Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
མཎྜལ་སོ་བདུན་མའི་ལག་ལེན་དང་རྣམ་གཞག་ཅུང་ཟད་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཎྜལ་སོ་བདུན་མའི་ལག་ལེན་དང་རྣམ་གཞག་ཅུང་ཟད་བསྟན་པ།next

མཎྜལ་སོ་བདུན་མའི་ལག་ལེན་དང་རྣམ་གཞག་ཅུང་ཟད་བསྟན་པ།


JKT006_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་སོ་བདུན་མའི་ལག་ལེན་དང་རྣམ་གཞག་ཅུང་ཟད་བསྟན་པ་བཞུགས་སོ། །


JKT006_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཕྱག་འཚལ་ལོ། །མཎྜལ་གྱི་ལག་ལེན་ནི། ཐོག་མར་ཚོགས་ཞིང་གསལ་བཏབ་པའི་མདུན་དུ། སེམས་ཀྱི་རང་བཞིན་དྲི་མ་མེད་པ་མཚོན་ཕྱིར་མཎྜལ་ལེགས་པར་ཕྱིས་ལ། མེ་ཏོག་ཅུང་ཟད་། དང་བཅས་པའི་ལག་པ་གཡོན་པས་བཟུང་། ལག་པ་གཡས་པའི་མཐེབ་མཛུབ་ཀྱིས་མེ་ཏོག་བཟུང་། སོར་མོ་གཞན་རྣམས་བརྐྱངས་པར་དྲི་བཟང་དང་བ་བྱུང་གིས་བྱུགས་ཏེ་མཎྜལ་གྱི་མཐའ་ནས་གཡོན་སྐོར་: དུ་བྱུགས་པའམ། ཡང་ན་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རླན་དང་མ་བྲལ་བ་མཚོན་བྱེད་དུ་མཎྜལ་ཆག་ཆག་སྔོན་ནས་བཏབ་ནས་སྲིན་ལག་གིས་མཐའ་བསྐོར་བས་ཕྱིའི་མུ་ཁྱུད་ཀྱི་རྣམ་པ་བགྱིས་ཏེ། ཨོཾ་བཛྲ་བྷུ་མི་ཨཱཧཱུྃ། ཞེས་བརྗོད་པ་ན་མཎྜལ་གྱི་སྟེང་དུ་འབྱུང་བ་རིམ་བརྩེགས་ཀྱི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བ་དབང་ཆེན་གསེར་གྱི་ས་གཞི་དང་བཅས་པ་ལམ་གྱིས་བྱུང་བར་བསམ། ཨོཾ་བཛྲ་རེ་ཁེ་ཨཱཧཱུཾ། ཞེས་པས་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བའི་དབུས་སུ། ལག་པ་མ་བཏེག་པ་དེ་ཁའི་ཐོག་ནས་གཡས་པའི་མེ་ཏོག་བཞག་སྟེ་ཧཱུྃ་ཞེས་བགེགས་བསལ། སླར་ཡང་དེའི་སྟེང་དུ་ཚོམ་བུ་ཆེ་བ་གཅིག་བཀོད་ལ་རྒྱ་མཚོ་ཆེན་པོའི་དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ཤེལ། ལྷོ་བཻཌཱུརྨ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པ། ཤར་དུ་ཚོམ་བུ་བཀོད་ལ་ལུས་འཕགས་པོ་ཆུ་ཤེལ་གྱི་རང་བཞིན་ཟླ་གམ། ལྷོར་ཚོམ་བུ་བཀོད་ལ་


JKT006_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་བུ་གླིང་བཻཌཱུརྨ་སྔོན་པོ་ལས་གྲུབ་པ་སོག་ཁ། དེ་བཞིན་དུ་ཚོམ་བུ་རེ་རེ་འགོད་པ་དང་སྦྲགས་ནས། ནུབ་ཏུ་བ་ལང་སྤྱོད་པདྨ་རཱ་ག་ལས་གྲུབ་པ་ཟླུམ་པོ། བྱང་དུ་སྒྲ་མི་སྙན་གསེར་ལས་གྲུབ་པ་གྲུ་བཞི། གླིང་རྣམས་ཁ་ཕྱི་རོལ་དུ་གཏད་པའི་དབང་དུ་བགྱིས་ཏེ། ཤར་གྱི་གཡས་སུ་ལུས་དང་། གཡོན་དུ་ལུས་འཕགས། ལྷོའི་གཡས་སུ་རྔ་ཡབ་དང་། གཡོན་དུ་རྔ་ཡབ་གཞན། ནུབ་ཀྱི་གཡས་སུ་གཡོ་ལྡན་དང་། གཡོན་དུ་ལམ་མཆོག་འགྲོ། བྱང་གི་གཡས་སུ་སྒྲ་མི་སྙན་དང་། གཡོན་དུ་སྒྲ་མི་སྙན་གྱི་ཟླ་རྣམས་རང་རང་གི་གླིང་དང་རྒྱུ་དབྱིབས་མཚུངས་པ། ཤར་གླིང་གི་ནང་དུ་རིན་པོ་ཆེའི་རི་བོ་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ཅན་རྒྱ་དཔངས་ཚད་མེད་པ། ལྷོ་གླིང་གི་ནང་དུ་དཔག་བསམ་གྱི་ཤིང་གི་སྡོང་པོ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན། རྩ་བ་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་ཐམས་ཅད་ཕུན་སུམ་ཚོགས་པ་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འབྱུང་བའི་རང་བཞིན་ཅན། ནུབ་གླིང་གི་ནང་དུ་འདོད་འཇོའི་བ་དམར་སེར་གཟུགས་བཟང་ཞིང་ལྟ་ན་སྡུག་པ་འདོད་དགུ་འབད་མེད་དུ་འབྱུང་བ། བྱང་གླིང་གི་ནང་དུ་མ་རྨོས་པའི་ལོ་ཏོག་རོ་བཅུད་ཕུན་སུམ་ཚོགས་པ། རིན་པོ་ཆེའི་རི་བོའི་མདུན་དུ་འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཉི་མ་གཉིས་ལྟ་བུའི་འོད་ཟེར་འཕྲོ་བ། འདྲེན་


JKT006_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོའི་གང་ཟག་མེད་ཀྱང་རྫུ་འཕྲུལ་གྱི་ཤུགས་ཀྱིས་དཔག་ཚད་འབུམ་ཕྲག་གི་ལམ་ཉིན་གཅིག་ལ་གཅོད་པར་ནུས་པ། དེའི་མཐུའི་ནམ་མཁའི་ལམ་ལས་དཔུང་གི་ཚོགས་ཡན་ལག་བཞི་པ་གླིང་བཞི་དང་སུམ་ཅུ་རྩ་གསུམ་པའི་གནས་སུ་བདེ་བླག་ཏུ་འཁྲིད་པར་ནུས་པ། དཔག་བསམ་གྱི་ཤིང་གི་སྡོང་པོའི་མདུན་དུ་ནོར་བུ་རིན་པོ་ཆེ་བེཟླུརྒྱ་ཟུར་བརྒྱད་པ་དེ་ལས་འཕྲོས་པའི་འོད་ཟེར་གྱིས་དཔག་ཚད་བརྒྱའི་བར་གྱི་ཁོར་ཡུག་ཐམས་ཅད་མཚན་མོའང་ཉིན་མོ་བཞིན་དུ་སྣང་བར་བྱེད་པ། ཚ་བས་གདུད་ན་བསིལ་བ་དང་། ཧ་ཀྱང་བསིལ་ན་དྲོ་བ། གང་དུ་གནས་པའི་ས་ཕྱོགས་དེར་ནད་དང་དུས་མིན་གྱི་འཆི་བ་ཐམས་ཅད་སེལ་ཞིང་། ཡིད་ལ་གང་བསམ་པ་ཕལ་ཆེར་འགྲུབ་པར་འགྱུར་བ། འདོད་འཇོ་བའི་མདུན་དུ་བཙུན་མོ་རིན་པོ་ཆེ་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་ཞིང་། ཡོན་ཏན་བརྒྱད་དང་ལྡན་པ་མཛེས་ཤིང་བལྟ་བས་ཆོག་མི་ཤེས་པ། ལུས་དང་ཁ་ནས་དྲི་ཞིམ་པའི་ངད་འཐུལ་ཞིང་། གང་གིས་རེག་ན་བདེ་བའི་མཆོག་དམ་པ་རྩོལ་བར་ནུས་པ། འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པ། གང་དུ་གནས་པའི་གླིང་དེར་ཚུ་བཀྲེས་སྐོམ་དང་མྱ་ངན་སེལ་བར་བྱེད་པ། མ་རྨོས་པའི་ལོ་ཏོག་གི་མདུན་དུ་བློན་པོ་རིན་པོ་ཆེ་སའི་བདག་པོའི་ཡིད་ལ་གང་བསམ་རྣམས་མ་སྨྲས་པར་ཤེས་ནས་བསྒྲུབ་པ། གཟུགས་བཟང་ཞིང་སྟོབས་ཆེ་བ་


JKT006_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་དང་ལྡན་པ། དཔུང་རྣམས་འགྲོ་བ་དང་། གནས་པ་དང་། ལྡོག་པ་ལ་མཁས་པ། དར་དང་རིན་པོ་ཆེས་བརྒྱན་པ། རྔ་ཡབ་གཞན་དང་། ལུས་ཀྱི་བར་གྱི་ཤར་ལྷོ་གླང་པོ་རིན་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་སྤྱི་གཙུག་དམར་ཞིང་མཐོ་ལ་གདོང་ནོར་བུ་རིན་པོ་ཆེའི་དྲྭ་བས་གཡོགས་པ། གླང་པོ་ཆེ་ཕལ་པ་སྟོང་གི་སྟོབས་དང་ལྡན་པ། དོན་མེད་པར་གཞན་ལ་མི་གནོད་ཅིང་མི་འཁྲུགས་པར་དལ་གྱིས་འགྲོ་ཞིང་། ཕ་རོལ་པོའི་གཡུལ་ལས་རྒྱལ་བར་བྱེད་པ། རྔ་ཡབ་དང་ལམ་མཆོག་འགྲོའི་བར་གྱི་ལྷོ་ནུབ་ཏུ་རྟ་མཆོག་རིན་པོ་ཆེ་ཁ་དོག་སྔོན་པོ་རྨ་བྱའི་མགྲིན་པའི་སྤུ་ལྟར་སྡུག་པ་ནད་མེད་ཅིང་གཟི་བརྗིད་ཆེན་པོ་དང་ལྡན་པ། ཁོ་ལག་ཐམས་ཅད་ཡོངས་སུ་རྫོགས་པ། གལ་ཏེ་བསྒོ་ན་ཉི་མ་གཅིག་ལ་འཛམ་གླིང་ལན་གསུམ་བསྐོར་བར་ནུས་པའི་ཤུགས་འགྲོས་དང་ལྡན་པ། གཡོ་ལྡན་དང་གླིང་ཕྲན་སྒྲ་མི་སྙན་གྱི་བར་གྱི་ནུབ་བྱང་གི་མཚམས་སུ་དམག་དཔོན་རིན་པོ་ཆེ་སྟོབས་དང་ལྡན་པ་གཡུལ་གྱི་བྱ་བ་ལ་མཁས་པ། གོ་ཞུབ་ཀྱིས་སྤྲས་ཤིང་གཟི་བརྗིད་དང་ལྡན་པའམ། རྡོ་རྗེ་རིན་པོ་ཆེ་དང་། མཐོན་ཀ་དང་། མ་རྒད་དང་། གསེར་དང་། དངུལ་དང་། སྨུག་ལ་སོགས་པའི་བང་མཛོད་ནམ་ཡང་འཛད་པ་མེད་པའི་འབྱོར་པ་ཤིན་ཏུ་བརྟན་པ་གཡོ་སྒྱུ་མེད་པ། སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་བར་བྱེད་པའི་ཁྱིམ་བདག་རིན་པོ་ཆེ་གདམ་


JKT006_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་དུ་བཤད་དོ། །སྒྲ་མི་སྙན་གྱི་ཟླ་དང་ལུས་འཕགས་ཀྱི་བར་གྱི་བྱང་ཤར་དུ་དགོས་འདོད་ཐམས་ཅད་འབད་མེད་དུ་སྟེར་བའི་གཏེར་གྱི་བུམ་པ་བཟང་པོ་རྣམས་བསམ། འགའ་ཞིག་གླིང་རྣམས་ཁ་ནང་བསྟན་དུ་བགྱིས་པའི་གཡས་གཡོན་དུ་སྔར་བཤད་པའི་གླིང་ཕྲན་རྣམས་རིམ་པར་འགོད་པར་འདོད་དེ། དེ་ལྟར་ན་ལྷོ་གླིང་རྔ་ཡབ་ཤར་ལྷོར་ཡོད་དགོས་ལ། དེ་ལྟར་ན་སྲིན་པོའི་གླིང་ཡང་ཤར་ལྷོར་ཡོད་དགོས་པས་ཕྱོགས་སྐྱོང་བཅུའི་སྲིན་པོ་ཡང་ཤར་ལྷོར་འབྱུང་དགོས་པ་སོགས་ཆོས་སྤྱི་དང་འགལ་ཅིང་། ལྷག་པར་སིནྡྷ་རྒྱ་མཚོ་མར། ལྷོ་ནུབ་རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ། །ཅེས་པ་སོགས་ཁུངས་མང་ངོ་། །རྔ་ཡབ་གཞན་ཅེས་པ་སྔར་སྲིན་པོའི་རྒྱལ་པོའི་བུ་ཞིག་གླིང་འདིར་སྤྲུགས་པས་རྔ་ཡབ་གཞན་དུ་ཐོགས་ཤིང་། ལང་དཀར་གཤེགས་པའི་མདོ་ཡང་འདིར་གསུངས་པར་གྲགས། མདོ་ནས་གླིང་སོ་སོའི་ཁ་ཕྱིར་བལྟས་པའི་དབང་དུ་བགྱིས་ནས་མདུན་གང་ཡིན་ལྷོ་དང་། གཡས་གང་ཡིན་ནུབ། རྒྱབ་བྱང་། གཡོན་ཤར་དུ་འབྱུང་བས། དབུས་ཀྱི་རི་རྒྱལ་ལྷུན་པོ་གླིང་བཞི་ཀུན་གྱི་བྱང་ཕྱོགས་སུ་འཇོག་པར་མདོ་ལས་གསུངས་པ་ལྟར་མངོན་པ་ལས་བཤད་དོ། །འཁོར་ལོ་རིན་པོ་ཆེའི་མདུན་དུ་སྒེག་མོ་མ་མཛེས་ཤིང་ལྟ་ན་སྡུག་པ་ལང་ཚོས་ལྷག་པར་སྒེག་པའི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པ་སྟོན་ཅིང་འགྱིང་བ། ནོར་བུ་རིན་


JKT006_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་མདུན་དུ་ཕྲེང་བ་མ་ཕྲེང་བ་འཛིན་པ། བཙུན་མོ་རིན་པོ་ཆེའི་མདུན་ན། གླུ་མ་གླུ་ལེན་པ་མ། བློན་པོ་རིན་པོ་ཆེའི་མདུན་དུ་གར་མ་གར་རྩེ་བ། ཤར་ལྷོའི་གླང་པོ་རིན་པོ་ཆེའི་མདུན་དུ་མེ་ཏོག་མ་མེ་ཏོག་འཛིན་པ། ལྷོ་ནུབ་ཀྱི་རྟ་མཆོག་རིན་པོ་ཆེའི་མདུན་དུ་བདུག་སྤོས་མ་བདུག་སྤོས་འཛིན་པ། ནུབ་བྱང་གི་དམག་དཔོན་རིན་པོ་ཆེའི་མདུན་དུ་སྣང་གསལ་མ་མར་མེ་འཛིན་པ། བྱང་ཤར་གྱི་གཏེར་ཆེན་པོའི་བུམ་པའི་མདུན་དུ་དྲི་ཆབ་མ་དྲི་ཆབ་འཛིན་པ། སྒེག་མོ་མའི་མདུན་གྱི་སྟེང་གི་ནམ་མཁར་ཉི་མའི་དཀྱིལ་འཁོར་མེ་ཤེལ་ལས་གྲུབ་པ་དང་། གླུ་མའི་མདུན་གྱི་སྟེང་གི་ནམ་མཁར་ཟླ་བའི་དཀྱིལ་འཁོར་ཆུ་ཤེལ་ལས་གྲུབ་པ། གར་མའི་མདུན་དུ་རིན་པོ་ཆེའི་གདུགས་དཀར་གསེར་གྱི་ཡུ་བ་ཅན་དང་། ཕྲེང་བ་མའི་མདུན་གྱི་སྟེང་གི་ནམ་མཁར་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དང་། དེ་དག་གི་དབུས་དང་། བར་ཀ མཚམས་རྣམས་སུ་ལྷ་མིའི་འབྱོར་པ་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་ཕྱུར་བུར་བཀང་སྟེ་གཏམས་པ་རྣམས་སོ། །ཞེས་པའང་མཉྫགྷོ་ཥས་སོ།། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousམཎྜལ་སོ་བདུན་མའི་ལག་ལེན་དང་རྣམ་གཞག་ཅུང་ཟད་བསྟན་པ།next