སེམས་ཅན་ལ་སྙིང་རྗེ། ནམ་འཆི་ཆ་མེད་རྣམས་བསམས་ནས། ཚེ་ཕྱི་མའི་དོན་ཁོ་ནར་ཉམས་ལེན་ལ་རྩེ་གཅིག་ཏུ་འབད་འཚལ། །དེ་ལྟར་གང་དྲན་ཟིན་བྲིས་འདིས་ཀྱང་ལས་དང་པོ་པ་རྣམས་ལ་ཕན་ཐོག་པར་གྱུར་ཅིག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སོ།། ༈ །།ཐེག་པའི་སྤྱི་ཆིངས་ཀྱི་འགྲེལ་པ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་ལས། བྱ་བའི་རྒྱུད་ཀྱི་དོན་དམ་པའི་ལྟ་བ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་སྒྱུ་མ་རྨི་ལམ་ཙམ་དུ་ཆོས་ཅན་དངོས་པོར་སྣང་བ་འདི་རྣམས་དོན་ལ་སེམས་ཉིད་ཡིན་ཅིང་། སེམས་ཉིད་ཀྱང་གདོད་མ་ནས་སྟོང་ཞིང་སྐྱེ་བ་མེད་པ་དོན་དམ་པར་སྤྲོས་པའི་མཐའ་ཡོད་མེད་རྟག་ཆད་བཞི་དང་བྲལ་བ་ལས། ཀུན་རྫོབ་སྒྱུ་མའི་མཚན་ཉིད་དུ་སྣང་བའོ། །གཡུ་


JKT006_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ལས། རང་སེམས་མཐའ་བཞི་ཡོངས་བྲལ་བས། །རིག་ཕྱིར་ཡེ་ཤེས་གཞན་ན་ཡིན། །ཅེས་སོ། །ཀུན་རྫོབ་ཀྱི་ལྟ་བ་ནི། འཁྲུལ་པའི་རོལ་པ་ཅིར་སྣང་བ་དེ་ཉིད་དེ་བཞིན་གཤེགས་པ་རིགས་གསུམ་མགོན་པོའི་ངོ་བོ་ཉིད་ཡིན་ཏེ། ལྷ་དྲུག་གི་ཆོ་གས་བྱིན་གྱིས་བརླབས་ནས། རིགས་གསུམ་ལྷའི་དཀྱིལ་འཁོར་དུ་སྣང་བར་འདོད་པ། དཔེར་ན་འཇིམ་པ་འདེར་སོ་མ་ཡིན་ཀྱང་། འཇིམ་པ་ལས་གཞན་པའི་འདེར་སོ་མི་འབྱུང་། མཁར་ཆུ་ལུགས་སྐུ་མ་ཡིན་ཀྱང་། མཁར་ཆུ་ལས་གཞན་པའི་སྐུ་མི་འབྱུང་བ་བཞིན། དངོས་པོ་འདི་ལྟར་དུ་སྣང་བ་ཐམས་ཅད་རིགས་གསུམ་མགོན་པོའི་རྒྱུ་མ་ཡིན་ཀྱང་། དེ་ལས་གཞན་པའི་རིགས་གསུམ་མགོན་པོའི་རྒྱུ་མི་འབྱུང་བ་བཞིན་ཡིན་ཏེ། ལ་ཤུན་ལས། མཐོང་བའི་དངོས་པོ་མཐོ་འཇམ་རྩུབ། །དྲུག་བསྐྱེད་རིགས་ཀྱི་དཀྱིལ་འཁོར་དུ། །མཐོང་བ་ཇི་ལྟར་དག་ཅེས་བལྟ། །ཞེས་སོ། །དངོས་པོར་སྣང་བ་འདི་རྣམས་ཀྱང་། རིགས་གསུམ་མགོན་པོའི་སྐུ་མ་ཡིན་ཀྱང་། ལྟ་སྤྱོད་སྒོམ་གསུམ་གྱི་ངོས་ནས་སེམས་དག་པར་བྱས་ནས། མཁར་ཆུ་ལ་སྐུ་སྣང་བ་བཞིན། འཁྲུལ་པ་དག་པ་ཉིད་འཁྲུལ་པའི་ངོ་བོ་ཡེ་ནས་གནས་པར་འདོད་པའོ། །དཔེར་ན་ཆུ་དང་གཤེར་བ་ཇི་ལྟ་བ་བཞིན་ཡིན་ནོ། །ཞེས་གསུངས་སོ།།


previousལམ་དུས་ཀྱི་གོ་དོན་རག་རིམ་འགའ་ཞིག་ཕལ་སྐད་དུ་གོ་བདེར་བྲིས་པ། next