Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྣང་བའི་གསལ་བྱེད་ངེས་དོན་སྣང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྣང་བའི་གསལ་བྱེད་ངེས་དོན་སྣང་བ།next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྣང་བའི་གསལ་བྱེད་ངེས་དོན་སྣང་བ།


JKT006_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྣང་བའི་གསལ་བྱེད་ངེས་དོན་སྣང་བ་ཞེས་བྱ་བ་བཞུགས་སོ། །ན་མོ་པྲཛྙཱ་པཱ་ར་མི་ཏཱ་ཡ། སྣ་ཚོགས་སྤྲོས་པའི་འཆིང་བ་མ་ལུས་ཀུན། །རྣམ་ཐར་སྒོ་གསུམ་དབྱིངས་སུ་རོ་གཅིག་པས། །བསམ་གྱིས་མི་ཁྱབ་བརྗོད་དུ་མེད་པའི་དབྱིངས། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་ལ་འདུད༑ །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་འདི་འཆད་པ་ལ་དོན་གསུམ་སྟེ། ཀླད་དང་། གཞུང་དང་། མཇུག་གོ། །དང་པོ་ལའང་མཚན་དོན་དང་། དངོས་དོན་ནོ། དང་པོ་ནི། ལེགས་སྦྱར་གྱི་སྐད་དུ། བྷ་ག་ཝ་ཏི་ནི་བཅོམ་ལྡན་འདས་མ། པྲཛྙཱ་ཤེས་རབ། པཱ་ར་ཕ་རོལ། མི་ཏ་ཕྱིན་པ། ཧྲི་ད་ལ་སྙིང་པོ་སྟེ། དེའང་བསལ་བྱའི་ཆོས་ཐམས་ཅད་བཅོམ་པའམ། བླང་བྱའི་ཡོན་ཏན་ཐམས་ཅད་དང་ལྡན་པ། ཉན་རང་སོ་སྐྱེའི་ས་ལས་ཡང་དག་པར་འདས་ཤིང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པའི་མ། སོ་སྐྱེའི་ཤེས་རབ་ལས་མཆོག་ཏུ་གྱུར་པའི་ཉན་རང་གི་ཤེས་རབ་སྟེ། དེ་ལས་ཀྱང་ཕ་རོལ་ཏུ་ཕྱིན་པས་བླ་ན་མེད་པའི་ཤེས་རབ་དང་ལྡན་པ། གྲོགས་ཉ་འཕྲོག་པ་ལའོ། །ཞེས་པའི་བྱིངས་དོན་ལས་སྙིང་པོ་སྟེ། དཔེར་ན་འོ་མ་ལས་མར་


JKT006_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲོགས་པ་བཞིན་དུ། འདིར་ཡང་འཁོར་ལོ་བར་པ་མཚན་ཉིད་མེད་པའི་སྡེ་སྣོད་ཀྱི་བརྗོད་བྱ་རྒྱ་ཆེ་བ་ཐམས་ཅད་གཅིག་ཏུ་བསྡུས་པའི་ཕྱིར་རོ། །གཉིས་པ་ལའང་བསྡུས་ཏེ་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་པ་གཅིག་པུ་ལའང་ཕུན་སུམ་ཚོགས་པ་ལྔ་ག་སྦྱར་དུ་ཡོད་དེ། འདི་སྐད་ཅེས་པ་སྟོན་པ། བདག་གིས་ཞེས་འཁོར། །ཐོས་པ་ཆོས། དུས་གཅིག་དུས། ན་ཞེས་གནས་གཞིའི་སྒྲ་སྟེ། དེས་ན་གནས་ཕུན་སུམ་ཚོགས་པར་རིག་པར་བྱའོ། །གཉིས་པ་བཅོམ་ལྡན་འདས་ཞེས་པས་སྟོན་པ་ཕུན་སུམ་ཚོགས་པ་སྟེ་མཚན་དོན་སྔར་སྨོས་པ་ལྟར་དང་། བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་གནས་ཕུན་སུམ་ཚོགས་པ་སྟེ། ཏིང་འཛིན་རྒྱལ་པོར། སངས་རྒྱས་དག་ནི་བྱེ་བ་ཕྲག་སྟོང་དང་། །དེ་བས་ལྷག་པ་གངྒའི་བྱེ་མ་སྙེད། །ཀུན་ཀྱང་བྱ་རྒོད་ཕུང་པོ་འདིར་བཞུགས་ཏེ། །ཞེས་གསུངས་པའི་ཕྱིར་རོ། །དགེ་སློང་གི་དགེ་འདུན་སོགས་ཀྱིས་འཁོར་ཕུན་སུམ་ཚོགས་པ་བསྟན་ཏེ། དེའང་ཉན་ཐོས་ཀྱི་དགེ་འདུན་གྲངས་ཀྱིས་ཆེ་བ་ལྔ་སྟོང་དང་། ཡོན་ཏན་གྱིས་ཆེ་བ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་སོགས་མདོ་གཞན་ལས་གསུངས་


JKT006_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དགེ་འདུན་གྲངས་ཀྱིས་ཆེ་བ་བྱེ་བ་ཁྲག་ཁྲིག །ཡོན་ཏན་གྱིས་ཆེ་བ་རིག་པ་དང་གྲོལ་བའི་ཆོས་ལ་དབང་འབྱོར་བ་དང་། ཐབས་ཤེས་ཀྱི་དོན་ལ་མ་རྨོངས་ཤིང་ས་ཐོབ་པ་ཤ་སྟག་གོ། །ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་དུས་ཕུན་སུམ་ཚོགས་པ་སྟེ། དེ་ལྟ་བུའི་ངོ་མཚར་བའི་ཆོས་ཐམས་ཅད་སྐབས་འདིར་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་སོགས་ཀྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་ཏེ། བརྒྱད་སྟོང་ལས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་སྟེ། སུས་ཀྱང་བསྒོམ་པར་བགྱི་བ་མ་ལགས། ཞེས་སོགས་ཀྱིས་བསྟན་པ་ལྟར་ཤིན་ཏུ་རྟོགས་པར་དཀའ་ཞིང་བསམ་གྱིས་མི་ཁྱབ་པའི་ཟབ་མོའི་དོན་མངོན་དུ་སྣང་བར་བྱེད་པའི་སྒྲ་དོན་འབྲེལ་བའོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་ཟབ་མོ་སྟོང་པ་ཉིད་ཡུལ་སྣང་གཟུགས་ཀྱི་རྣམ་པར་ཤར་བ་ཟུང་འཇུག་ཆེན་པོའི་ཏིང་ངེ་འཛིན་གྱིས་ནང་དུ་ཡང་དག་པར་འཇོག་པའི་དུས་ཏེ་སྤྱོད་ལམ་སོགས་དུས་གསུམ་པོ་མ་འདྲེས་པའོ༑ །འོ་ན་འདི་ཉིད་གང་གིས་འཆད་ཅེ་ན། ཡང་དེའི་ཚེ་ཞེས་སོགས་ཀྱིས་སྨོས་ཏེ། རང་དོན་དུ་ཉོན་མོངས་པ་ཐམས་ཅད་སྤངས་པས་བྱང་། གཞན་དོན་དུ་རྟོགས་པའི་ཡོན་ཏན་ཐམས་ཅད་བརྙེས་


JKT006_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆུབ། དེ་གཉིས་ཀྱི་དོན་ལ་རྟག་ཏུ་མི་འདའ་བར་སེམས་དཔའ་བར་གནས་པས་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ནི་ཐེག་དམན་ཞི་བདེའི་ལམ་ལས་རིང་དུ་འདས་པའི་ཕྱིར་དང་། སྤྱན་ཟླ རས་གཟིགས་ནི་སྙིང་རྗེ་ཆེན་པོའི་སྤྱན་གྱིས་འགྲོ་བ་ཀུན་ལ་རྟག་ཏུ་གཟིགས་པའམ། ཡེ་ཤེས་ཀྱི་སྤྱན་གྱིས་ཆོས་ཉིད་ཀྱི་བདེན་པ་ལ་རྟག་ཏུ་གཟིགས་པ་སྟེ་སྔ་མ་ནི་ཁྱད་པར་གྱི་ཆོས་སུ་གཞག་པའོ། །དབང་ཕྱུག་ནི་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་ཡེ་ཤེས་ལ་དབང་འབྱོར་བའི་ཕྱིར་རོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་འདི་ལ་རྣམ་པར་ལྟ་བའི་དོན་ནི་འོག་ཏུ་འབྱུང་བ་ལྟར་རིག་པར་བྱའོ། །འོ་ན་དེ་ཉིད་ཀྱིས་འཆད་པ་ཡིན་ན་སངས་རྒྱས་ཀྱི་གསུང་མ་ཡིན་པའི་ཕྱིར་བཀའི་གྲངས་སུ་མི་འགྲོའམ་སྙམ་ན་མ་ཡིན་ཏེ། དེ་ནས་སངས་རྒྱས་ཀྱི་མཐུས་ཞེས་སོགས་སྨོས་ཏེ། འདི་ལྟར་རྡོ་རྗེ་སྙིང་པོའི་སྤྱི་བོར་ཕྱག་བཞག་སྟེ་སྐུས་བྱིན་གྱིས་བརླབས་པས་མདོ་སྡེ་ས་བཅུ་པ་བཤད་པ་དང་། མ་སྐྱེས་དགྲའི་འགྱོད་པ་སེལ་བར་འཇམ་དཔལ་དབྱངས་ལ་གསུང་གིས་རྗེས་སུ་གནང་བ་བྱིན་པས་དེ་ཉིད་ཀྱི་མདོ་བྱུང་བ་ལྟར༑ འདིར་ཡང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཐུགས་ཀྱི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པས་འཆད་པའི་སྤོབས་པ་སྐྱེས་པ་སྟེ། སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་


JKT006_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་དང་། །འཆད་དང་རིག་པ་དག་དང་བདེན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བར་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་བསྟན་པ་ལྟར་བྱིན་གྱིས་བརླབས་པའི་བཀའ་ངོས་བཟུང་པའོ། །གཉིས་པ་གཞུང་གི་དོན་ལ་བཞི། ལམ་ཟབ་མོའི་ཚུལ་དངོས་བསྟན་པ། དེ་ཐབས་སྔགས་ཀྱིས་ཟིན་དགོས་པར་བསྟན་པ། དེ་ལྟར་བསྒོམ་པའི་ཚུལ་ལ་བསླབ་པར་བྱ་བར་གདམས་པ། དེ་ལ་རྗེས་སུ་བསྔགས་པ་བརྗོད་པའོ། །དང་པོ་ལའང་ཞུས་པའི་ཚུལ་དང་། དེ་བསྟན་པ། བསྔགས་པ་བརྗོད་པའོ། །དང་པོ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུས་སོགས་ནས། ཞེས་སྨྲས་པ་དང་ཞེས་པའི་བར་ཏེ་རྟོགས་པར་སླའོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་སོགས་ནས། མ་ཐོབ་པ་ཡང་མེད་དོ། །ཞེས་པའི་བར་ཏེ། དེའང་འདི་ལྟར་གཟུགས་ལ་ངོ་བོ་ངོས་འཛིན་བྲལ་བས་སྟོང་པ་ཉིད་ཉམས་སུ་མྱོང་བའི་ཕྱིར་གཟུགས་སྟོང་པ། ཉམས་མྱོང་ནི་སྟོང་པ་ཉིད་ཀྱང་གཟུགས་ཀྱི་རྣམ་པར་ཤར་བས་སྟོང་པ་ཉིད་ཀྱང་གཟུགས། དེའི་ཕྱིར་ན་གཟུགས་ཀྱང་སྟོང་པ་ཡིན་ལ། སྟོང་པ་ཉིད་ཀྱང་གཟུགས་ལས་གཞན་མ་ཡིན་པའི་ཕྱིར་སྣང་སྟོང་ཟུང་འཇུག་གི་ལམ་མཚན་ཉིད་བཞི་ལྡན་དུ་ཤར་བ་སྟེ། རིམ་པར་སྣང་མེད་དང་། སྣང་བཅས་


JKT006_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྣང་སྟོང་གཉིས་མེད་ཀྱི་རྣལ་འབྱོར་དུ་བཞག་ལ། དེས་ན་ཆོས་ཐམས་ཅད་ཀྱང་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྨྲ་བསམ་བརྗོད་དུ་མེད་པའི་སྟོང་པ་ཉིད་ཡུམ་ཤེར་ཕྱིན་གྱི་ངོ་བོ་ཉིད་ཡིན་མོད་ཀྱི། འོན་ཀྱང་མཚན་མ་དང་བཅས་པའི་སྟོང་བ་ཉིད་དུ་བསྒོམས་པས། ཇི་སྐད་དུ། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་དང་། སྡུད་པ་ལས། ཕུང་འདི་ཨཱསྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་དེ། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཅེས་སོ། །དེས་ན་སྟོང་པ་དང་མི་སྟོང་པ་ལ་སོགས་པའི་མཚོན་དོན་གྱི་ཡུལ་ཐམས་ཅད་ལས་འདས་པས་མཚན་ཉིད་མེད་པ། དེ་ཉིད་རྒྱུ་དང་རྐྱེན་ལ་རག་མ་ལས་པས་མ་སྐྱེས་པ། སྐྱེ་བ་མེད་པའི་ངོ་བོ་དེ་ལས་ཀྱང་རང་རྩལ་ཅིར་ཡང་སྣང་དུ་རུང་བས་རང་མདངས་མ་འགག་པ། དེའི་གཤིས་ལུགས་ཇི་བཞིན་པ་ཉིད་ལ་ལམ་བདེན་གྱིས་བྲལ་བྱའི་དྲི་མ་ཐམས་ཅད་མི་གནས་པས་དྲི་མ་མེད་པ། དྲི་མ་དེ་ཉིད་ཀྱང་ཡེ་ནས་མེད་པ་ལས་འཕྲལ་དུ་རྟོག་པས་བསལ་དུ་མེད་པས་དྲི་མ་དང་བྲལ་བ་མེད་པ། སྟོང་པ་ཉིད་ཀྱི་གཤིས་ལུགས་དེ་ཉིད་ཡེ་ནས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡིན་ཕྱིར་སྤངས་རྟོགས་ཀྱི་ཡོན་ཏན་ཀྱང་རང་བྱུང་དུ་སྣང་བས་ན་བྲི་བ་མེད་པ། དེ་ལྟར་གཟོད་ནས་གནས་པ་དེ་ལ་གློ་


JKT006_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བུར་དུ་གསར་བསྣན་གྱི་ཡོན་ཏན་བཞག་ཏུ་མེད་པའི་ཕྱིར་གང་བ་མེད་པ་སྟེ། དེ་དག་གི་རྒྱབ་སྐྱོར་དུ་ལུང་རིག་གི་འཐད་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་མོད་ཀྱི། འདིར་ཟབ་མོའི་དོན་བློ་དམན་དག་གིས་རྟོགས་པ་ལ་ཚིག་ཉུང་ངུས་འདོམས་པས་ཤེས་པར་སླ་བའི་ཕྱིར་སྐབས་སུ་མ་བབས་པས་སྤྲོས་པ་བསྐྱུང་ངོ་། །དེ་ལྟ་བས་ན་སྟོང་པ་ཉིད་གཟོད་ནས་གྲོལ་བའི་གཤིས་སུ་དབང་ཡུལ་རྟེན་དང་བརྟེན་པའི་འབྲེལ་བ་མེད་པའི་ཚུལ་དེའང་དབང་པོ་དྲུག་རྟོག་པ་མེད་པར་ཤར་བས་སྣང་བཅས་ཀྱི་རྣལ་འབྱོར། ཡུལ་སྣང་རང་སྣང་གི་རོལ་པར་ཤེས་པས་སྣང་མེད་ཀྱི་རྣལ་འབྱོར། རྣམ་ཤེས་ཚོགས་དྲུག་གི་འཛིན་པ་རྩ་བ་ནས་ཆོད་པས་ཟུང་འཇུག་གི་རྣལ་འབྱོར་ཏེ་རིག་སྟོང་ཉིད་ཀྱི་གཤིས་ལ་མེད་ཀྱང་རྩལ་སྣང་གློ་བུར་བ་ཤར་བས་སོ། །དེ་ལྟ་བུའི་བཞུགས་ཚུལ་གྱི་ངོ་བོ་དེ་ལྷན་སྐྱེས་ཀྱི་མ་རིག་པས་བསྒྲིབས་ཤིང་། འདུ་བྱེད་ཀྱིས་སླད་མའི་ལས་བསགས་པ་ལས་རྣམ་ཤེས་ཀྱིས་རྩལ་ཤར་ནས་སྣང་བའི་སྤུ་རིས་ཕྱེས་ཏེ་མིང་དང་གཟུགས་ལ་བཟུང་། དེ་ཉིད་གང་གིས་བཟུང་ན་སྐྱེ་མཆེད་དྲུག་གིས་བཟུང་། དེར་དབང་པོ་ཡུལ་གྱི་རྣམ་པ་དང་རེག་ཅིང་དེའི་མཐུས་ཚོར་བ་རྣམ་པ་གསུམ་མྱངས་ཤིང་སྲེད་པ་སྐྱེས། སྲིད་པར་འཁོར་བའི་ལས་བྱས་པའི་འབྲས་བུ་ལུས་ལེན་པ་དང་། སྐྱེ་བ་དང་ན་


JKT006_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་རྣམས་བྱུང་བ་རྟེན་འབྲེལ་ལུགས་འབྱུང་སྟེ། འཁོར་བའི་རང་བཞིན་བསམ་གྱིས་མི་ཁྱབ་པ་ཉིད་རྣམ་བྱང་འཕགས་པའི་ཡན་ལག་གིས་ལྡོག་སྟེ། དེའང་རིག་པའི་ངོ་བོ་སྤྲོས་བྲལ་དུ་མཐོང་བས་མ་རིག་པ་ཡུལ་མེད་དུ་དག །འདུ་བྱེད་རྩ་ནས་ཞིག །རྣམ་ཤེས་རང་སྟོང་དུ་སོང་། མིང་དང་གཟུགས་སུ་མ་བཟུང་། སྐྱེ་མཆེད་ཀྱི་སྒོ་འགེགས། ཡུལ་དབང་ལ་མ་རེག་པ་ནས་རིམ་པར་འབྲེལ་དང་བཅས་པའི་ཕྱི་མ་རྣམས་ཀྱང་ལྡོག་སྟེ་སྟོང་པ་ཉིད་དུ་དག་པའི་མཐུས། འཁོར་བའི་རྒྱུ་ཀུན་འབྱུང་གི་ཉོན་མོངས་དང་། དེའི་འབྲས་བུ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱང་འདས་ཀྱི་རྒྱུད་འཐོབ་པའི་ལམ་དང་། དེའི་འབྲས་བུ་ཞི་བའི་འགོག་པ་ཐམས་ཅད་ཀྱང་མེད་པ་སྟེ། ཇི་ལྟར་སྟོང་པའི་ཚུལ་ནི་རྣལ་འབྱོར་གསུམ་སྟེ་སྔར་བསྟན་པ་ལྟར་རིག་པར་བྱའོ། །དབྱིངས་གཟོད་ནས་དག་པའི་ཀློང་དུ་རིག་པའི་ཡེ་ཤེས་ཟུང་འཇུག་ཏུ་ཐིམ་པས་མཁྱེན་པའི་ཡེ་ཤེས་རང་རྒྱུད་པ་ཤར་དུ་མེད་པའི་ཕྱིར་ཡེ་ཤེས་མེད། དེ་ལྟ་བུའི་དོན་ཟབ་མོ་ཡོངས་གྲུབ་སྒྲོ་སྐུར་དང་བྲལ་བའི་གནས་ལུགས་སངས་རྒྱས་ཆོས་ཀྱི་སྐུ་མཐོང་བ་ལས་གཞན་འབྲས་བུ་མཐར་ཐུག་གདོད་ཐོབ་ཏུ་མེད་པས་ཐོབ་པ་མེད། འོན་ཀྱང་གཤིས་ཆོས་སྐུ་དེའི་སོ་སོ་ཡང་དག་པར་རིག་པའི་རང་རྩལ་སྐུ་དང་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ལྷུན་གྱིས་གྲུབ་པ་ཚང་


JKT006_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྟོན་ནུས་པའི་ཕྱིར་མ་ཐོབ་པ་ཡང་མེད་པ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱིས། གང་ཞིག་གཅིག་མིན་དུ་མ་ཡང་མིན་རང་དང་གཞན་ལ་ཕན་པ་ཕུན་ཚོགས་ཆེན་པོའི་གཞིར་གྱུར་པ། །དངོས་མེད་ཉིད་མིན་དངོས་པོ་མ་ཡིན་ནམ་མཁའ་བཞིན་དུ་རོ་མཉམ་རྟོགས་པར་དཀའ་བའི་རང་བཞིན་ཅན། །གོས་པ་མེད་ཅིང་རྣམ་འགྱུར་མེད་པ་ཞི་ཞིང་མི་མཉམ་མཉམ་པ་ཁྱབ་པ་སྨྲོས་མེད་པ། །སོ་སོ་རང་གིས་རིག་བྱ་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དེ་ལ་བདག་ནི་ཕྱག་འཚལ་ལོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ལའང་གཉིས། ལམ་ལ་གནས་པ་རྣམས་འདི་ལ་བརྟེན་ནས་ལམ་འགོག་པ་ལས་ལྡོག་པ། མི་སློབ་པ་ན་བགྲོད་པ་རྣམས་ཀྱང་འདི་ལ་མ་བརྟེན་པར་མི་ཕྱིན་པའི་ཚུལ་ལོ། །དང་པོ་ནི། ཤཱ་རིའི་བུ་དེ་ལྟ་བས་ན་སོགས་ནས། མཐར་ཕྱིན་ཏེ་ཞེས་པའི་བར་ཏེ། དེའང་དཔལ་ལྡན་ནཱ་གརྫུ་ནས་དབུ་མ་བཤེས་པའི་སྤྲིང་ཡིག་ཏུ། དྲན་པ་ཉེ་བར་མ་བཞག་རྣམས་ཀྱིས་ནི། །ཕྱིན་ཅི་ལོག་བཞིར་ལྟ་བ་ཕུང་ཁྲོལ་བ། །ཞེས་གསུངས་པ་བཞིན་འདི་ལྟར་དངོས་པོའི་གནས་ལུགས་ཇི་ལྟ་བ་ལས་གཞན་དུ་གྱུར་པའི་བདག་ཏུ་ལྟ་བའི་ལས་ཀྱི་ཀུན་འབྱུང་སླར་ཡང་སྤེལ་བའི་ཕྱི་རོལ་པ་རྣམས་ཀྱིས་གཟུགས་བདག་ཡིན་པ་དང་། བདག་གཟུགས་དང་ལྡན་པ་དང་། གཟུགས་ལ་བདག་གནས་པ་


JKT006_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བདག་ལ་གཟུགས་གནས་པར་འདོད་པ་བཞི་པོ་ལས་དབྱེ་བའི་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་དང་། དེ་ལས་ཀྱང་སུམ་བརྒྱ་དྲུག་ཅུ་སོགས་སུ་འདོད་པའི་ལོག་རྟོག་ཐམས་ཅད་ཀྱང་གང་གི་རྣལ་འབྱོར་གསུམ་དང་ལྡན་པ་ཕུང་པོ་ལྔ་མྱོང་བ་མཚན་ཉིད་བཞི་ལྡན་གྱི་རིག་པས་བཅོམ་སྟེ། དེའང་གཟུགས་བདག་མ་ཡིན་ཏེ། བདག་ཉིད་རྟག་ཀྱང་གཟུགས་མི་རྟག་པའི་ཕྱིར་དང་། བདག་གཟུགས་མ་ཡིན་ཏེ་བདག་ཉིད་ཀྱིས་མི་འདོད་བཞིན་དུ་གཟུགས་འཇིག་པས་ན་གཟུགས་བདག་ལ་མི་དབང་བའི་ཕྱིར་རོ། །དེ་བཞིན་དུ་བདག་ལ་གཟུགས་ངོ་བོ་ཉིད་ཀྱིས་གནས་ཀྱང་མི་རུང་སྟེ། །བདག་གི་འདོད་པས་གཟུགས་ལ་འཇུག་ལྡོག་མི་ནུས་པའི་ཕྱིར་རོ། །བདག་ལ་གཟུགས་ངོ་བོ་ཉིད་ཀྱིས་ཡོད་ན་བདག་མེད་བཞིན་དུ་ཡང་ཕྱི་ཡི་གཟུགས་སོགས་མཐོང་ཆོས་སུ་གནས་པའི་ཕྱིར་མི་རུང་སྟེ༑ སྔ་མ་ལས། གཟུགས་ནི་བདག་མ་ཡིན་ཅེས་གསུངས་ཏེ་བདག །གཟུགས་དང་མི་ལྡན་གཟུགས་ལ་བདག་གནས་མིན། །བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ། །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་བགྱི། །ཞེས་གསུངས་ཤིང་། མཚན་ཉིད་ཞིབ་ཏུ་རྟོགས་པར་འདོད་ན་དེའི་ཊི་ཀ་འཕགས་ཡུལ་གྱི་སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ་ལས་རྟོགས་པར་བྱའོ། །དེས་ན་བྱང་ཆུབ་


JKT006_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་འདི་ལ་གནས་པས་སེམས་ཉིད་ཀྱི་དོན་སྒྲིབ་པ་མེད་པར་མཐོང་བའི་ཕྱིར་རོ། །ཟབ་མོའི་དོན་ལ་སེམས་སྐྲག་པ་མེད་དེ། །ཅིའི་ཕྱིར་ན་ཕྱིན་ཅི་ལོག་བཞི་དེ་ལས་རྣམ་པར་འདས་པའི་ཕྱིར་རོ། །དེས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དུ་སྦྱོར་བས་བདག་མེད་ཀྱི་ཡེ་ཤེས་རྟོགས་པའི་མཐུ་ཁོ་ནའོ། །གཉིས་པ་ནི། དུས་གསུམ་དུ་བཞུགས་ཤིང་གཤེགས་དང་གཤེགས་པར་འགྱུར་བའི་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བརྙེས་པ་ཡིན་ཏེ། སྡུད་པ་ལས་ཀྱང་། གཟུགས་མེད་ཚོར་བ་མེད་ཅིང་འདུ་ཤེས་སེམས་པ་མེད། །དེ་ལ་རྣམ་ཤེས་གནས་ནི་རྡུལ་ཙམ་ཡོད་མིན་ན། །དེ་ཆོས་ཀུན་ལ་མི་གནས་གནས་པ་མེད་པར་སྤྱོད། །ཡོངས་སུ་བཟུང་མེད་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་ཐོབ། །ཅེས་སོ། །གཉིས་པ་ནི། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ཞེས་སོགས་ནས། བོ་དྷི་སྭཱ་ཧཱ་ཞེས་པའི་བར་ཏེ། དེའང་མནྟ་ཞེས་པའི་སྒྲ་ལས་དྲངས་ན་སྔགས་ཏེ། དེ་ཉིད་ཡིད་སྐྱོབ་ལ་འཇུག་ཕྱིར་འདིར་ཡང་མཚན་མ་དང་བཅས་པའི་བདག་ཏུ་འཛིན་པའི་ཡིད་ཀྱིས་འཁོར་བ་ལས་ལྟུང་བ་སྐྱོབ་


JKT006_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བགྲོད་བྱ་ཐམས་ཅད་ཀྱི་མཐར་ཐུག་ཏུ་ཕྱིན་པར་བྱེད་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། ཐོག་མ་མེད་པ་ནས་འཁྲུལ་པའི་མ་རིག་པ་སྤྲོས་བྲལ་གྱིས་དག་པས་ན་རིག་པ་ཆེན་པོའི་སྔགས༔ ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་སྒྲོ་སྐུར་དང་བྲལ་བའི་ངོ་བོ་ལས་གོང་དུ་ཐོབ་བྱ་གཞན་མེད་པའི་ཕྱིར་བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་ཡོན་ཏན་ལྡན་པའི་སངས་རྒྱས་ཀྱི་གོ་འཕང་དང་མཉམ་པར་བྱེད་པས་མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས། སྡུག་བསྔལ་གྱི་རྩ་བ་སྲིད་པའི་རྒྱུ་འབྲས་བདག་ཏུ་ལྟ་བའི་ཚོགས་ཐམས་ཅད་འཇོམས་པར་བྱེད་པས་ན་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་དེ་དག་ཀྱང་མི་བསླུ་བར་སྟོན་པའི་ཕྱིར་མི་ལྡན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཞེས་སོ། །སྔགས་དོན་དངོས་ནི། ཏད་ཐུ་ནི་འདི་ལྟ་སྟེ། ཨོཾ་ནི་བཀྲ་ཤིས་པ་དང་དམ་བཅའ་བ་མཆོག་སྟེར་བ་སོགས་ཀྱི་དོན་ལ་འཇུག་པར་གསུངས། ག་ཏེ་ཞེས་ལམ་ལ་མ་ཞུགས་པའི་སོ་སྐྱེ་རྣམས་ཚོགས་ལམ་དུ་སོང་། ག་ཏེ་གཉིས་པ་ནི་ཚོགས་ལམ་ནས་སྦྱོར་ལམ་དུ་སོང་ཞེས་པའི་དོན་དང་། པ་ར་ག་ཏེ་ནི་དེ་ནས་མཆོག་ཏུ་སོང་ཞེས་སྦྱོར་ལམ་ནས་མཐོང་ལམ་དུ་སོང་། པཱ་ར་སཾ་ག་ཏེ་ནི་དེ་ནས་ཡང་དག་པར་སོང་ཞེས་མཚན་འཛིན་དང་བྲལ་བའི་སློབ་པའི་ལམ་དུ་


JKT006_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སོང་། བོ་དྷི་ཡེ་སྭཱ་ཧཱ་ནི་བྱང་ཆུབ་ཀྱི་གཞི་ཚུགས་ཞེས་པས་ལམ་བདེན་ཀྱི་སྤྲོས་པ་ཐམས་ཅད་ལས་འདས་པའི་མི་སློབ་པའི་ལམ་དུ་རྟག་པ་རྒྱུན་གྱི་འཁོར་ལོར་གཡོ་མེད་པར་སོང་ཞེས་པའི་དོན་།། དུ་སྦྱར་ཏེ་དེ་དག་གི་རྣམ་དབྱེ་རྒྱས་པ་ནི་འདིར་ཡི་གེས་འཇིགས་ལ། ཤེས་པར་འདོད་ན་ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་དང་དེའི་ཊཱི་ཀ་སོགས་ལས་རྟོགས་པར་བྱའོ། །གསུམ་པ་ནི། ཤཱ་རིའི་བུ་སོགས་ནས༑ བསླབ་པར་བྱའོ་ཞེས་པའི་བར་ཏེ། དེའང་བྱང་ཆུབ་སེམས་དཔའ་གང་སུ་དག །བདག་ཏུ་ལྟ་བའི་རི་བོ་ཐམས་ཅད་བཅོམ་ཞེས་ཕྱིར་མི་ལྡོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྟ་བུ་ལ་ཅི་ནས་ཀྱང་བསླབ་པར་བྱའོ། །ཞེས་སོ། །དེའང་ཅིའི་ཕྱིར་ཟབ་མོ་ཞེས་བསྟན་ཅེ་ན། བརྒྱད་སྟོང་པ་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་གང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བསྐལ་པ་གངྒའི་ཀླུང་གི་བྱེ་མ་སྙེད་དུ་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒྲུབས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞག་སྟེ། དེ་རྒྱ་ཆེར་ཡང་དག་པར་ཞུགས་པར་གྱུར་ཅིང་བླ་ན་མེད་པ་ཡང་དག་པར་མངོན་པར་རྫོགས་པར་འཚང་རྒྱ་བའི་སེམས་ཆེར་བསྐྱེད་པར་གྱུར་ཀྱང་། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཡོངས་སུ་མ་ཟིན་ཅིང་ཐབས་མཁས་པ་


JKT006_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བར་གྱུར་ན་འདི་ལྟར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྷུང་ངོ་། །ཞེས་སོ། །འོ་ན་ཐབས་ཀྱི་ལམ་ལྔ་པོ་དེ་དོན་མེད་དུ་འགྱུར་རམ་སྙམ་ན་མ་ཡིན་ཏེ། ཡན་ལག་འདི་དག་ནི་ཟབ་མོའི་དོན་འདི་ཉིད་རྟོགས་པར་བྱ་བའི་ཆེད་དུ་སྟེ། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པས་ཀྱང་ཤེས་སོ། །བཞི་པ་ནི། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་སོགས་ནས། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་ཞེས་པའི་བར་རོ། །དེའང་འཕགས་པ་སྤྱན་རས་གཟིགས་དང་དགྲ་བཅོམ་ཤཱ་རིའི་བུ་གཉིས་པོའི་འདྲི་བ་དང་ལན་ལྡོན་པའི་ཚུལ་གྱིས་གསུངས་བ་དེ་ངེས་པའི་དོན་ཇི་ལྟར་ཡིན་ཞེ་ན། དེ་ནི་ཐེ་ཚོམ་མེད་པ་ཉིད་དུ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཇི་སྐད་གསུངས་པ་དང་གཉིས་སུ་མེད་པ་སྟེ་ཐམས་ཅད་ཀྱང་རྗེས་སུ་ཡི་རང་བར་མཛད་དོ་ཞེས་བསྔགས་པ་བརྗོད་པའོ། །གསུམ་པ་མཇུག་གི་དོན་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། མངོན་པར་བསྟོད་དོ་ཞེས་པའི་བར་ཏེ། དེའང་འཁོར་རྣམས་ཀྱི་ཐེ་ཚོམ་སེལ་ཞིང་སྤོབས་པ་བསྐྱེད་པའི་ཚིག་དེ་སྐད་ཅེས་བཀའ་སྩལ་བ་དང་། འདུས་པའི་ཚོགས་ཐ་དད་པ་ཐམས་ཅད་ཀྱང་དགའ་ཞིང་མགུ་ནས་གུས་པས་སངས་


JKT006_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཡོན་ཏན་ལ་མངོན་པར་བསྟོད་དོ། །ཞེས་པའི་དོན་ནོ། །དེ་དག་གི་གོང་འོག་གི་མཚམས་སྦྱོར་བའི་ཚིག་རྣམས་དང་འགྱུར་བྱང་སོགས་ནི་རྟོགས་པར་སླ་བས་མ་སྨོས་སོ། །འདིར་ཉམས་སུ་ལེན་ཚུལ་ཅུང་ཟད་བརྗོད་ན། ཡུམ་བར་མ་ལས། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་ངོ་བོ་ཉིད་དོ། །ཞེས་བསྟན་པ་ལྟར་གོང་དུ་སྨོས་པ་བཞིན་ཕུང་པོ་ལྔ་དང་དབང་ཤེས་ཀྱི་སྤྲོས་པས་མ་གོས་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་མྱོང་བ་མཚན་ཉིད་བཞི་ལྡན་གྱི་ལ། བདག་མེད་པའི་སྟོང་པ་ཉིད་དེ་ཉིད་སྐྱེ་འགག་གནས་གསུམ་གྱི་ཐ་སྙད་དང་བྲལ་བའི་ཕྱིར་རོ། །མཚན་མ་མེད་པ་ནི། འདི་ལྟར་གཤིས་སྤྲོས་བྲལ་གྱི་སྟེང་དུ་བློ་བྱ་བྲལ་འཇོག་པས་འཁོར་གསུམ་གྱི་རྟོག་ཚོགས་ཐམས་ཅད་བསྒོམ་དུ་མེད་པའི་རང་མདངས་སུ་ཐིམ་ནས་ནམ་མཁའ་ལྟ་བུའི་དགོངས་པ་མངོན་དུ་གྱུར་པ་སྟེ། བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ནམ་མཁའ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་མི་བསྒོམ་པ་ལགས་སོ། །ཞེས་སོགས་ཀྱིས་བསྟན་ཏོ། །དེ་ལྟར་སྟོང་ཉིད་


JKT006_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་དེ་ལ་གོམས་པ་མཐར་ཕྱིན་པས་སྨྲ་བསམ་བརྗོད་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུས་གསུམ་གྱི་རྒྱལ་བའི་ཡུམ་དུ་གྱུར་པའི་རང་ཞལ་འདུ་འབྲལ་མེད་པར་མཇལ་བས། དེ་ལས་གོང་དུ་སངས་རྒྱས་ཀྱི་འབྲས་བུ་ཞེས་ཐོབ་ཏུ་མེད་པས་སྨོན་པ་མེད་པ་ཞེས་བྱ་སྟེ། སྡུད་པ་ལས། གང་ལ་ཤེས་རབ་ཕ་རོལ་ཕྱིན་མཆོག་མི་དམིགས་ཤིང་། །བྱང་ཆུབ་སེམས་དཔའ་མི་དམིགས་བྱང་ཆུབ་སེམས་མི་དམིགས། །དེ་སྐད་ཐོས་ནས་རྨོངས་པ་མེད་ཅིང་མི་སྐྲག་པ། །བྱང་ཆུབ་སེམས་དཔའ་དེ་ནི་བདེ་གཤེགས་ཤེས་རབ་སྤྱོད། །ཅེས་སོ། །དེའང་རིམ་པར་ལྟ་སྒོམ་འབྲས་བུའི་ཆོས་སུ་བཞག་པ་སྟེ་རྣམ་པར་ཐར་པའི་སྒོ་གསུམ་དུ་བརྗོད་ལ། འདི་ལྟར་འཁྲུལ་པའི་སྣང་བ་ཐམས་ཅད་ནི་སེམས་ཀྱིས་བྱས་ཤིང་། ངོ་བོ་མ་གྲུབ་བཞིན་དུ་བདག་ཏུ་བཟུང་བས་འཁོར་བར་འཁྱམས་པ་སྟེ། སྤྱོད་འཇུག་ལས༑ ལྕགས་སྲེགས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ལགས་པར་ཐུབ་པས་གསུངས། །ཞེས་བསྟན་པའི་ཕྱིར་སྟོང་ཉིད་ཀྱི་གཤིས་ལུགས་ལ་འཁོར་འདས་ཀྱི་འཇུག་ལྡོག་གི་ཚུལ་ལེགས་པར་ཚང་བས་དེས་ན་བསམ་གྱིས་མི་ཁྱབ་པའི་དོན་ལ་མཉམ་པར་བཞག་ཅིང་། རྗེས་ཐོབ་ཏུ་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་


JKT006_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་སྙིང་རྗེ་ཆེན་པོ་དང་། གཟུགས་སུ་སྣང་བ་ཐམས་ཅད་སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟ་བུ། སྒྲར་གྲགས་པ་ཐམས་ཅད་གྲགས་སྟོང་དབྱེར་མེད་བྲག་ཅ་ལྟ་བུ། ཡིད་ཀྱི་རྟོག་ཚོགས་ཐམས་ཅད་རིག་སྟོང་དབྱེར་མེད་སྒྱུ་མ་ལྟ་བུར་ལམ་དུ་ཁྱེར་བའི་ཐབས་མཁས་ཀྱིས་ཟིན་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཉིས་དང་ལྡན་ན་བདུད་སྡིག་ཅན་རྣམས་སམ་བདུད་ཀྱི་རིས་ཀྱིས་དེ་ཡི་ཚེ་ཐུབ་པར་དཀའོ། །གཉིས་པོ་གང་ཞེ་ན། འདི་ལྟ་སྟེ། དེས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བ་ཡིན༑ དེས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་ཡིན་ནོ། །ཞེས་དང་། གཞན་དུའང་། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྤྱོད་པས་བསོད་ནམས་དག་པར་འགྱུར། །ཞེས་སོ། །དེ་ལྟར་ཉམས་སུ་ལེན་ཚུལ་དེ་བཞིན་དུ་ལྡན་པས་མདོ་བཀླགས་ལ། དེ་ཡང་སྦྱོར་བ་སེམས་བསྐྱེད་ཀྱི་རྩིས་ཟིན་པར་བྱས་ནས། དངོས་གཞི་དབང་པོ་རབ་ཀྱིས་སྟོང་པ་ཉིད་ཇི་ལྟ་བའི་གནས་ལུགས་བརྗོད་དུ་མེད་པའི་ཡེ་ཤེས་ཀྱི་ངང་ནས་དང་། འབྲིང་གིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པས་དང་། ཐ་མས་ཀྱང་དང་པོར་སྟོང་པ་ཉིད་ཀྱི་དོན་དྲན་པར་བྱས་པའི་རྗེས་སྒྲ་ལ་མ་ཡེངས་པར་སེམས་གཏད་དེ་


JKT006_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ལ་རྗེས་ཐོབ་བསྔོ་བས་མཚམས་སྦྱོར་བ་སྟེ་དམ་པ་གསུམ་གྱིས་ཟིན་པ་ནི་ཤིན་ཏུ་གཅེས་ཤིང་། དེའང་ཆོས་ཐམས་ཅད་སེམས་ཀྱི་རོལ་རྩལ་དུ་རྟོགས་པས་ཕྱིའི་སྒྲོ་འདོགས་ཆོད། སེམས་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྟོང་པ་ཉིད་ཀྱི་ངོ་བོར་རྟོགས་པས་ནང་གི་སྒྲོ་འདོགས་ཆོད། དེ་ཡང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་རིག་སྟོང་རྗེན་པ་ལྷག་གེར་མཐོང་བས་གསང་བའི་སྒྲོ་འདོགས་ཆོད་དེ་རེ་དོགས་སྒྲོ་སྐུར་དང་བྲལ་བའི་དོན་ཕྱིར་མི་ལྡོག་པར་མཐོང་བ་ནི་ཉམས་ལེན་ཀུན་གྱི་སྙིང་པོའོ། །བདག་ཏུ་ལྟ་བའི་ཞགས་པ་རིང་བཅད་ནས། །སྤྲོས་བྲལ་ཤེས་རབ་ཕ་རོལ་ཕྱིན་རྟོགས་ཕྱིར། །ལེགས་པར་གསུངས་པའི་དོན་གྱི་དེ་ཁོ་ན། །རིང་མིན་འགྲོ་རྣམས་ཀུན་གྱིས་མངོན་གྱུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྣང་བའི་དོན་འགྲེལ་ཤིན་ཏུ་བསྡུས་པ་འདི་ནི་བློ་དམན་དག་གིས་ཁ་ཏོན་དུ་བགྱིད་པ་ལའང་དོན་གྱི་ཕྱོགས་ཙམ་མཐོང་བར་གྱུར་ཀྱང་བསོད་ནམས་ཆོས་མཆོག་ཏུ་གྱུར་པར་སེམས་ཏེ་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅུ་བདུན་པར་ཁྲི་ཀ་གཞན་ལ་བརྟགས་དཔྱད་མ་བྱུང་ཡང་གང་ཤར་ཡུད་ཙམ་ལ་སྦྱར་བས་སྨན་པར་གྱུར་ཅིག། ༈ །།བླ་མ་ལ་ཕྱག་འཚལ་ལོ། །ཇི་སྐད་དུ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་


JKT006_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་གསུངས་པ་ལྟར། རང་གི་སེམས་ཀྱི་གནས་ལུགས་བློ་ཡིས་བསམ་པར་མི་ནུས་ཤིང་། ངག་ཏུ་བརྗོད་པ་དང་བྲལ་ཡང་གསལ་རིག་ཙམ་མི་འགགས་པར་ཉམས་སུ་མྱོང་བ་འདི་ཀ་ལྟ་བ་ཁས་ལེན་དང་བྲལ་བ་ཡིན། དེའི་ངང་ལས་རྣམ་པར་རྟོག་པ་ཅི་ཤར་ཡང་། ཤར་ཙམ་ཉིད་ནས་ཆུ་ལ་རི་མོ་བྲིས་པ་ལྟར་རང་ཡལ་རྗེས་མེད་དུ་སོང་བའི་རིག་པའི་རང་མདངས་ཟང་ཐལ་སྒྲིབ་གཡོགས་དང་བྲལ་བ་ཉིད་མ་ཡེངས་ཙམ་དུ་སྐྱོང་བ་ལས་གཞན་པའི་བཅས་བཅོས་སྤང་བླང་གང་ཡང་མི་བྱེད་པ་ནི་སྒོམ་པ་ཉམས་མྱོང་དང་འབྲེལ་བ་ཡིན། འགྲོ་འཆག་ཉལ་འདུག་དང་བསྐྱེད་རིམ་བཟླས་བརྗོད་སོགས་ཆོས་སྤྱོད་རྣམ་བཅུས་མཚོན་པའི་སྤྱོད་ལམ་ཅི་བྱེད་ཀྱང་རང་རིག་གསལ་སྟོང་བརྗོད་མེད་ཀྱི་ཉམས་དང་མ་བྲལ་བའི་ངང་ནས་ལས་རྒྱུ་འབྲས་ཀྱི་བླང་དོར་ཚུལ་བཞིན་དུ་བྱ་བ་ནི་སྤྱོད་པ་དུས་ཚོད་དང་འབྲེལ་བ་ཡིན། དེ་ལྟ་བུའི་ལམ་ཐབས་ཤེས་ཡ་མ་བྲལ་བ་ལ་གོམས་པས་མཐར་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་རིམ་གྱིས་སྤངས་ཏེ་རང་དོན་ཆོས་སྐུ་མངོན་དུ་གྱུར། གཞན་དོན་གཟུགས་སྐུ་རྒྱུན་མི་འཆད་པ་ནི་ཐོབ་བྱའི་འབྲས་བུ་གཞན་དོན་དང་འབྲེལ་བ་ཡིན་ནོ། །མདོར་ན་དུས་དང་རྣམ་པ་ཀུན་ཏུ་ད་ལྟའི་ཤེས་པ་སྐད་ཅིག་


JKT006_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཉུག་མ་བསམ་བརྗོད་དང་བྲལ་བ་འདི་གའི་རང་ནས་བསྐྱེད་རིམ་བཟླས་བརྗོད། མཆོད་སྦྱིན་ཚོགས་གསོག་སོགས་བསོད་ནམས་ཀྱི་ཚོགས་སྤྱི་དང་། ཁྱད་པར་དུ་འཁོར་བ་ལ་ངེས་འབྱུང་། །སེམས་ཅན་ལ་སྙིང་རྗེ། བླ་མ་ལ་མོས་གུས། ནམ་འཆི་ཆ་མེད་ཀྱི་བློ་སྣ་དུང་དུང་པས་ལས་རྒྱུ་འབྲས་ཀྱི་འདོར་ལེན་ལ་ངོས་ལྐོག་མེད་པར་བསླབ་པ་ནི་རྒྱལ་བ་སྲས་བཅས་དགྱེས་པའི་ལམ་མ་ནོར་བ་ལགས་པས་ཐུགས་ངེས་འཚལ། །ཞེས་པའང་ས་མ་དྷི་བྷ་དྲའི་ཕྲིན་ལན་དུ་མཉྫགྷོ་ཥས་བྲིས་པའི་དགེ་བས་ཆོས་ཐམས་ཅད་ཀྱི་གནས་ལུགས་འཁོར་འདས་དབྱེར་མེད་ཀྱི་ཡེ་ཤེས་མངོན་སུམ་དུ་རྟོགས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྣང་བའི་གསལ་བྱེད་ངེས་དོན་སྣང་བ།next