Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་བཤད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་བཤད།next

རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་བཤད།


JKT006_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་བཤད་བཞུགས། །ན་མཤཱཀྱ་མུ་ན་ཡེ། གང་གིས་ཆོས་རྣམས་རྒྱུ་ལས་རབ་ཏུ་བྱུང་། །རྒྱུ་རྣམས་དེ་ནི་དེ་བཞིན་གཤེགས་པས་གསུངས། །དེ་རྣམས་ཀྱང་གང་འགོག་པ་ཨེ་ཝཾ་དུ། །སྨྲ་བ་པོ་ནི་དགེ་སྦྱོང་ཆེན་པོ་ཡིན། །ཅེས་པའི་དོན། རྒྱུ་ལས་བྱུང་བའི་ཆོས་སྡུག་བསྔལ་དེ་རྒྱུ་ཉོན་མོངས་དང་ལས་ཀྱི་ཀུན་འབྱུང་སྟེ་འཁོར་བ་རྒྱུ་འབྲས་དང་། དེ་རྣམས་སྤོང་བར་བྱེད་པ་ལམ་བདེན་འགོག་པ་འགོག་བདེན་གཉིས་ཐར་པའི་རྒྱུ་འབྲས་སོ། །དེའི་ཕྱིར་མཐའ་བཞི་ལས་རྣམ་པར་གྲོལ་བའི་རྣམ་པར་དག་པའི་སེམས་ཀྱི་རང་བཞིན་ལ་བརྟེན་ནས། སྒྱུ་མ་ལྟ་བུའི་ལས་དང་


JKT006_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་འབྲེལ་ནས་འབྱུང་བ་དེ་ཉིད་ཨེ་ཝཾ་དུ་གསུངས་པ་ཁོ་ན་དགེ་སྦྱོང་ཆེན་པོ་ཡིན་གྱི། གཞན་ནི་མ་ཡིན་ཏེ། གང་གི་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡིས། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟན། འདི་ཉིད་དམ་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱིར་རྟེན་འབྲེལ་སྙིང་པོ་སྟེ། དྲི་མེད་འོད་དུ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྔོན་དུ་འགྲོ་བ་ནི་ཡེ་དྷརྨཱའོ། །ཞེས་གསུངས། དེའི་དོན་འཁོར་དང་པོའི་གདུལ་བྱ་ཉན་ཐོས་པ་དག་གིས་ཉེར་ལེན་གྱི་ཕུང་པོ་ལྔའི་ཆོས་ཅན་གྱི་འཁོར་བ་སྡུག་བསྔལ་གྱི་བདེན་པ་དང་། དེའི་རྒྱུ་གང་ཟག་གི་བདག་ཏུ་འཛིན་པའི་མཚན་ཉིད་ཅན་གྱིས་འཇིགས་ཚོགས་ལ་ལྟ་བ་ཀུན་འབྱུང་གི་བདེན་པར་ཤེས་ནས་དེ་འགོག་པར་བྱ་བའི་ཕྱིར། ཤིན་ཏུ་སྦྱངས་པའི་ཞི་གནས་དང་༑ བདེན་བཞིའི་རྣམ་པ་བཅུ་དྲུག་བསྒོམས་པའི་ལྷག་མཐོང་ལམ་བདེན་དང་། དེའི་འབྲས་བུ་ལྷག་བཅས། ལྷག་མེད་ཀྱི་མྱང་འདས་འགོག་བདེན་དུ་རྟོགས་སོ། །དེའི་སྟེང་དུ་ཀུན་འབྱུང་གི་གཙོ་བོ་གཟུང་བ་བདེན་འཛིན་དང་། ལམ་བདེན་བདེན་བཞིའི་རྣམ་པའི་སྟེང་དུ་རྟེན་འབྲེལ་ཟབ་མོ་ལྷག་པར་བསྒོམ་པར་ང་རྒྱལ་དག་གིས་སོ། །རྒྱུའི་ཐེག་པ་ཆེན་པོ་དག་ལས་འཁོར་ལོ་བར་པའི་འདུལ་


JKT006_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བ་དག་གིས་འདུ་བྱེད་སྡུག་བསྔལ་གྱི་གཙོ་བོ་དང་། དེའི་རྒྱུ་ཆོས་ཀྱི་བདག་ཏུ་འཛིན་པའི་མཚན་ཉིད་ཀུན་འབྱུང་གི་དང་། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པའི་སྒོ་ནས་སློབ་པ་ལམ་བདེན། མི་གནས་པའི་མྱང་འདས་འགོག་བདེན་དུ་འདོད་ལ། དབུ་མའི་ལྟ་བ་ལ་དད་ཅིང་མོས་ལ་བཟོད་པ་ཡོད་དུ་ཟིན་ཀྱང་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྒོ་ཐམས་ཅད་རང་བཞིན་མེད་པའི་ཤེས་རབ་ཀྱིས་མ་ཟིན་པ་དག་ལ་དམིགས་པ་ཅན་གྱི་བྱང་སེམས་སམ། དབང་པོ་རྟུལ་པོ་ཞེས་བྱའོ། །ཕར་ཕྱིན་ཐམས་ཅད་ལ་རང་བཞིན་མེད་པའི་ཤེས་རབ་ཀྱིས་ཟིན་པར་སྤྱོད་པ་དག་ལ་ནི་ཐབས་ལ་མཁས་པར་སྤྱོད་པའི་བྱང་སེམས་སམ། དབང་རྣོན་ཞེས་བྱའོ། །དེ་ལྟ་བུའི་བྱང་སེམས་དེ་གཉིས་ལ་ཤེས་རབ་ཀྱི་ཁྱད་པར་གྱིས་བྱང་ཆུབ་ཐོབ་པ་ལ་མྱུར་བུལ་ཆེ་བ་བྱུང་སྟེ། བྱམས་པས། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་བླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་གསུངས་སོ། །འཁོར་ལོ་ཐ་མའི་རྗེས་སུ་འབྲངས་པ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་ཞུགས་པ་སྙིང་པོའི་ཐེག་པ་ལ་རྟོན་པ་དག་གིས་ཀུན་འབྱུང་གི་གཙོ་བོ་བདེ་གཤེགས་སྙིང་པོ་རྣམ་ཤེས་ཀྱི་དྲི་མ་བཅས་པ་དང་། དེས་འཕངས་པའི་འདུ་བྱེད་ཀྱི་སྡུག་བསྔལ་སེམས་པའི་རྣམ་པར་འགྱུར་བ་གློ་བུར་གྱི་དྲི་


JKT006_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཆོས་ཅན་དང་། དེ་འགོག་པ་མོས་པ། ཤེས་རབ། སྙིང་རྗེ། ཏིང་ངེ་འཛིན་གྱི་སྒོ་བཞི་ལ་ལམ་བདེན་དང་། གཙང་། བདག །བདེ་བ། རྟག་པའི་ཕ་རོལ་ཏུ་ཕྱིན་པ་བཞིའི་རང་བཞིན་འགོག་བདེན་དང་། རྒྱུད་སྡེ་ཕྱི་མ་དག་ཏུ་བག་ཆགས་བགོ་བའི་གཞིར་གྱུར་པ་ཀུན་གཞིའི་རྣམ་ཤེས་ཀུན་འབྱུང་གི་གཙོ་བོ་དེས་བརྟགས་པའི་སྒོ་གསུམ་ཐ་མལ་པ་སྡུག་བསྔལ། དེ་ཡེ་ཤེས་སུ་བསྒྱུར་བའི་དབང་བསྐུར་སྔོན་དུ་འགྲོ་བའི་སྔགས་ལམ་དང་། གཉིས་སུ་མེད་པའི་ཡེ་ཤེས་འདུས་མ་བྱས་འགོག་པར་བཤད་དོ། །སྔགས་ནི། སློབ་དཔོན་སངས་རྒྱས་གསང་བས། ལྷ་དང་། དེའི་མཚན་མ་དང་། དེའི་སྙིང་པོ་ལ་སོགས་པའི་རིག་པ་ལ་སྔགས་ཞེས་བསམ་གཏན་ཕྱི་མའི་འགྲེལ་པར་གསུངས་པ་ཉིད་དོ། །བླ་མེད་ཀྱི་རྒྱུད་དུ། རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་མ་བཅོས་ངོ་མ་ཤེས་པ་ཉིད་འཁོར་བ་དང་༑ དེའི་རྒྱུ་འཕོ་བའི་བག་ཆགས་ཀུན་འབྱུང་གིས་གཙོ་བོ་དང་། སྨིན་བྱེད་དུ་གྲོལ་བའི་རིམ་པ་གཉིས་ཀྱིས་མ་ཡེངས་པ་ལམ་བདེན་དང་། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་འགོག་བདེན་དུ་བསྟན་ཏོ། །དེ་དག་གིས་ནི་མདོ་ཙམ་དུ་སྨོས་པ་སྟེ། རྒྱས་པར་སྡེ་སྣོད་དང་རྒྱུད་སྡེ་སོ་སོའི་སྟེང་དུ་རྟོགས་པར་བྱའོ། །ཞེས་དང་། རྫོགས་པའི་སངས་རྒྱས་ཀུན་གྱི་གསུང་གིས་བསྙད་པའི་སྡེ་སྣོད་རྒྱུད་།


JKT006_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་རྒྱ་མཚོའི་དེ་ཁོ་ན་ཉིད་དུ་ཤེས་ནས་བྲིས་པའོ། །སརྦ་མངྒ་ལཾ།།


previousརྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་བཤད།next