Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཏིང་འཛིན་རྣམ་གསུམ་ལས་བརྩམས་པའི་ཚིགས་སུ་བཅད་པ།
   
   
   
   
   
   
   
   
   
   
   
   
   
   


 
previousཏིང་འཛིན་རྣམ་གསུམ་ལས་བརྩམས་པའི་ཚིགས་སུ་བཅད་པ།next

ཏིང་འཛིན་རྣམ་གསུམ་ལས་བརྩམས་པའི་ཚིགས་སུ་བཅད་པ།


JKT006_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཏིང་འཛིན་རྣམ་གསུམ་ལས་བརྩམས་པའི་ཚིགས་སུ་བཅད་པ་ནི། སེམས་ཀྱི་རྡོ་རྗེ་འཇམ་པའི་དབྱངས། །དེ་དང་གཉིས་མིན་བླ་མ་ལ། །བཏུད་ནས་ཚིག་གི་བདུད་རྩི་ཡིས༑ །དོན་གྱི་པདྨོ་ཅུང་ཟད་དབྱེ། །བདག་དང་ཕུང་པོ་རྣམ་རིག་དང་། །དཔྱད་པ་ཙམ་གྱིས་མི་མཚོན་པའི། །གཟོད་ནས་སྟོང་ཉིད་འདུས་མ་བྱས། །འཁོར་འདས་ཀུན་ལ་ཁྱབ་པར་གནས། །དེ་


JKT006_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སླད་སྟོང་དང་རྟེན་འབྱུང་གཉིས། །འགལ་མེད་རྟོགས་པའི་རིག་ཤེས་དང་། །གང་གིས་མྱོང་བ་དབྱེར་མེད་པའི། །དེ་བཞིན་ཉིད་ལས་མཉམ་བཞག་པས། །ཆོས་ཅན་ཆོས་ཉིད་ལྟ་བ་ཀུན། །བློ་ཡི་མདུན་ན་མི་གནས་པ། །གཞི་དོན་གཉུག་མའི་ཡེ་ཤེས་ནི། །སྙིང་གི་དབུས་སུ་སད་པར་བྱ། །གང་ཚེ་སྣང་ཙམ་བདེ་ཆེན་གྱི། །རྣམ་རོལ་འགགས་པ་མ་མཆིས་ཀྱང་། །བདེན་ཞེན་དབུ་མར་འཇིག་པའི་མོད། །དམིགས་མེད་སྙིང་རྗེའི་སྒྱུ་ཐབས་ངོམས། །སྟོང་ཉིད་སྤྲོས་པ་བརྟུལ་པའི་དབྱིངས། །རིག་རྩལ་ཀུན་ཏུ་སྣང་བ་ཡང་། །གསལ་དང་སྣང་བ་མི་ཕྱེད་པ། །ཟུང་འཇུག་ངེས་པའི་ལམ་དུ་འདོད། །ཐབས་དེས་གཞན་ལ་སྨན་པ་ཡི། །གཟུགས་སྐུའི་འབྲས་བུ་འབྱུང་བའི་རྒྱུ། །རྡོ་རྗེ་མི་ཤིགས་ནཱ་དའི་སྤྲིན། །ཡི་གེའི་འཁོར་ལོ་ཆེན་པོར་རྫོགས། །དེ་ལས་གཟུང་དང་འཛིན་པའི་ཆོས། །འོད་གསལ་མེ་ཡིས་བསྲེགས་པ་ལས། །སྐུ་དང་ཡེ་ཤེས་འབྱམས་ཀླས་པའི། །དག་པའི་ཆོ་འཕྲུལ་བསམ་མི་ཁྱབ། །གཅིག་པུ་ཉིད་ཀྱང་དུ་མར་སྣང་། །སྣང་དུས་ཉིད་ནས་ཅིར་མི་དམིགས། །གང་གིས་ཚུལ་འདི་གོམས་པ་ཡིས། །ཚོགས་གཉིས་སྟན་ཐོག་གཅིག་ཏུ་རྫོགས། །ཨེ་མ་རྡོ་རྗེའི་ཚིག་གི་རྒྱུད། །བྱིས་པའི་བློ་ཡིས་རྟོགས་མིན་གྱིས། །གང་ཤར་སྨྲ་ལ་ཉེས་པ་ཀུན། །རྡོ་རྗེ་ཅན་གྱིས་


JKT006_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པར་མཛོད། །དགེ་བས་བརྟན་གཡོ་ཀུན་གྱི་དངོས། །དེ་བཞིན་ཉིད་ཀྱི་དབྱིངས་སིམ་ནས། །ཟུང་འཇུག་བདེ་ཆེན་ཡེ་ཤེས་སྐུས། །ཡིད་ཅན་རྒྱ་མཚོ་སྨིན་གྱུར་ཅིག །སརྦ་དཱ་ཐེ་ཡོ་། བྷ་བ་ཏུ།། །།


previousཏིང་འཛིན་རྣམ་གསུམ་ལས་བརྩམས་པའི་ཚིགས་སུ་བཅད་པ།next