Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱུ་དང་འབྲས་བུའི་ཐེག་པའི་མཐར་ཐུག་གི་འབྲས་བུའི་རྣམ་པར་བཞག་པ་ངོ་མཚར་སྣང་བ།
   
   
   
   
   
   
   
   
   
   
   
   


 
previousརྒྱུ་དང་འབྲས་བུའི་ཐེག་པའི་མཐར་ཐུག་གི་འབྲས་བུའི་རྣམ་པར་བཞག་པ་ངོ་མཚར་སྣང་བ།next

རྒྱུ་དང་འབྲས་བུའི་ཐེག་པའི་མཐར་ཐུག་གི་འབྲས་བུའི་རྣམ་པར་བཞག་པ་ངོ་མཚར་སྣང་བ།


JKT006_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དང་འབྲས་བུའི་ཐེག་པའི་མཐར་ཐུག་གི་འབྲས་བུའི་རྣམ་པར་བཞག་པ་ངོ་མཚར་སྣང་བ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ༔ ཐེག་པ་ཆེན་པོ་དང་གསང་སྔགས་ཀྱི་འབྲས་བུའི་ཐོབ་ཚུལ་ཅུང་ཟད་བཤད་ན་གཉིས་ལས། དང་པོ་ནི། །སྤོང་ལམ་གྱི་དབང་དུ་བྱས་པ་དག་ལ་ཀུན་ཏུ་འོད་སངས་རྒྱས་ཀྱི་སར་བཞག་ནས་བཤད་པར་བྱ་སྟེ། འདི་སངས་རྒྱས་པ་ངོ་བོ་ཉིད་ཀྱི་སྐུ་རང་བཞིན་དང་། འདིས་སངས་རྒྱས་པ་ཆོས་ཀྱི་སྐུ་བྱང་ཆུབ་ཕྱོགས་མཐུན་ཚད་མེད་པ་ལ་སོགས་པའི་ཡོན་ཏན་གྱིས་ཕྱེ་བ་ཅན་དག་རྫས་དང་ལྡོག་པའི་དབྱེ་བས་གཅིག་དང་ཐ་དད་དུ་སྨྲ་བའི་དབང་གིས་སྐུ་གསུམ་མམ་བཞིར་འདོད་པ་དག་གང་ཡིན་ཡང་རུང་། ངོ་བོ་དངོས་པོ་སྤྱིའམ་སེམས་ཀྱི་རང་བཞིན་དྲི་མ་མེད་པའི་ཡོན་ཏན་དེ་ཉིད་ཀྱིས་ཕྱེ་བས་མངོན་དུ་གྱུར་པ་ནི་དྲི་མ་མཐའ་དག་དག་ཅིང་ཡོན་ཏན་རྣམ་པ་ཐམས་ཅད་པའི་དོན་གྱིས་སངས་རྒྱས་དངོས་ཡིན་ཅིང་༑ དེ་ནི་སངས་རྒྱས་རང་ཁོ་ནའི་སྤྱོད་ཡུལ་ཅན་ཡིན་པས་སྒྲིབ་པ་དང་བཅས་པ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་ལ། འོན་ཀྱང་སངས་རྒྱས་རྣམས་ནི་གཞན་དོན་འབའ་ཞིག་གིས་རབ་ཏུ་བྱེ་བའི་


JKT006_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། སྨོན་ལམ་དང་ཐུགས་རྗེའི་འཕེན་པ་ཚད་མེད་པས་ཡིད་བཞིན་གྱི་ནོར་བུས་རེ་བ་བཀང་བ་ལྟར། ཡེ་ཤེས་ཀྱི་སྐུ་དེ་ཉིད་བདག་པོར་གྱུར་པའི་ཚུལ་གྱིས་སྐུ་གསུང་ཐུགས་ཀྱི་སྣང་བརྙན་སེམས་ཅན་རང་གི་རྒྱུད་ཀྱི་ཁྱད་པར་ཡོངས་སུ་སྨིན་པའི་ཉེར་ལེན་ལས་སྣང་བ་དག་འབྱུང་བ་ཡིན་ཏེ། རེ་ཞིག་ཉོན་སྒྲིབ་རྣམ་པར་དག་ཀྱང་། ཤེས་སྒྲིབ་ཀྱིས་བཟུང་བའི་ཁྱད་པར་ཅན་ས་བཅུའི་བྱང་སེམས་དག་ལ་ལོངས་སྤྱོད་རྫོགས་པའི་སྐུ་ངེས་པ་ལྔ་ལྡན་དུ་སྣང་བ་ཡིན་ལ། ཉོན་སྒྲིབ་ཙམ་གྱིས་དག་པའམ། དེས་མ་དག་ཀྱང་སྤྱིར་རྒྱུད་ཡོངས་སུ་དག་པ་དག་ལ། དེའི་ཆ་མཐུན་སྤྲུལ་པའི་སྐུ་གསུང་ཐུགས་དང་མཛད་པའི་ཁྱད་པར་དག་སྣང་ལ། དེ་ལའང་རིགས་ཅན་སོ་སོའི་རྒྱུད་ཀྱི་ཁྱད་པར་ལས། ཐེག་པ་ཆེན་པོ་པ་རྣམས་ལ་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ། དག་པར་ཆུད་པ་རྣམས་ལ་ཕལ་ཆེན་སོགས་ལས་འབྱུང་བ་ལས་ནི་དམན་ལ། ཉན་རང་ལ་སོགས་པ་ལ་ལྟོས་ཏེ་ནི། དེ་དག་བསམ་གྱིས་ལོངས་པ་དག་སྣང་བ་སྟེ། དེའང་ཉན་ཐོས་རྣམས་ལ་རང་གི་རྒྱུད་ཁོ་ནའི་རྐྱེན་གྱིས་སྡུག་བསྔལ་གྱི་ཕུང་པོའི་ལྷག་མ་ཅན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་པ་དག་ཀྱང་མཉམ་པར་བཞག་པ་ལས་མངོན་དུ་མཛད་དེ་ཤེས་བྱ་རིམ་གྱིས་མཁྱེན་པ་ཅན་དང་། མཁྱེན་


JKT006_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཇི་ཙམ་པས་མངོན་རྟགས་སུ་གྱུར་པའི་ཆོས་བདེན་བཞིས་བསྡུས་པ་དག་གསུངས་ཤིང་། ཡོངས་སུ་མྱ་ངན་འདས་པ་ན་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཤེས་བརྗོད་ཀྱི་རྒྱུན་ཆད་དེ་སྙོམས་པར་ཞུགས་བ་ཙམ་དུ་སྣང་ལ། དེ་ལས་ཀྱང་སྐལ་བ་དམན་པ་རང་ཅག་ལྟ་བུ་རྣམས་ལ་ནི་ད་ལྟར་སློབ་དཔོན་གྱི་གཟུགས་སུ་སྣང་བ་ལས་ཆོས་དེ་དང་དེ་སྟོན་པ་ལའང་སངས་རྒྱས་ཀྱི་ཡེ་ཤེས་བདག་པོར་གྱུར་པ་ཡིན་ནོ། །གཉིས་པ་ནི། གོང་མའི་བུམ་དབང་ནས་རྒྱུད་སྡེ་འོག་མའི་བར་བསྒྱུར་བའི་ལམ་དུ་བྱས་པ་དག་ལ། པདྨོ་ཅན་གྱི་སར་བཞག་ནས། དེ་ལའང་བཞི་ལས། དང་པོ་བྱ་བའི་རྒྱུད་དུ་ནི། ལྷའི་རྣལ་འབྱོར་དང་། ལྷ་དེ་དང་དེ་དག་གི་དམ་ཚིག་ཕྱག་རྒྱ་བཅིངས་པ་ལས། གཙོ་བོར་བཟླས་པའི་བསམ་གཏན་གང་ཡང་རུང་བ་ལ་འབད་པ། རིག་པ་འཛིན་པའི་སའི་གནས་ལུས་ལོངས་སྤྱོད་དུ་སྣང་བ་དང་། གཙོ་བོར་གཞན་དོན་གྱི་སྒོ་རྣམས་གཟུངས་ཉིད་དུ་སྣང་བས་བྱེད་ཅིང་། གཞན་དག་ཕྱག་རྒྱས་ཀྱང་འགྲུབ་པ་སྟེ། དེ་ཡང་བདག་གི་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ལས་སྣང་བ་ནི་སྐུ་དང་། གཟུངས་སྔགས་གསུང་། ཕྱག་རྒྱ་ཐུགས་སམ་རང་སའི་སྐུ་གསུམ་མམ་བཞིར་འགྱུར་ལ། དེ་དག་ལྷར་སྣང་བའི་དབང་གཙོ་བོར་བཟུང་བ་ལས་ནི་འཇིག་རྟེན་ལས་འདས་པའི་རིགས་གསུམ་དང་།


JKT006_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུའམ་མཛད་པའི་དབྱེ་བས་དེ་དག་གི་འཁོར་འཇིག་རྟེན་པའི་རིགས་གསུམ་སྟེ་དྲུག་གིས་བསྡུས་ཤིང་། དེའི་གཙོ་བོའི་དབང་བསྟན་པ་ཉེ་བར་བཟུང་ནས། རྗོད་བྱེད་གྱི་རྒྱུད་རྣམས་ཀྱང་དྲུག་ལ་སོགས་པར་སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཕྱེ་བ་ཡིན་ནོ། །གཉིས་པ་སྤྱོད་རྒྱུད་དུ། འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་ལ་སོགས་པ་ལས་ཡང་དག་པར་འདས་ཏེ། མོས་སྤྱོད་པའི་ས་ལ་འཇུག་གནས་ལྡང་གསུམ་མངོན་དུ་བྱས་ཏེ། དེ་ཉིད་ལྷ་དང་སྔགས་ཀྱི་བསམ་གཏན་གཙོ་བོར་གྱུར་པ་དང་སྦྱོར་བ་དག་པ་ལ་འཇུག་པ་སོགས་སུ་གོམས་པ་ལས་ཇི་ལྟར་རིགས་པར་བདེན་པ་མཐོང་ཞིང་། མངོན་ཤེས་ལ་སོགས་པ་གྲུབ་པའི་ས་བཅུར་ཕྱེ་བ་དག་བགྲོད་པའི་མཐར་ཀུན་ཏུ་སངས་རྒྱས་པའི་སར་ཡི་གེ་བཞི་ཡི་རིམ་གྱིས་མངོན་པར་བྱང་ཆུབ་པ་བཞི་མངོན་དུ་བྱས་པ་ལས། སེམས་གསུམ་གྱི་དེ་ཁོ་ན་ཉིད་མངོན་པར་བྱང་ཆུབ་པ་དྲི་མ་མེད་པའི་མཚན་ཉིད་ཅན་ལས། ལམ་དུ་ཇི་ལྟར་བསྒྱུར་བ་དང་མཐུན་པའི་སྐུ་མི་ཟད་པ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ཡོན་ཏན་གྱི་ཆོས་མ་ལུས་པ་རྟེན་དང་བརྟེན་པའི་ལྷར་སྣང་བས་རབ་ཏུ་ཕྱེ་བའི་འཁོར་ལོ་སྣང་བ་དང་། གསུང་མི་ཟད་པ་ཡི་གེ་འཁོར་ལོའི་དཀྱིལ་འཁོར་དུ་འབྲས་བུའི་ཡོན་ཏན་ཐམས་ཅད་ཡི་གེའི་དཀྱིལ་འཁོར་དུ་སྣང་བ་དང་། ཐུགས་མི་ཟད་པ་


JKT006_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱའི་དཀྱིལ་འཁོར་དུ་དེ་དག་ཕྱག་རྒྱར་སྣང་བ་སྟེ། རགས་པའི་སྐུ་གསུམ་མམ་བཞི་ལ་སོགས་པར་ཡང་འགྱུར་ལ། འབྲས་བུའི་དཀྱིལ་འཁོར་གསུམ་པོ་དེ་དག་གི་དབང་ལས་རིགས་ཀྱང་གསུམ་དུ་ཕྱེ་ཞིང་རྗོད་བྱེད་ལ་ཡང་ངོ་། །གསུམ་པ་རྣལ་འབྱོར་གྱི་རྒྱུད་དུ། སྲིད་པ་ཐ་མ་པར་གྱུར་པ་ན་འོག་མིན་དུ་མངོན་བྱང་ལྔ་མངོན་དུ་བྱས་པ་ལས་ལོངས་སྐུར་གྱུར་ཏེ། སྐད་ཅིག་མ་དེ་ཉིད་ཀྱི་ཚེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པའི་བར་གྱིས་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་མངོན་དུ་གྱུར་ཏེ། །རིགས་ཐམས་ཅད་ཀྱི་ཆོས་སྟོན་པ་པོར་དབང་ཐོབ་ནས། ལོངས་སྐུ་ལས་སྤྲུལ་པའི་རིགས་ལྔ་ལས་སྐུ་རྩ་དཀྱིལ། གསུང་ཆོས། ཐུགས་གཟུངས། ཕྲིན་ལས་ལས་ཀྱི་དཀྱིལ་འཁོར་གྱི་བར་དག་དུམ་བུ་བཞིས་འདུལ་བའི་གདུལ་བྱའི་རྒྱུད་དང་འཚམས་པར་རིགས་སོ་སོར་སྣང་ཞིང་། དེ་ཡང་རྒྱས་བསྡུས་བར་གསུམ་ལ་མོས་པའི་ཁྱད་པར་ལས། དཀྱིལ་འཁོར་རྒྱས་པ་དང་། ཕྱག་རྒྱ་བཞི་གཅིག་སོགས་སུ་བྱུང་སྟེ། ཐམས་ཅད་སྐུ་གསུང་ཐུགས་ཕྲིན་ལས་ཀྱི་ཆོས་མཐའ་དག་ལྷ་དང་ཡི་གེ་ལ་སོགས་པར་སྣང་བ་ཉིད་ལམ་དུས་སུ་ལམ་གྱི་ཆོས་མཐའ་དག་དེ་དང་དེར་བསྒྱུར་ཞིང་། གཞི་ཆོས་མཐའ་དག་དེ་དང་དེར་བསྒྱུར་ཞིང་། གཞི་ལ་ལྟོས་ཏེ་ཉོན་།


JKT006_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་བསྒྱུར་བར་ཡང་སོང་བས་ལམ་འབྲས་མངོན་རྟོགས་མཐུན་པར་འབྱུང་ཞིང་། དེ་ཐམས་ཅད་ཀྱང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབྱེ་བས་རིགས་ལྔར་འདུ་ཞིང་། གདུལ་བྱའི་དབང་གི་དབྱེ་བསྡུའི་རྗོད་བྱེད་དུམ་བུ་བཞིར་གནས་པ་ཡིན་ནོ། །བཞི་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུ། བུམ་དབང་སྣང་སྐབས་ཀྱི་འབྲས་བུའི་སྣང་བ། རང་གི་ཕུང་ཁམས་སྐྱེ་མཆེད་ཁོ་ནའི་གནས་སྐབས་ཀྱི་འཁྲུལ་པ་བསྒྱུར་བ་ལས་བྱུང་བའི་རིགས་གཅིག་ནས། རིགས་བརྒྱའི་བར་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པའི་ངོ་བོར་སྣང་བ་དང་། རིགས་དེ་དག་ཀྱང་རྩ་ཁམས་ཀྱི་དབྱེ་བ་ཁོ་ན་ལས་སྣང་བས༑ དེའི་རླུང་བཅིངས་པ་ལས་བྱུང་བའི་ངག་སྔགས་དང་། ཡིད་རང་སའི་བདེ་སྟོང་དགའ་བའི་མཚན་ཉིད་ཅན་རྣམས་ནི་སྐུ་གསུང་ཐུགས་སམ། སྐུ་གསུམ་དང་བཞིར་ཕྱེ་བ་རང་སའི་དབང་དུ་བྱས་པ་དག་ཡིན་ལ། གསང་བའི་དབང་གི་བྱང་ཆུབ་ནི། ངག་རྡུལ་གྱི་ཆོས་དག་པ་ལ་བཞག་ཕྱིར། ཡི་གེའི་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། རྩ་དག་པའི་བདག་རྐྱེན་གྱི་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་པར་ཤར་བའི་སྣ་ཚོགས་གཟུགས་དང་། གཙོ་བོར་རླུང་དག་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་སོགས་པར་འགྱུར་བས་སྐད་རྣམ་པ་ཐམས་ཅད་པའམ་ལོངས་སྐུའི་སྐད་ཅེས་བྱ་ལ། དེ་ཡང་མགོན་པོ་


JKT006_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་རྒྱུ་བའི་ངེས་པ་དང་། འཁོར་ལོ་དྲུག་ཡོན་ཏན་གསུམ་གྱིས་ཕྱེ་བ་རྣམས་ལ་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་རྣམས་སུ་འཇོག་གོ །དེ་བཞིན་དུ་ཤེར་དབང་གི་སྐབས༑ དེ་མཐའ་དག་ཞུ་བའི་བདེ་བ་ཉིད་ཀྱི་རྒྱུ་འབྲས་ཀྱི་ཆོས་ལ་བརྩི་སྟེ། དེ་ཡང་ཐུགས་མི་ཕྱེད་པ་ལྷན་སྐྱེས་ཀྱི་ཆོས་ལ་བཞག་པའི་ཕྱིར། རྡོ་རྗེ་འཆང་བར་བསྙད་ལ། འདི་དག་ཏུ་ནི་འདོད་པའི་གནས་སྐབས་བཅུ་དང་། ཁམས་ལས་བྱུང་བའི་དགའ་བ་སོགས་ཐིག་ལེའི་གནས་སྐབས་བཞི་དང་། འཁོར་ལོ་དྲུག་ཏུ་ཐིམ། ལོངས་སྤྱོད་པའི་བདག་པོའི་ཐིག་ལེའམ། ཡང་ན་དཀར་དམར་དུ་འདྲེས་པའི་དུས་ཉིད་ཀྱི་འབྱུང་བཞི་དག་ཁམས་དྲུག་ཡོན་ཏན་གསུམ་གྱིས་ཕྱེ་བ་རྣམས་ལ་སྟོབས་སོགས་དང་། དེའི་རྟེན་གྱི་ངོས་ནས་མཚན་སོགས་ལྔར་ཕྱེ་བ་དག་སྟེ། རིམ་པ་དེ་འདྲ་བས་སྐུ་བཞིའམ༑ གསུམ་ལ་སོགས་པར་འགྱུར་རོ། །མྱ་ངན་ལས་འདས་པའི་ཕྱོགས་དབང་བཞི་པའི་ལམ་གྱི་ངེས་པ་ལས་ནི། བདེ་གཤེགས་ཐམས་ཅད་བགྲོད་གཅིག་གི་ལམ་གྱི་འབྲས་བུ་མཐར་ཐུག་པ་ཡེ་ཤེས་བླ་མའི་སའི་ངེས་པ་ཉིད་ཀྱིས། གཞིའི་གནས་ཚུལ་བསལ་བཞག་ཐམས་ཅད་དང་བྲལ་བ་དེ་ཉིད། ཁམས་རླུང་མི་གཡོ་བ་ལས་བྱུང་བའི་འཁྲུལ་པའི་དྲི་མ་ཕྲ་བས་ཀྱང་མ་བསླད་པའི་ངོ་བོ་མངོན་དུ་


JKT006_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་སྟེ། དེའང་རིས་སུ་མ་ཆད་པས་མཁའ་ལྟར་ཀུན་ལ་ཁྱབ་པ། རང་གི་ངོ་བོ་སྐྱེ་འགག་བྲལ་བ་ཉིད་ཀྱིས་ཟད་པ་མེད་པའང་ཞིང་ཁམས་ཀྱི་རྣམ་པར་དབྱེ་བ་དང་བྲལ་བ་ཤེས་བརྗོད་ཀྱི་ཡུལ་མ་ཡིན་པས་ཞིང་དང་མཛད་པ་སོགས་གྲངས་སུ་བགྲང་བ་ལས་ཡང་དག་པར་འདས་ཤིང་། རྒྱ་ཆད་ཕྱོགས་ལྷུང་མེད་པའི་སེམས་ཀྱི་རང་ཆས་མངོན་དུ་གྱུར་པའི་གནས་སྐབས་ཡིན་པའི་ཕྱིར། སྔར་བསྟན་པའི་ལས་འབྲས་སྲིད་དོ་ཅོག་དང་། དེར་མ་ཟད་བརྟན་གཡོ་ཐམས་ཅད་ཀྱི་ངོ་བོ་བདག་པོར་གྱུར་པ་རྣམས་ཉིད་ཀྱིས་ལྷུན་གྲུབ་ཏུ་འཆར་བ་ཡིན་ནོ། །གནས་སྐབས་སུ་སོ་སོར་བཞག་པ་ཐམས་ཅད་བླ་དང་བཅས་པ་ཞེས་བྱ་ལ། སོ་སོ་དེ་ལྟ་བུ་སྦྱངས་པ་ལས། མཐར་བགྲོད་པ་གཅིག་པའི་ངེས་པར་འབྱུང་བ་གཅིག་པུ་ཉིད་བདེ་བ་ཆེན་པོའི་ས་ཞེས་བྱ་ལ། གཞི་ཡི་གནས་སྐབས་ཀྱི་འཁྲུལ་པ་བཞི་རྣམ་པར་དག་པ་བྱས་པ་ལས་གདོད་མའི་སྒྲིབ་པ་མེད་པ་སོགས་མངོན་དུ་གྱུར་པ་ཉིད་ལ། ཇི་ལྟར་རིགས་པར་རིམ་པ་བཞིན་དུ་སྒྱུ་འཕྲུལ་དྲྭ་བ་དང་། རྣམ་པ་ཉི་ཤུ་དང་། རྣམ་པ་ལྔ་དང་། སྐད་ཅིག་གཅིག་གིས་བྱང་ཆུབ་པའི་མཚན་ཉིད་ཅན་གྱི་སྐུ་བཞི་དང་། དམ་ཚིག་སེམས་དཔའ་ལ་སོགས་པའི་སེམས་དཔའ་བཞི་དང་། གཞི་ལམ་རྣམ་པར་དག་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ།


JKT006_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བཞིའི་དབྱེ་བས་སྐུ་བཞིར་ཡང་རྣམ་པར་བཞག་པ་སྟེ། མདོར་ན་སེམས་ཀྱི་ཐབས་ཡན་ལག་བདུན་ལྡན་སྒྲིབ་བྲལ་དེ་ཉིད་མངོན་དུ་གྱུར་པ་ལས་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པར་འཆར་ཞིང་། ཕྱིན་ལས་རྣམ་པ་ཐམས་ཅད་པ་འཁོར་བ་ཇི་སྲིད་དུ་འབྱུང་ལ། རང་གི་ངོ་བོ་ཉིད་ལ་བཞག་པ་ཐམས་ཅད་བྲལ་ཞིང་ཅི་ཡང་འབྱུང་བ་མེད་པ་ཞེས་བྱ་བ་ཡིན་ནོ། །འདི་ལྟར་མཉམ་སྦྱོར་གྱི་བྱེ་ཀར། སངས་རྒྱས་ཀྱི་ས་ཀུན་ཏུ་འོད་དང་། པདྨོ་ཅན་དང་། ཡི་གེའི་འཁོར་ལོ་ཚོགས་ཆེན་གྱི་ས་དང་། རྡོ་རྗེ་འཆང་དབང་དང་། ཡེ་ཤེས་བླ་མའི་ས་དང་། བདེ་བ་ཆེན་པོའི་ས་རྣམས་རིམ་པ་བཞིན་དུ་སྦྱངས་ཤིང་། གཅིག་ཅར་ཐོབ་པའོ། །ཞེས་དང་། མཚན་བརྗོད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་སོ།། ༈ །།རྒྱུད་སྡེ་བཞི་ལས། དང་པོ་བྱ་རྒྱུད་ཀྱི་ལམ་རིམ་ནི། རྟེན་གྱི་གང་ཟག་སོར་སྡོམ་དང་། བྱང་སེམས་ཀྱིས་རྒྱུད་སྦྱངས་པ་ཞིག་སྤྱོད་པ་གསུམ་པོ་ཉམས་སུ་བླངས་པ་སྟེ། འདི་ཕར་ཕྱིན་དུ་མ་བཤད་ཅིང་། ཕར་ཕྱིན་ལས་བཤད་པའི་ལམ་ཐམས་ཅད་ཀྱི་སྟེང་། འདི་ལྷག་པར་བརྒལ་ནས་ཉམས་སུ་བླངས་པས་འབྲས་བུ་འགྲུབ་པ་ཡིན་པ་ལ་ཁྱད་པར་དུ་འཕགས་སོ། །དེ་ལ་དང་པོ་འཇུག་པའི་སྤྱོད་པ་ནི། སྤྱི་


JKT006_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ནས་གསུངས་པའི་ཆོ་ག་རིགས་གསུམ་སྤྱིའམ། སོ་སོའི་དཀྱིལ་འཁོར་དུ་དབང་བསྐུར་ནས་སྔགས་ཀྱི་སྡོམ་ལྡན་དུ་བྱེད་པ་དང་། སྦྱོར་བའི་སྤྱོད་པ་ནི། བདག་གི་དེ་ཁོ་ན་ཉིད་སྟོང་པ་སྔོན་དུ་འགྲོ་བར་བྱས། མདུན་དུ་རང་འདོད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས། དེ་ལ་མཆོད་བསྟོད་སོགས་མཚན་བཅས་ཀྱི་རྣལ་འབྱོར་ཉམས་སུ་ལེན་པ་དང་། སྒྲུབ་པའི་སྤྱོད་པ་ནི། །བསམ་གཏན་ཕྱི་མ་ལས་གསུངས་པ་ལྟར། མཐུན་རྐྱེན་འཛོམ་པའི་གནས་སུ་འགལ་རྐྱེན་སྤངས་ནས། མེར་གནས། སྒྲ་གནས། སྒྲ་མཐའི་དེ་ཉིད་སོགས་མཚན་མེད་ཀྱི་ཏིང་འཛིན་ཉམས་སུ་ལེན་པ་སྟེ༑ དེ་ལྟར་སྤྱོད་པ་དང་པོས་རྟེན་གྱི་གང་ཟག་དང་། ཕྱི་མས་ལམ་དངོས་བསྟན་ལ། གཉིས་པོ་དེས་གནས་སྐབས་ཀྱི་འབྲས་བུ་ས་དང་པོའི་བར་དུ་བསྒྲུབས་ནས། མཐར་ཐུག་གི་འབྲས་བུ་བྲལ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞིས་བརྒྱན་པའི་སྐུ་གསུམ་ཐོབ་པར་བཤད་དོ། །གཉིས་པ་སྤྱོད་རྒྱུད་ཀྱི་ལམ་རིམ་ནི། རྒྱུ་རྟེན་གྱི་གང་ཟག །རྐྱེན་ལམ་གྱི་རིམ་པ། འབྲས་བུ་སངས་རྒྱས་ཀྱི་སའོ། །དང་པོ་ནི༑ རིགས་ཀྱི་གཙོ་བོ་ལུས་ངག་ཡིད་གསུམ་ཕུན་སུམ་ཚོགས་པ་གསུམ་དང་ལྡན་པའོ། །གཉིས་པ་ལ་ཕར་ཕྱིན་གྱི་ལམ་གྱིས་རྒྱུད་སྦྱངས་པ་དང་། དེ་ནས་རྒྱུད་ལ་འཇུག་པའི་ཚུལ་གཉིས། དང་པོ་


JKT006_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཐོག་མར་འདིར་འཇུག་པ་ལ་བྱང་ཆུབ་ཀྱི་སེམས་དང་། ཕར་ཕྱིན་དྲུག་སོགས་ཀྱིས་རྒྱུད་སྦྱངས་པ། ཕྱི་མ་ངེས་པར་དགོས་པ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དུ་གསུངས་སོ། །གཉིས་པ་ལ་སྤྱོད་པ་གསུམ་སྟེ། དང་པོ་ལ་ཕྱི་འཇུག་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བླངས་པར་དམ་ཚིག་དང་སྡོམ་པ་ལ་གནས་པར་བྱ་བ་དང་། ནང་འཇུག་ལ་མཚན་བཅས་འཇིག་རྟེན་དང་། མཚན་མེད་འདས་པའི་རྣལ་འབྱོར་གཉིས། དེ་ལ་མཚན་མེད་ནི་ངོ་བོ་ཉིད་མེད་པར་རྟོགས་པའི་ཏིང་འཛིན་ལ་སེམས་ཇི་སྲིད་འདོད་ཀྱི་བར་དུ་གནས་པའོ། །མཚན་བཅས་ནི། ཐོག་མར་བདག་གནས་རྣལ་འབྱོར་སྲུང་བ་སོགས་སྔོན་དུ་འགྲོ་བའི་བདག་གི་སྒོ་ནས་བདག་གི་དེ་ཁོ་ན་སྟོང་པ་ཉིད་བསྒོམས་ཏེ། དེའང་སྒྱུ་མ་ལྟ་བུ་དང་། ནམ་མཁའ་ལྟ་བུ་རིམ་བཞིན་བསྒོམས་ནས་རང་བཞིན་མེད་པར་གཏན་ལ་ཕབ་པའོ། །དེ་ནས་ལྷའི་སྐུར་བསྐྱེད་ལ་སྔགས་དང་ཕྱག་རྒྱ་ལ་སོགས་པས་བྱིན་གྱིས་བརླབ། དེ་ནས་གཞི་གཉིས་པ་རང་གི་མདུན་དུ་སངས་རྒྱས་ཀྱི་སྐུ་བསྐྱེད་པའི་ཐུགས་ཀར་སྔགས་བཀོད་ནས་ཏིང་ངེ་འཛིན་བརྟན་པར་བྱེད་པའོ། །སྦྱོར་བའི་སྤྱོད་པ་ལའང་། མཚན་བཅས་ཕྱིའི་བཟླས་བརྗོད་ཡན་ལག་བཞི་དང་། ནང་གི་བཟླས་བརྗོད་ཡན་ལག་བཞི་རྣམས་ཡིན་ལ། མཚན་མེད་ལྷའི་སྐུ་ཡང་


JKT006_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་ཙམ་དུ་ཤེས་པར་བྱས་ནས་རང་རིག་པ་ཙམ་ལ་གནས་ནས་ཡིད་བཟླས་བྱེད་པའོ། །སྒྲུབ་པའི་སྤྱོད་པ་ལས། ཕྱིའི་དངོས་གྲུབ་རལ་གྲི་ལ་སོགས་པའི་རྫས་བླངས་ནས་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་སྒྲུབ་པ་ཡིན་ལ། ནང་གི་དངོས་གྲུབ་ནི། ནང་གི་འབྱུང་བཞིའི་དཀྱིལ་འཁོར་བསྒོམས་པས་མངོན་ཤེས་ཉེར་ལྔ་དང་། ཞར་ལ་མཚན་བཅས་ཀྱི་དངོས་གྲུབ་རྣམས་ཀྱང་འགྲུབ་བོ། །འབྲས་བུ་སངས་རྒྱས་ཀྱི་ས་ནི། གང་གིས་སྒྲུབ་པའི་རྒྱུ་དང་། དེས་གྲུབ་པའི་འབྲས་བུ་གཉིས། དང་པོ་ནི། སྤྱིར་རྒྱུའི་གཙོ་བོ་གསུམ་དང་། ཁྱད་པར་ཆོས་ཀྱི་འདུ་ཤེས་བརྒྱད་ཀྱིས་འཇིག་རྟེན་ལས་འདས་པའི་ལམ་འཇུག་ཅིང་། དེ་ནས་འཇིག་རྟེན་འདས་པའི་ལམ་འགྲུབ་པའི་ཚུལ་དང་། དབང་རྟུལ་གང་ཟག་གི་བདག་མེད་རྟོགས་པའི་དང་། དབང་རྣོན་ཆོས་ཀྱི་བདག་མེད་རྟོགས་པའི་སྒོ་ནས་འཇུག་པ་གཉིས། དང་པོ་ནི། འཇིག་རྟེན་པའི་སེམས་བརྒྱ་དང་དྲུག་ཅུ་བསྐལ་པ་གསུམ་གྱིས་འདས་པའི་གང་ཟག་གི་བདག་མེད་རྟོགས་པའི་སེམས་སྐྱེ་བ་ཡིན་ལ། དབང་རྣོན་ནི་བསྐལ་པ་གཉིས་ཀྱིས་འཇིག་རྟེན་ལས་འདས་པ་ཆོས་ཀྱི་བདག་མེད་རྟོགས་པའི་སེམས་སྐྱེ་བ་ཡིན་ནོ། །དེ་ནས་སེམས་དེ་ཉིད་ཀྱིས་ས་བཅུ་པའི་བར་དུ་བགྲོད་པ་ནི་རྒྱུའོ། །གཉིས་པ་ནི། དཔའ་བོ་


JKT006_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་ཏིང་ངེ་འཛིན་གྱིས་བདུད་བཞི་བཅོམ་སྟེ་ཁམས་གསུམ་ལས་འདས་ཏེ་འོག་མིན་སྟུག་པོ་བཀོད་པར་མངོན་བྱང་ལྔའི་ཚུལ་གྱིས་སངས་རྒྱས་པར་བཤད་དོ། །གསུམ་པ་རྣལ་འབྱོར་གྱི་རྒྱུད་ཀྱི་མངོན་རྟོགས་ནི། རྒྱུ་རྒྱུད། ཐབས་རྒྱུད། འབྲས་རྒྱུད་གསུམ་སྟེ། དང་པོ་ནི། ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་རང་བཞིན་གྱི་འོད་གསལ་བ་ཉིད་ཡིན་ལ། དེ་ནི་རྒྱུན་མི་འཆད་པས་ཨཱ། རྒྱུད་དོ། །གཉིས་པ་ནི། རང་བཞིན་གྱི་དྲི་མ་བྲལ་བ་དེ་མངོན་དུ་བྱེད་པའི་ཐབས་ཤེས་ཀྱི་རྣལ་འབྱོར་ཡན་ལག་དང་བཅས་པ་སྟེ། འདི་ལ་སློབ་མའི་དང་། སློབ་དཔོན་གྱི་རིགས་ཅན་གྱི་ལམ་གཉིས་ལས། དང་པོ་ནི། རིག་པའི་དབང་ཙམ་སྟེར་ཞིང་། དེ་ཡང་སྦྱང་བ་མ་བྱས་ན་དམ་ཚིག་འཛིན་མི་ནུས་པས་དམ་ཚིག་མི་སྦྱིན་ཅིང་། ཡི་དམ་གྱི་སྒོམ་བཟླས་ཙམ་སྦྱིན། སྦྱང་བ་བྱས་པ་ནི། དེ་དང་འབྲེལ་བའི་དམ་ཚིག་ཀྱང་བསྲུངས་ནུས་པས་དམ་ཚིག་སྦྱིན། དངོས་གྲུབ་ཀྱི་ཡེ་ཤེས་གང་འདོད་པ་ལ་སློབ་ཏུ་འཇུག །གཉིས་པ་ནི། རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བའང་བྱ་ཞིང་། དེ་ནས་རྗེས་སུ་འབྲེལ་བའི་དམ་ཚིག་ལ་བསླབ་པ་དང་། དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་བཅུ་ལ་བསླབ་པ་དང་། སློབ་མ་གཞུག་པ་སོགས་སློབ་དཔོན་གྱི་ལས་དང་། དངོས་གྲུབ་ཀྱི་ཡེ་ཤེས་དང་། ཕྱག་རྒྱའི་


JKT006_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དང་། རྩ་བའི་རྒྱུད་དང་། ཕྱི་མ་དང་། ཕྱི་མ་ཕྱི་མའི་རྒྱུད་ལ་སོགས་པའི་སྒྲུབ་པའི་ཚུལ་ཐམས་ཅད་ལ་བསླབ་པར་བྱ་བའོ། །འབྲས་བུའི་རྒྱུད་ནི། གནས་སྐབས་སུ་དངོས་གྲུབ་ནི་ཡེ་ཤེས་ཇི་ལྟར་འདོད་པ་ལ་སྦྱོར་ཞིང་། མཐར་ཐུག་ཁམས་གསུམ་ལས་འདས་པའི་འོག་མིན་ཆེན་པོར་མངོན་བྱང་ལྔའི་ཆོ་འཕྲུལ་སྐུ་བཞི་དབྱེར་མེད་པའི་གོ་འཕང་བརྙེས་པའོ། །བཞི་པ་བླ་མེད་ཀྱི་རྒྱུད་ལ་སློབ་དཔོན་གྱིས་མངོན་པར་རྟོགས་པ་ལས། དང་པོ་ཕ་རྒྱུད་གསང་འདུས་ལ། ཤདྨ་ཝ་རྨས་རྒྱུ་ཐབས་འབྲས་བུའི་རྒྱུད་གསུམ་གྱི་མངོན་རྟོགས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་རིམ་པ་དྲུག་གམ། །ལྔའམ༑ གཉིས་ཀྱི་མངོན་རྟོགས་དང་། འཕགས་པ་ལྷས་གང་ཟག་གི་རིམ་པ་འཇུག་ཚུལ་དང་བསྟུན་པའི་མངོན་རྟོགས་དགུ་དང་། སློབ་དཔོན་སྐལ་བཟང་རྡོ་རྗེས། སྨིན་བྱེད་དབང་། གྲོགས་དམ་ཚིག ༑རྒྱུད་ཀྱི་བཤད་པ། བྱང་ཆུབ་འགྲུབ་པའི་རྒྱུ་བྱང་སེམས། མཐར་ཕྱིན་པའི་ཐབས་སྤྱོད་པ་སྟེ་ལྔ་གཞི་ལམ་འབྲས་གསུམ་གྱིས་བསྡུས་པར་འཆད་པ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། ལམ་རྒྱུད་ཀྱི་མངོན་པར་རྟོགས་པ། སྨིན་བྱེད་དབང་བཞི། གྲོལ་བྱེད་བསྐྱེད་རིམ། རྫོགས་རིམ་རིམ་ལྔ། སྤྱོད་པ་གསུམ། འབྲས་བུ་མཆོག་ཐུན་གཉིས་སུ་བསྡུས་ཏེ་བཤད་པ་དང་། དགྲ་ནག་གི་


JKT006_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པར། དབང་། དམ་ཚིག །བསྙེན་པ་དང་། སྒྲུབ་པ། འབྲས་བུ་དང་ལས་ཚོགས་ཏེ་གཞི་ལམ་འབྲས་གསུམ་གྱིས་བསྡུས་པའི་མངོན་རྟོགས་དྲུག་ཏུ་བཤད་པ་སོགས་སོ། །གཉིས་པ་མ་རྒྱུད་བདེ་མཆོག་ལ། གྲུབ་ཆེན་ལཱུ་ཧི་པས། རྣལ་འབྱོར་ཀུན་སྤྱོད་ཀྱི་རྒྱུད་ལ་བརྟེན་ནས། སྔོན་དུ་འགྲོ་བ་ཉམས་སུ་ལེན་པ་དང་གང་ཟག་གི་ཀུན་སྤྱོད། དེས་ཉམས་སུ་བླང་བ་ལམ་གྱི་ཀུན་སྤྱོད་དེས་གྲུབ་པ་འབྲས་བུའི་ཀུན་སྤྱོད་དེ་སྤྱིའི་མངོན་རྟོགས་གསུམ་གྱི། དང་པོ་ལ་གང་ཟག་དྲུག་དང་། གཉིས་པ་ལམ་ལ་ལམ་གྱི་གཙོ་བོ་སྐུ་གསུམ་ལམ་བྱེད་ཀྱི་མངོན་རྟོགས་དང་། ཡན་ལག་ལ་དང་པོ་གཉིས་རྫོགས་པར་བྱེད་པའི་ཡན་ལག་ལྔ་དང་། གསུམ་ཀ་རྫོགས་བྱེད་ཀྱི་ཡན་ལག་ལྔ་སྟེ་བཅུ། གསུམ་པ་འབྲས་བུ་ལ། མཆོག་དང་། ཐུན་མོང་དང་། ཕྱག་རྒྱ་ཆེན་པོའི་མངོན་རྟོགས་གསུམ་སྟེ། ཉི་ཤུ་རྩ་གཉིས་སུ་འབྱེད་པར་གསུངས་པ་དང་། སློབ་དཔོན་ནག་པོ་སྤྱོད་པས་སྦྱིན་བྱ་དབང་བཞི། ཉམས་སུ་བླང་བྱ་རིམ་གཉིས་གྲོགས་དང་བཅས་པ་དང་། ཉམས་སུ་བླངས་པ་ལས་བྱུང་བའི་འབྲས་བུ་སྟེ་མངོན་རྟོགས་གསུམ་དུ་བསྟེན་པ་སོགས་བསམ་གྱིས་མི་ཁྱབ་ལ། གསུམ་པ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་དཔལ་ཀྱེ་རྡོ་རྗེ་ལ། གཙོ་བོར་སློབ་དཔོན་ཌོམྦྷི་ཧེ་རུ་ཀས་རྒྱུད་གསུམ་ལས་ཕྱེ་


JKT006_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མངོན་རྟོགས་སུམ་ཅུ་རྩ་བརྒྱད་དང་། སློབ་དཔོན་ནག་པོ་པ་རྗེས་འབྲངས་དང་བཅས་པས། རྒྱུད་གསུམ་ལ་ལམ་གྱི་དངོས་གཞི་ཕར་ཕྱིན་དང་ཐུན་མོང་དུ་བྱེད་པའི་ཚེ་མངོན་པར་རྟོགས་པ་ལྔ་བཅུ་རྩ་བདུན། དངོས་གཞི་རིམ་གཉིས་ལ་བཞག་པའི་ཚེ་ལྔ་བཅུ་རྩ་དྲུག །ཡང་རྒྱུད་གསུམ་ལས་མངོན་རྟོགས་འབྱེད་ཚུལ་གཞན་ལྔ་བཅུར་བྱེད་པ་སྟེ་གསུམ་དུ་བཞེད་པ་དང་། དུས་ཀྱི་འཁོར་ལོར་འཇུག་པའི་རིམ་པ་དང་བསྟུན། འཇིག་རྟེན་གྱི་ཁམས། ནང་རྡོ་རྗེའི་ལུས། གཞན་ཡང་བཅུ་གཅིག་སྔོན་དུ་འགྲོ་བ་ལ། ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཕྱིར་བསྐྱེད་པའི་རིམ་པ་ཡན་ལག་བཞི་དང་། རྫོགས་པའི་རིམ་པ་སྦྱོར་བ་ཡན་ལག་དྲུག་ཏུ་བསྟན་པ་སོགས་སོ། །ཤུ་བྷཾ།།


previousརྒྱུ་དང་འབྲས་བུའི་ཐེག་པའི་མཐར་ཐུག་གི་འབྲས་བུའི་རྣམ་པར་བཞག་པ་ངོ་མཚར་སྣང་བ།next