Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིགས་སུ་བཅད་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིགས་སུ་བཅད་པ།next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིགས་སུ་བཅད་པ།


JKT006_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིགས་སུ་བཅད་པ་ནི། གང་དུ་ཆོས་རྣམས་རོ་གཅིག་པའི། །ཡེ་ཤེས་ཆེན་པོ་ཐུགས་ཆུད་པས། །བསམ་གྱིས་མི་ཁྱབ་སེང་གེའི་སྒྲ། །སྟོན་མཛད་ཐུབ་པའི་དབང་པོས་སྐྱོངས། །བྱིས་པའི་བློ་ཡིས་བརྟག་དཀའ་བ། །ཟབ་མོ་ཤེས་རབ་ཕ་རོལ་ཕྱིན། །སོ་སོ་རང་གིས་རིག་བྱ་གང་། །ཤེས་བྱ་ཀུན་གྱི་གནས་ལུགས་ཏེ། །ཡོད་མེད་རྟག་ཆད་སྐྱེ་འགགས་སོགས། །སྤྲོས་པའི་མཐའ་ལ་མི་གནས་པ། །ནམ་མཁའ་ལྟ་བུའི་མཚན་ཉིད་ཅན། །གཟོད་ནས་ཤིན་ཏུ་ཞི་བ་ཉིད། །དེ་ལྟར་ན་ཡང་དངོས་འདི་ཀུན། །བློ་བུར་རྐྱེན་ལས་སྐྱེས་པ་སྟེ། །རྐྱེན་ལ་ལྟོས་གང་སྟོང་ཉིད་ཅེས། །ཚིག་གི་བདུད་རྩི་ལྷག་པར་དབྱེ། །ཨེ་མ་སྣང་ཚུལ་རྟེན་འབྲེལ་དང་། །གཤིས་ལུགས་བསམ་


JKT006_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་ལས་འདས་པ། །ཟུང་འཇུག་འགལ་མེད་རྟོགས་པ་ནི། །རྒྱལ་བ་རྣམས་ཀྱི་ཡུམ་ཞེས་བཤད། །གཞི་ལམ་རྣམ་མཁྱེན་ཤེས་པ་ཡི། །ཐོས་བསམ་ཕ་རོལ་སོན་པ་ན། །ཉམས་ལེན་སྦྱོར་བཞིའི་ཚུལ་ཅན་གྱིས། །ལམ་ལྔའི་དེ་ཉིད་མངོན་དུ་བྱེད། །རྟེན་དང་བརྟེན་པར་བཅས་པ་ཡི། །སྐུ་དང་ཡེ་ཤེས་ཕྲིན་ལས་ཀྱི། །འབྲས་བུ་མཁའ་དང་སྙོམས་འཇུག་པ། །རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ལོ། །གསུང་གི་ཟླ་བ་གཅིག་པུ་ཉིད། །ཟབ་དང་རྒྱ་ཆེའི་བདུད་རྩིའི་དཔྱིད། །ཅིར་ཡང་འཇོ་བའི་ལམ་འདི་ནི། །རྣམ་གཉིས་ཤིང་རྟའི་སྲོལ་གྱིས་ཕྱེ། །དེ་ཕྱིར་དཔྱད་པས་དག་པ་དང་། །ཟབ་མོའི་དོན་ལ་རྟོན་པ་དང་། །འཕགས་དང་མཁས་པས་རབ་བསྔགས་པའི། །ཚུལ་འདིར་རྟག་ཏུ་བརྩོན་གྱུར་ཅིག །ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཉེ་བར་བསྡུས་པའི་ཚིགས་སུ་བཅད་པ་དགུ་པའོ། །ཤུ་བྷཾ།། །།


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིགས་སུ་བཅད་པ།next