Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་བཞེད་པའི་ལྟ་བའི་རྣམ་གཞག་འཁྲུལ་མེད་དུ་སྟོན་པ་ཚིག་དོན་གྱི་ས་བོན།
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་བཞེད་པའི་ལྟ་བའི་རྣམ་གཞག་འཁྲུལ་མེད་དུ་སྟོན་པ་ཚིག་དོན་གྱི་ས་བོན།next

རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་བཞེད་པའི་ལྟ་བའི་རྣམ་གཞག་འཁྲུལ་མེད་དུ་སྟོན་པ་ཚིག་དོན་གྱི་ས་བོན།


JKT006_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་བཞེད་པའི་ལྟ་བའི་རྣམ་གཞག་འཁྲུལ་མེད་དུ་སྟོན་པ་ཚིག་དོན་གྱི་ས་བོན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ༔ དཔལ་ས་སྐྱ་པ་ཆེན་པོའི་གསུང་ངག་ལམ་འབྲས་སོགས་ལས་ལྟ་བའི་བཞེད་ཚུལ་སྙིང་པོར་དྲིལ་བ་ནི་གཉིས་ཏེ། སྣང་བ་གསུམ་གྱི་སྐབས་སུ་བསྟན་པའི་དབུ་མའི་ལྟ་བ་དང་། རྒྱུད་གསུམ་གྱི་སྐབས་སུ་བསྟན་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་རབ་ཏུ་བྱེད་པའོ། །དང་པོ་ལའང་འཕགས་པ་ཀླུ་སྒྲུབ་དང་། མགོན་པོ་བྱམས་པའི་མན་ངག་གཉིས་


JKT006_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་ནི། སློབ་དཔོན་ཨཱརྱ་དེ་བས། བསོད་ནམས་མ་ཡིན་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །ཐ་མ་ལྟ་གཞི་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཅེས་པའི་དོན། ཐོག་མར་མ་དག་པའི་སྣང་བ་ལ་བརྟེན་ངེས་འབྱུང་བསྐྱེད་པ་དང་། ཉམས་ཀྱི་སྣང་བའི་ནང་ནས་བྱམས་སྙིང་རྗེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་རྣམས་ཀྱིས་བསོད་ནམས་མ་ཡིན་པའི་ལས་བཟློག་ནས་མངོན་པར་མཐོ་བའི་གོ་འཕང་ལ་བཀོད། བར་དུ་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཚེ། བདེན་འཛིན་གྱི་སྤྲོས་པ་གཅོད་པས་བདག་ཏུ་འཛིན་པ་བཟློག་ནས་ཐར་པའི་ས་ལ་བཀོད་དེ། དེ་ཡང་རང་རྒྱུད་ཀྱི་ཕུང་པོ་ལྔར་བདེན་པར་འཛིན་པའི་བདེན་འཛིན་ངོས་བཟུང་། འདི་ལྟར་གལ་ཏེ་བདེན་པར་གྲུབ་ན། རྒྱུ་རྐྱེན་གང་ལའང་མ་ལྟོས་པར་ཐོག་མ་ཉིད་དུ་གྲུབ་དགོས་པའི་ཕྱིར༑ འདི་དག་རྒྱུ་རྐྱེན་འབའ་ཞིག་ལས་གྲུབ་པར་འདུག་པས་བདེན་པར་གྲུབ་པ་མི་འདུག་སྙམ་དུ་ཐག་བཅད། དེ་ལ་སེམས་བཟུང་ནས། དང་པོ་བསྒྲིམས་ཏེ་བདེན་འཛིན་གྱི་རྣམ་རྟོག་ཚར་བཅད། བར་དུ་བདེན་མེད་ཀྱི་སྟེང་དུ་སེམས་ལྷོད་ཀྱིས་ཀློད། མཐར་རེས་འཇོག་གམ། ཡང་ན་རང་སོ་བཟུང་སྟེ་ལྟ་བའི་དྲན་ཤེས་མཉམས་པའི་ངང་ཧད་དེ་ཕྱད་དེ་བཞག །དེ་ལ་ཡིད་ཆེས་རྙེད་པས། ཆོས


JKT006_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བདེན་མེད་དུ་ཁྲོལ་གྱིས་འགྲོའོ། །དེའི་ཚེ་སྔར་ཞི་གནས་སྐྱེས་པ་ལ་ལྟ་བའི་གནད་ཀྱིས་ཟིན་པས་ཟུང་འཇུག་ཏུ་འགྲོའོ། །ཐ་མ་ལས་ཉོན་གཉིས་བདེན་འཛིན་རྣམ་རྟོག་ལས་བྱུང་། །དེ་ཡང་སྤྲོས་པའམ་མཚན་འཛིན་ལས་བྱུང་བས་ན། བདེན་མེད་ཡིན་སྙམ་པའི་ལྟ་བའི་གཞི་དེ་ཡང་བཟློག་པ་ཐམས་ཀྱིས་ཟིན་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་སྟེ། དེས་ན་རྟེན་འབྲེལ་གྱི་གནད་ལས་ཆོས་ཐམས་ཅད་བདེན་མེད་དུ་ངེས་པ་དྲངས་པ་དེའི་རྒྱུན་མི་མཐུད་པར། ཡུལ་སྟོང་པ་ཉིད་དེ་ནི་ཡོད་མེད་ལ་སོགས་པ་གང་དུའང་བཟུང་དུ་མེད་དེ། དེ་གཉིས་སུ་འཛིན་པའི་བློ་ཅན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ་སྙམ་དུ་ཐག་བཅད་དེ། ཡུལ་སྤྲོས་པས་མ་རིག་པར་བློའི་ལྟ་བ་ཐམས་ཅད་སྤངས་ཏེ། འཛིན་མེད་དུ་ཕྱམ་མེར་བཞག་གོ །དེའི་ཕྱིར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས། འཛིན་པ་བྱུང་ན་ལྟ་བ་མིན། །ཅེས་པ་ལྟ་རིམ་བར་གྱི་བདེན་འཛིན་དང་། ཐ་མའི་ཚེ་མཚན་འཛིན་སྤོང་བའི་དོན་ཏོ། །གཉིས་པ་ནི། གཞི་དུས་ཀྱི་རང་བཞིན་འོད་གསལ་སྤྲོས་པ་དང་བྲལ་བ་ནི་འཁོར་ཀླུའདས་གཉིས་ཀའི་རྒྱུ་ཡིན་ལ། དེ་ངོས་མ་ཟིན་པར་གཟུང་འཛིན་གཉིས་སུ་ཤར་བའི་ཉོན་མོངས་པ་མངོན་གྱུར་བག་ཉལ་དང་བཅས་པ་འདི་འཁོར་བའི་རྩ་བ་ལྷན་སྐྱེས་ཀྱི་མ་རིག་པ་ཡིན་པས། འདིའི་


JKT006_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་བཅད་དེ་དབྱིངས་སུ་བསྟིམ་དགོས། དེ་ལ་གཟུང་བའི་འཁྲུལ་སྣང་བཅད་པ་དང་། འཛིན་པའི་འཁྲུལ་སྣང་བཅད་པ་གཉིས། དང་པོ་ལ་གསུམ། དྲོད་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཚོལ་བ། རྩེ་མོ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཚོལ་བ། བཟོད་པ་གཟུགས་མེད་རྟོགས་པའི་ཏིང་ངེ་འཛིན་ཚོལ་བའོ། །དང་པོ་ནི། གཟུང་འཛིན་གཉིས་བྲལ་གྱི་ཡེ་ཤེས་རང་རིག་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པ་ཞིག་རང་རྒྱུད་ལ་གནས་ཀྱང་། ཕྱི་དོན་འདི་དག་རང་སེམས་ལས་ལོགས་སུ་བཟུང་བས་སྒྲིབ་པ་ཡིན་པས་དེ་བསལ་དགོས། བསལ་ཚུལ་ཡང་། འདི་དག་སེམས་ཀྱི་འཁྲུལ་སྣང་ཙམ་ཡིན་གྱི། དོན་དུ་ལོགས་སུ་བདེན་གྲུབ་རྡུལ་ཙམ་ཡང་མེད་དོ་ཞེས་ཐག་བཅད་ནས་མྱོང་བ་འདོན་པས། ཕྱི་དོན་འདི་དག་རང་སེམས་ཀྱི་འཁྲུལ་ངོ་ཙམ་ལས་དོན་དུ་བདེན་པར་གྲུབ་པ་མི་འདུག་སྙམ་དུ་ངེས་ཤེས་སྐྱེ་བའི་གསལ་སྣང་ཅུང་ཟད་འབྱུང་ངོ་། །གཉིས་པ་ནི། གསལ་སྣང་དེ་ཆེས་ཆེར་མཆེད་ནས་མྱོང་བ་ཤིན་ཏུ་གསལ་པོ་འབྱུང་བའོ། །གསུམ་པ་ནི། སླར་ཡང་འབད་པས། རང་རྒྱུད་ཀྱི་སེམས་སྒྲིབ་བྱེད་གཟུང་བྱའི་འཁྲུལ་སྣང་མངོན་གྱུར་པ་དག་ནས་སེམས་གསལ་སྣང་གི་དྭངས་ཆ་དང་བདེ་བ་ལྷག་པར་སྐྱེ་བའོ། །དེའི་ཚེ་ནང་འཛིན་པའི་འཁྲུལ་སྣང་མ་ནུབ་ཀྱང་། ཕྱི་གཟུང་བའི་འཁྲུལ་


JKT006_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ནུབ་སྟེ། བདེན་ཞེན་ཅུང་ཟད་ཀྱང་མི་འབྱུང་བས་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཅེས་ཀྱང་བྱའོ། །གཉིས་པ་ནི། སླར་ཡང་འབད་པས། ནང་འཛིན་བྱེད་སེམས་ཀྱི་འཁྲུལ་སྣང་དེ་ཡང་ནུབ་སྟེ། རང་སེམས་འོད་གསལ་གསལ་སྣང་ཆེས་ཆེར་དོད་པ་དེ་མངོན་སུམ་དུ་མཐོང་བ་ལྟ་བུའི་ཉམས་འཆར་ཏེ། དེ་ནི་ཆོས་མཆོག་བར་ཆད་མེད་པའི་ཏིང་འཛིན་ཡིན་ལ། དེའི་ཚེ་ལྷན་སྐྱེས་ཀྱི་མ་རིག་པ་མ་དག་ཀྱང་། དེ་ལས་བྱུང་བའི་གཟུང་འཛིན་གྱི་འཁྲུལ་སྣང་མངོན་གྱུར་པ་ཕལ་ཆེར་དག་པའི་འོད་གསལ་ཤར་ཏེ། མཐོང་ལམ་སྐྱེ་བ་བར་ཆད་མེད་པར་བདེ་བླག་ཏུ་འགྲུབ་བོ། །སླར་ཡང་འབད་པས། གཟུང་འཛིན་གཉིས་ཀྱི་སྤྲོས་གཞི་ལྷན་སྐྱེས་ཀྱི་མ་རིག་པ་བག་ཉལ་མ་དག་ཀྱང་། མངོན་དུ་གྱུར་པ་དག་སྟེ། རང་རིག་རང་གསལ་གྱི་ཡེ་ཤེས་རྗེན་ནེ་ཡེ་རེ་བ་མཐོང་བའི་གསལ་སྣང་དང་ཡེ་ཤེས་སྐྱེ་སྟེ། སྣང་མཆེད་ཐོབ་གསུམ་གྱི་འཁྲུལ་སྣང་མངོན་གྱུར་པ་ནུབ། དེའི་གཉེན་པོ་སྣང་མཆེད་ཐོབ་གསུམ་གྱི་གསལ་སྣང་རིམ་བཞིན་ཤར། དེའི་རྗེས་སུ་ལྷན་སྐྱེས་ཀྱི་མ་རིག་པ་མངོན་གྱུར་རགས་པ་ཡང་ནུབ་སྟེ་འོད་གསལ་ཆེན་པོ་འཇིག་རྟེན་ཆོས་མཆོག་གི་སྐབས་སོ། །དེ་ལྟར་བསྒོམས་པའི་མཐར། ལྷན་སྐྱེས་ཀྱི་མ་རིག་པ་བག་ཉལ་དང་བཅས་པ་དག་པའི་ཆ་ཤས་གཅིག་མངོན་དུ་མཐོང་


JKT006_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ས་དང་པོ་སྟེ། དེ་ནས་རིམ་བཞིན་ས་བཅུ་པའི་སྒྲིབ་བྱེད་ཀྱི་མ་རིག་པ་ཆ་ཤས་རེ་རེ་དག་པས་གསལ་སྣང་ཇེ་ཆེར་གྱུར་ཏེ། ས་བཅུ་གཅིག་པར་སངས་རྒྱས་པའི་ཚེ་དག་པ་གཉིས་ལྡན་གྱི་འོད་གསལ་བློའི་ཡུལ་ལས་འདས་པ་མངོན་སུམ་མཐོང་བ་ཡིན་ནོ། །གཉིས་པ་རྒྱུད་གསུམ་གྱི་སྐབས་སུ་བསྟན་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་བ་ངོ་སྤྲད་ཅིང་ཉམས་སུ་བླངས་པ་སྟེ། འདི་ལ་བཞི་སྟེ། ཐོག་མར་མྱོང་བ་འདོན་པའི་གཞི་སེམས་བཙལ་བ་དང་། དེ་གསལ་སྟོང་ཟུང་འཇུག་ཏུ་ངོ་སྤྲད་པ་དང་། དེ་ཉིད་གཉུག་མ་ལྷན་སྐྱེས་ཀྱི་ཡེ་ཤེས་སུ་བསྒྲུབ་པ་དང་། དེའི་དོན་བསྒོམས་པས་ཉམས་སུ་བླང་བའོ། །དང་པོ་ནི། བློ་ཁ་ནང་དུ་ཕྱོགས་ཏེ། རང་གི་སེམས་གང་དུ་འདུག །ཁ་དོག་དང་དབྱིབས་ཇི་ལྟར་འདུག་སོགས་ཞིབ་ཏུ་དཔྱད་ཅིང་གཞིག་གོ །གཉིས་པ་ནི། དེ་ལྟར་བརྟག་ན་ངེས་པ་མི་རྙེད་ཀྱང་ཐ་སྙད་དུ་སེམས་གསལ་རིག་ཙམ་དུ་མ་འགག་པར་ངོས་ཟིན་ཏེ་ནང་ནས་རང་བྱུང་གི་ཉམས་ཅུང་ཟད་ཤར་བ་ན། གསལ་བ་སེམས་ཀྱི་མཚན་ཉིད་ཅེས་བྱ་སྟེ། སེམས་ཀྱི་ཡོན་ཏན་སུམ་ཆ་གཅིག་རྟོགས་པ་ཡིན། དེའི་ངོ་བོ་ལ་བརྟགས་པས་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྟོང་ཉིད་ལ་ངེས་ཤེས་རྙེད་པ་ན་སྟོང་པ་སེམས་


JKT006_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རང་བཞིན་ཅེས་བྱ་སྟེ། སེམས་ཀྱི་ཡོན་ཏན་སུམ་ཆ་གཅིག་རྟོགས་པ་ཡིན། དེ་ལྟར་རྟོག་པར་ཉམས་སུ་མྱོང་བའི་ཚེ། ཅང་མེད་ཀྱི་སྟོང་པ་མ་ཡིན་པར་ཅི་ཡང་འཆར་དུ་རུང་བའི་གསལ་རིག་ཙམ་དུ་འདུག་ལ། དེའི་ངོ་བོ་ལ་བལྟས་པས་རང་བཞིན་གང་དུའང་གཟུང་དུ་མི་འདུག་པས་སྟོང་པ་ཉིད་དུ་ཐག་ཆོད། དེ་གཉིས་ཀྱང་ཡ་བྲལ་མ་ཡིན་པར་གསལ་བཞིན་དུ་སྟོང་། སེམས་ཀྱི་རང་བཞིན་སྟོང་པ། སྟོང་པ་ཚོལ་མཁན་གྱི་འགྱུ་བ་གསལ་བ། གསལ་བའི་དུས་ན་སྟོང་པ། སྟོང་པའི་ངང་ནས་གསལ་བ་རང་ཤར་དུ་བྱུང་བའི་གསལ་སྟོང་ཟུང་འཇུག་ཏུ་ཐག་ཆོད་པ་ལ་ཟུང་འཇུག་ཏུ་ལ་བཟླ་བ་ཞེས་བྱ། འདི་ལ་གོ་ཡུལ་ཙམ་མིན་པའི་མྱོང་བ་རྣལ་མ་ཞིག་ཤར་ཚེ་ཅིར་སྣང་འཁོར་འདས་དབྱེར་མེད་ཀྱི་རོལ་པར་འཆར་ཞིང་། བཅོས་མིན་སེམས་ཀྱི་ངོ་བོ་ཞེས་གསལ་སྟོང་ཟུང་འཇུག་གི་ཡོན་ཏན་ཆ་ཚང་བར་རྟོགས་པའོ། །གསུམ་པ་ནི། གཉུག་མ་ལྷན་སྐྱེས་ཀྱི་ཡེ་ཤེས་ངོ་སྤྲད་པས། ཡེ་ཤེས་དེ་ནི་རང་སེམས་སྤྱི་ཙམ་པ་འདི་དང་། འཁྲུལ་སྣང་གི་སེམས་འདི་ལ་ངོས་འཛིན་པ་མ་ཡིན་ཏེ༑ གཞི་དུས་ཀྱི་གསལ་སྟོང་ཟུང་འཇུག་འཁྲུལ་མེད་ཞིག་ལ་བཞག་གོ། །དེ་ལ་མདོ་རྒྱུད་རྣམས་སུ། བདེ་གཤེགས་སྙིང་པོ་དང་། རྣམ་བྱང་གི་སེམས་དང་། རང་བཞིན་གྱིས་འོད་གསལ་བའི་


JKT006_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་། སེམས་ཀྱི་རྡོ་རྗེ་ཞེས་སོགས་མིང་གི་རྣམ་གྲངས་དུ་མར་བཏགས་ཤིང་། ཀུན་གཞི་རྒྱུ་རྒྱུད་ཅེས་ཀྱང་བྱའོ། །རང་རྒྱུད་ལ་སྣང་བའི་ལྷན་སྐྱེས་སེམས་འཁྲུལ་པ་ནི་གློ་བུར་འཁོར་བ་སྦྱང་བྱ་ཡིན་ནོ། འོ་ན་ཇི་ལྟ་བ་ཞིག་གོ་ཞེས་རྟོག་པ་ལ། གློ་བུར་གྱི་སེམས་འཁོར་བ་དེའི་རང་བཞིན་ཡང་ཡིན་ལ། དེ་དག་ཐོག་མ་མེད་པ་ནས་འགྲོགས་ཀྱང་སྔར་ངོ་མ་འཕྲོད་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ནི་མྱང་འདས། དེ་གཉིས་རྣམ་པ་སོ་སོར་སྒྲོ་བཏགས་ཀྱང་ངོ་བོའི་ཆ་ནས་སོ་སོར་འབྱེད་མི་ཤེས་པ་ནི་རྒྱུ་དུས་ཀྱི་ལྟ་བ་འཁོར་འདས་དབྱེར་མེད་ཅེས་བྱ་ཞིང་། དེ་ངོ་འཕྲོད་པའི་གཟུང་འཛིན་གཉིས་བྲལ་གྱི་ཡེ་ཤེས་རང་སེམས་གསལ་སྟོང་ཟུང་འཇུག་ལ་མཉམ་པར་འཇོག་པ་ལ་ལམ་དུས་ཀྱི་ལྟ་བ་འཁོར་འདས་དབྱེར་མེད་ཀྱང་བཞེད་དོ། །བཞི་པ་ནི། གནད་གསུམ་གྱི་སྒོ་ནས་བརྟེན་ཅིང་བོགས་དབྱུང་བར་བྱེད་དགོས་པས། དང་པོ་ཡུལ་སྣང་སེམས་སུ་བསྒྲུབ་པ་ནི་ཕྱི་རོལ་གྱི་ཡུལ་སྣང་འདི་ཐམས་ཅད་རང་སེམས་བག་ཆགས་ཀྱིས་དཀྲུགས་པའི་འཁྲུལ་སྣང་ཁོ་ན་ལས་བདེན་པར་གྲུབ་པ་མེད་པའི་ཚུལ་ལུང་དང་དཔེས་གཏན་ལ་ཕབ་སྟེ་བསྒོམས་པས་ཡུལ་སྣང་སེམས་སུ་ཐག་ཆོད་པའི་ངེས་པ་རྙེད་ནས་ལྟ་བའི་སྟེང་དུ་འཛིན་པ་མ་ཞུགས་པར་བྱས་ཏེ་གསལ་ལ་རྙོག་པ་མེད་པར་བཞག །དེས་ཕྱི་དོན་བདེན་མེད་


JKT006_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྟོགས་པས་སེམས་ཙམ་རྣམ་རྫུན་པའི་ལྟ་བ་དང་ཚུལ་མཚུངས་ཤིང་། རང་བཞིན་གསལ་བའི་ཆ་ལ་བརྟེན་ཅིང་བོགས་འབྱིན་པར་བྱེད་དོ། །གཉིས་པ་སེམས་སྣང་སྒྱུ་མར་བསྒྲུབ་པ་ནི། ཕྱི་རོལ་གྱི་གཟུང་པའི་ཡུལ་ནི་འཛིན་བྱེད་ཀྱི་སེམས་འཁྲུལ་པས་བསླད་པའི་འཁྲུལ་སྣང་ཡིན་ལ། གཟུང་བའི་ཡུལ་མ་གྲུབ་པ་བཞིན་དུ་འཛིན་བྱེད་ཀྱི་སེམས་ཀྱང་མ་གྲུབ་བོ་སྙམ་དུ་ལུང་དང་དཔེས་གཏན་ལ་ཕབ་ནས་རང་བཞིན་སྟོང་པའི་ཆ་ལ་བརྟན་ཅིང་བོགས་འབྱིན་ནོ། །འོན་ཀྱང་གཟུང་འཛིན་འཁྲུལ་པའི་ཆ་བདེན་མེད་དུ་རྟོགས་ཀྱང་། དེ་གཉིས་ལས་གཞན་པའི་གསལ་སྟོང་ལ་བདེན་པར་འཛིན་པ་ཡོད་པའི་ཕྱིར་སེམས་ཙམ་རྣམ་རྫུན་པའི་ལྟ་བ་དང་ཚུལ་མཚུངས་སོ། །གསུམ་པ་སྒྱུ་མ་རང་བཞིན་མེད་པར་བསྒྲུབ་པ་ནི། གཟུང་འཛིན་ཐམས་ཅད་བདེན་པར་མེད་ནའང་། དེ་ལས་རྫས་གཞན་པ་ཞིག་བདེན་པར་གྲུབ་བམ་སྙམ་ན། དེའང་རང་བཞིན་མེད་པར་བསྟན་པ་ལ་གཉིས་ཏེ། རྟེན་འབྲེལ་དུ་བསྒྲུབ་པ་དང་། བརྗོད་བྲལ་དུ་བསྒྲུབ་པའོ། །དང་པོ་ནི། འདུས་བྱས་ཐམས་ཅད་རྟེན་འབྲེལ་གྱི་གནད་ཀྱིས་བདེན་པར་མ་གྲུབ། འདུས་མ་བྱས་རྣམས་ཀྱང་འདུས་བྱས་ལ་ལྟོས་ནས་བཞག་པའམ། འདུས་བྱས་བདེན་སྟོང་གི་ཆ་ལ་འདུས་མ་བྱས་ཞེས་བཞག་པ་ཡིན་ཏེ། དེ་ལས་ལོགས་སུ་བདེན་


JKT006_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲུབ་པ་མ་དམིགས་ཏེ། ཀླུ་སྒྲུབ་ཀྱིས། འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ཀྱང་ཇི་ལྟར་འགྲུབ། །ཅེས་གསུངས། དེས་རྟེན་འབྲེལ་གྱི་རྟག་ལས་ཆོས་ཐམས་ཅད་རང་བཞིན་མེད་པར་ལུང་དང་དཔེའི་སྒོ་ནས་བསྒྲུབ་པ་རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུ་མའི་ལམ་རྨད་དུ་བྱུང་བ་རྟོགས་པ་ནི་ཕར་ཕྱིན་དང་ཆ་མཉམ་གྱི་ལྟ་བ་ཞེས་བྱ། དེ་ལྟར་ཐོས་བསམ་གྱི་སྒྲོ་འདོགས་ཆོད་ཅིང་། སྒོམ་པས་ཉམས་སུ་མྱོང་བའི་བདེན་སྟོང་ཡང་གཉུག་མའི་སེམས་གསལ་བ་དང་ཟུང་འཇུག་ཏུ་ཉམས་སུ་མྱོང་བ་ནི་འཁོར་འདས་དབྱེར་མེད་དོ། །གཉིས་པ་ནི། དེ་ལྟར་ཉམས་སུ་བླངས་པས། ཡུལ་སྣང་སེམས། སེམས་སྒྱུ་མ། སྒྱུ་མ་རྟེན་འབྲེལ་དུ་ཐག་ཆོད་དེ། འགལ་བར་སྣང་བ་ལྟ་བུའི་ཆོས་རྣམས་མི་འགལ་བར་ཉམས་སུ་མྱོང་ཞིང་ངེས་པ་སྐྱེ། སྐྱེས་པ་དེའི་རང་བཞིན་ཇི་ལྟ་བ་བརྗོད་དུ་མེད་པའི་ཕྱིར་བརྗོད་བྲལ་ཞེས་བཏགས་པ་ཙམ་མོ། །དེས་ན་རང་གི་ངོ་བོ་བརྗོད་དུ་མེད་ཀྱང་བླ་མའི་མན་ངག་དང་ལུང་རིགས་ཀྱི་སྒོ་ནས་གསལ་སྟོང་དབྱེར་མེད་ཀྱི་དོན་གོ་ཞིང་། བསམ་དུ་མེད་པའི་དབྱིངས་སུ་ཐིམ་པས་མ་བསྒོམས་པའི་རང་བཞིན་མངོན་དུ་འགྱུར་ཞིང་། མ་མཐོང་བའི་མཐོང་བ་ཆེན་པོ་ལ་བརྟེན་ནས་གནས་ལུགས་བཅིངས་པ་མེད་པར་རྟོགས་པས་གྲོལ་ཏེ། དོན་དམ་པ་འཚང་རྒྱ་


JKT006_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རུ་མེད་ཀྱང་། ཀུན་རྫོབ་སྨོན་ལམ་དང་སྙིང་རྗེའི་དབང་གིས་སངས་རྒྱས་པའི་ཚུལ་བསྟན་ནས་འགྲོ་བ་རྣམས་སྨིན་པར་བྱེད་དོ། །འདིའི་སྐབས་སུ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་དཔེ་བཞི་བཞི་སྟེ་བརྒྱད་དུ་གསུངས་པའི། སྔ་མ་ལ་བརྟེན་ནས་ཡུལ་སྣང་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པ་ཙམ་དུ་རྟོགས་པས། སྤང་བྱ་དང་པོ་མ་རིག་པའི་དུག་ཐོན་པ་ཙམ་ལས། འཁོར་བའི་རྩ་བ་རྣམ་རྟོག་རྒྱུན་ཆགས་རྩོལ་བའི་དུག་མི་ཐོན་པས་རྒྱུ་དུས་ཀྱི་ལྟ་བ་དུག་ཅན་ཅེས་བྱ་བ། ཡུལ་རྟོགས་པ་ཙམ་ལ་ལྟ་བར་བཞག་པའོ། །དཔེ་ཕྱི་མ་རྣམས་དང་། དབང་དང་རིམ་གཉིས་ལས་བྱུང་བའི་ཡེ་ཤེས་ནི་རྣམ་རྟོག་རྒྱུན་ཆགས་ཀྱི་རྩོལ་བའི་དུག་འདོན་ནུས་པས་ལམ་དུས་ཀྱི་ལྟ་བ་དུག་མེད་ཅེས་བྱ། དོན་གྱི་ཡེ་ཤེས་མཚོན་པར་ནུས་པས་དཔེའི་ཡེ་ཤེས་ཞེས་ཀྱང་བྱ་སྟེ། ཉམས་མྱོང་ཏིང་ངེ་འཛིན་ལ་ལྟ་བར་བཞག་པ་ཡིན་ནོ། །དེ་ལྟར་ཉམས་སུ་བླངས་ནས་སེམས་འཁྲུལ་འབྱམས་སུ་མི་འཆོར་བར་ཅིར་སྣང་ཡེ་ཤེས་ཀྱི་རོལ་པར་འཆར་བ་དང་། འཁྲུལ་སྣང་ཤར་སྲིད་ནའང་ལྟ་བའི་དྲན་འདུན་གྱིས་ཆབ་རོམ་ཆུར་ཞུ་བ་ལྟར། འཁྲུལ་སྣང་ཐམས་ཅད་ཡེ་ཤེས་སུ་འཆར་བར་བྱེད་པ་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ། མདོར་ན་ཐ་སྙད་དུ་སྣང་བ་སེམས་སུ་ཁས་ལེན་པ་ནི་རྒྱུད་དང་


JKT006_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་ཀྱི་དགོངས་པ་ཡིན་ལ། དེ་ཉིད་བདེན་མེད་དུ་སྒྲུབ་པ་ཙམ་གྱིས་ཕུང་པོ་རྣམ་དཔྱད་ཀྱི་སྟོང་ཉིད་ཅེས་སྙིང་པོ་མེད་པའི་ཕྱིར། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ངོ་སྤྲོད་ནི་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ། འཇམ་དཔལ་གྱིས། ཕུང་པོ་རྣམ་དཔྱོད་སྟོང་ཉིད་ནི། །ཞེས་སོགས་གསུངས་པའང་འདི་ལ་དགོངས་སོ། །དཔལ་ས་སྐྱ་པའི་བཞེད་ཚུལ་གྱི་ལྟ་སྒོམ་གྱི་རྣམ་གཞག་ཉུང་ངུར་དྲིལ་བ་ཤུ་བྷཾ།།


previousརྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་བཞེད་པའི་ལྟ་བའི་རྣམ་གཞག་འཁྲུལ་མེད་དུ་སྟོན་པ་ཚིག་དོན་གྱི་ས་བོན།next