Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་པའི་ཆོས་འདུལ་བ་ལས་བརྩམས་པའི་ཚིགས་སུ་བཅད་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་པའི་ཆོས་འདུལ་བ་ལས་བརྩམས་པའི་ཚིགས་སུ་བཅད་པ།next

དམ་པའི་ཆོས་འདུལ་བ་ལས་བརྩམས་པའི་ཚིགས་སུ་བཅད་པ།


JKT006_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

༈ དམ་པའི་ཆོས་འདུལ་བ་ལས་བརྩམས་པའི་ཚིགས་སུ་བཅད་པ་ནི། དམ་ཆོས་འདུལ་བ་གང་ཆེན་མཚོ། །དགག་སྒྲུབ་གནང་བའི་རླབས་ཕྲེང་ཅན། །གཏིང་མཐའ་མེད་པ་བདུད་རྩིའི་མཆོག །བྱང་ཆུབ་བར་དུ་ཐོབ་གྱུར་ཅིག །ས་གསུམ་འཇིག་རྟེན་སྣང་བའི་ཕུལ། །ཐུབ་མཆོག་ཞལ་གྱི་བུམ་བཟང་ལས། །དྲང་སྲོང་ལྷུང་བའི་ནགས་ཚལ་དུ། །བདེན་བཞིའི་ཟིལ་དངར་ཐོག་མར་དབྱེ། །སླར་ཡང་ཡུལ་དང་དུས་དང་ནི། །གང་ཟག་སོ་སོའི་ངོར་བྱས་ཏེ། །གཅིག་ཏུ་བཀག་དང་གཅིག་ཏུ་གནང་། །རྗེས་སུ་བཅས་དང་བསྒྲུབས་པ་ཡི། །ཚུལ་གནས་ཁྲིམས་ཀྱི་དྲིལ་ཆེན་བསྒྲགས༑ །དེ་ཚེ་ཡིད་སྲུབ་དཔུང་བཅས་ཀུན། །མྱ་ངན་ཁོང་བུར་ཚུད་པ་དང་། །ལྷར་བཅས་དགའ་བའི་འཛུམ་དཀར་གྲོལ། །ཨེ་མ་གང་ལས་ཚུལ་གང་གིས། །ཇི་ལྟར་ངེས་པར་གང་དུ་འབྱུང་། །དེ་ལྟའི་ཚུལ་ལ་ལེགས་དཔྱད་ན། །ལམ་འདིའི་བརྗོད་བྱ་གསལ་བར་མཐོང་། །མཐའ་དང་ཟད་དུ་མེད་པ་ཡི། །སྡུག་བསྔལ་འབྱུང་གནས་འཁོར་བ་ལས། །གདོན་བྱེད་ཚུལ་ཁྲིམས་རྣམ་དག་པས། །ཏིང་ངེ་འཛིན་དང་ཤེས་རབ་སྐྱེ། །དེ་ཡང་ཡོན་ཏན་མཐའ་དག་གི །རྟེན་དང་གནས་དང་འབྱུང་ཁུངས་ཀྱི། །སོ་སོར་ཐར་པའི་སྡོམ་པ་ཡང་། །ཡང་དག་བླང་དང་སྲུང་བ་དང་། །ཕྱིར་ཞིང་བཅོས་པའི་


JKT006_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བཅུ་བདུན། །འཆད་དང་སྒྲུབ་ལ་ཐོགས་མེད་པས། །འགྱོད་པ་མེད་པའི་ཚུལ་ཁྲིམས་ཀྱིས། །སེམས་ནི་རྣམ་པར་གཡེང་ལས་བཟློག །དེ་ཚེ་ཆོས་རབ་རྣམ་འབྱེད་པའི། །སོ་སོར་རྟོག་པའི་ཡེ་ཤེས་མེས། །སྲིད་པའི་རྩ་བ་བསྲེགས་བྱས་ཏེ། །ཉོན་མོངས་དགྲ་རྣམས་བཅོམ་པ་ལས། །བྱང་ཆུབ་གསུམ་གྱི་འབྲས་བུར་འགྲུབ། །དེ་བས་ཡང་སྲིད་ཐམས་ཅད་དུ། །རྙེད་དཀའ་དལ་རྟེན་དོན་ཡོད་པའི༑ །ཚུལ་གནས་ཁྲིམས་ཀྱིས་དགེ་བྱས་པས། །རྣམ་པར་གྲོལ་བ་ཉིད་གྱུར་ཅིག། །།


previousདམ་པའི་ཆོས་འདུལ་བ་ལས་བརྩམས་པའི་ཚིགས་སུ་བཅད་པ།next