Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞལ་གདམས་ཀྱི་འགྲེལ་ཆུང་གསང་སྔགས་སྙེ་མ།
   
   
   
   
   
   
   
   


 
previousཞལ་གདམས་ཀྱི་འགྲེལ་ཆུང་གསང་སྔགས་སྙེ་མ།next

ཞལ་གདམས་ཀྱི་འགྲེལ་ཆུང་གསང་སྔགས་སྙེ་མ།


JKT006_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདམས་ཀྱི་འགྲེལ་ཆུང་གསང་སྔགས་སྙེ་མ་བཞུགས་སོ། །ན་མོ་གུ་རུ་ཝེ། འཇིགས་བྲལ་བདེ་ཆེན་རྟག་ཏུ་རབ་ཞི་འགྱུར་མེད་བདེ་བའི་ཕྱག་རྒྱས་འཁྱུད། །ཐར་པའི་གླིང་མཆོག་རྨད་བྱུང་ལ་སྦྱོར་བདེན་གཉིས་གསུང་གི་གསང་བར་རྫོགས། །བརྟན་གཡོའི་དངོས་ཀུན་རོ་གཅིག་བསྡོམས་པའི་ཟག་བྲལ་ཧེ་རུ་ཀ་ཡི་དངོས། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཀུན་མཁྱེན་རྗེ་དེར་སྙིང་ནས་འདུད། །དེ་ལ་འདིར་རྗེ་བཙུན་མཁྱེན་བརྩེའི་འོད་ཟེར་གྱི་ཞལ་སྔ་ནས་སྩལ་བའི་བསྐྱེད་རྫོགས་ཀྱི་གདམས་པ་ཚིག་ཉུང་ལ་ཟབ་བཅུད་འདྲིལ་བའི་གནད་བསྡུས་རྡོ་རྗེའི་ཚིག་རྐང་


JKT006_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཅུང་ཟད་འགྲོལ་བ་ལ་ལྔ་ལས། དང་པོ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ཤིན་ཏུ་རྣལ་འབྱོར་གྱི་དགོངས་པ་སྟོན་པ་ལ་ཚིག་རྐང་བཞི་སྟེ། ཨེ་མ་ཧོ། ཆོས་ཉིད་མངོན་སུམ་མཇལ་བ་སྤྲོས་བྲལ་གྱི་བླ་མ༑ །གཏད་མེད་དྲན་པས་ལྟ་བ་མོས་གུས་ཀྱི་མཐར་ཐུག །ཐིག་ལེ་ཕྱི་ན་མི་བཞུགས་ཤེལ་སྦུག་གི་ཟེར་གདངས། །འོད་གསལ་རྫོགས་ཆེན་བསྒོམ་ན་དེ་ལྟར་དུ་མཛོད་ཅིག །ཅེས་པ་སྟེ། ཨེ་མ་ཧོ་ཞེས་པ་ནི་ངོ་མཚར་བའི་སྒྲ་དོན་ལ་གནས་ཕྱིར། འདི་ཉིད་བླ་ན་མེད་པའི་གསར་ལམ་མཐར་ཐུག་པ་ཐམས་ཅད་གནད་གཅིག་ཏུ་འདྲིལ་བའི་གདམས་པ་ཟབ་མོ་ཡིན་པའི་ཕྱིར་རོ། །ཆོས་ཉིད་མངོན་སུམ་མཇལ་བ་ནི་སྔོན་གྱི་སྨོན་ལམ་དག་པས་མཚམས་སྦྱར་ཏེ། རྟོགས་པ་དོན་བརྒྱུད་དང་ལྡན་པའི་བླ་མ་དམ་པ་ཡང་དག་ལམ་གྱི་ས་མཁན་གཅིག་པུར་གྱུར་པ་ཞིག་མཇལ་ནས་བཟུང་། དེ་ལ་རྩེ་གཅིག་གི་དད་འདུན་དྲག་པོས་རྐྱེན་བྱས། བླ་མའི་ཐུགས་རྒྱུད་ཀྱི་རྟོགས་པ་སློབ་མ་ལ་གཉིས་སུ་མེད་པར་འདྲེས་པའི་མཐུས་སྤྲོས་བྲལ་གྱི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། ཚིག་དང་དཔེ་ཡིས་མི་མཚོན་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་གང་ཟག་རྫོགས་པ་ཆེན་པོར་མངོན་དུ་གྱུར་པ་ནས་བཟུང་དེ་ལ་བསལ་བཞག་དང་ཡིན་མིན་གྱི་སྒྲོ་བཏགས་ཐམས་ཅད་སྤངས་ནས། རང་ངོ་གཉུག་མའི་རང་


JKT006_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་སྐྱོང་བས་བློས་བྱས་ཀྱི་མཐའ་ཐམས་ཅད་དང་བྲལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་སྒྲ་ཇི་བཞིན་པར་མཐོང་བ་སྟེ། འཕགས་པ་ཀླུས། གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་༑ །འགགས་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞིའི་ཆོས་བསྟན་པ། །ཞེས་གསུངས་པ་ལྟར་༑ བླ་མ་ཆོས་སྐུའི་རང་ཞལ་མངོན་སུམ་མཇལ་བ་གང་ཞིག་གཞི་ལྟ་བའི་ངོ་བོ་བརྗོད་པའོ། །དེ་ལྟར་མཐོང་ནས་ཀྱང་བློ་ཡི་གཏད་སོ་དང་བཅས་པའི་འཆིང་བས་བཅིངས་པ་ནི། རྣལ་མའི་དོན་མ་ཡིན་པའི་ཚུལ། སེང་གེ་རྩལ་རྫོགས་ལས། བསམ་གཏན་བསྒོམས་པས་ཆོས་ཉིད་དོན་མི་མཐོང་། །རང་སྣང་ཏིང་འཛིན་བསམ་པའི་ཕྱོགས་དང་བྲལ། །སྤྲོས་བྲལ་ཆོས་ཉིད་ནམ་མཁའི་མཐའ་དང་མཉམ༑ །དམིགས་པ་དག་གི་ཡུལ་ལ་འཛིན་རྟོག་མེད། །མཐའ་བཞི་བྲལ་བའི་སངས་རྒྱས་རང་རིག་ཡིན། །ཡོད་མེད་མཐའ་ལས་འདས་པ་ཆོས་ཀྱི་སྐུ། །ཞེས་དང་། ཉེ་བའི་སྙིང་པོའི་རྒྱུད་ལས། བསམ་གཏན་བྱང་ཆུབ་དོན་ལ་གང་རེག་པ། །སྒོམ་མོ་སྙམ་པའི་ནད་ཀྱིས་ཟིན་ཏ་རེ། །སངས་རྒྱས་ཡུལ་དུ་བསྟན་པ་འཁྲུལ་པའི་ལམ། །བདེ་གཤེགས་ཡུལ་ནི་ཚིག་གིས་མཚོན་དུ་མེད། །ཅེས་སོ། །


JKT006_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཡོངས་གྲུབ་དྲན་པའི་རྩིས་ཆེད་དུ་བཀག་པ་ཡང་མ་ཡིན། ཐ་མལ་འཁྲུལ་པའི་དབང་དུ་སོང་བ་མ་ཡིན་པར་འཇོག་ཏུ་མེད་པའི་མཉམ་གཞག་རྩིས་གདབ་མེད་པའི་རྗེས་ཐོབ། ཐིམ་ལ་མ་རྨུགས་པ་ཤིན་ཏུ་ཕྲ་བའི་ཡེ་ཤེས་སྣང་ངོ་ལ་མ་འགགས་ཀྱང་། རིག་ངོ་ལ་དེ་དང་དེར་འཛིན་གྱིས་འདུ་ཤེས་ཟད་པའི་ངང་དུ་བསྒོམ་དང་མི་བསྒོམ་གྱི་གཏད་སོ་བྲལ་བའི་ཡང་དག་གི་དྲན་པས་ལྟ་བ་ནི་བསྒོམ་མོ་ཞེས་པ་ཐ་སྙད་ཙམ་དུ་མཚོན་ཏེ། རྒྱལ་བ་བྱམས་པས། འདི་ལ་བསལ་བར་བྱ་བ་དང་། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་དང་། བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་བསྒོམ་པའི་ཚུལ་དུ་བསྒོམ་པར་བྱའོ། །ཞེས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བཀའ་སྩལ་བའི་ཕྱིར། དེ་ལྟ་བུའི་དོན་ལ་གོམས་པར་བྱེད་པ་ནི་མོས་གུས་ཐམས་ཅད་ཀྱི་མཐར་ཐུག་པའང་ཡིན་ཏེ། ནམ་མཁའ་རིན་པོ་ཆེའི་མདོ་ལས། ཅི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གི་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱོགས་མིན། །ཞེས་གསུངས་པ་བཞིན་བསྒོམ་པའི་ངོ་བོ་མདོར་བསྟན་པའོ། །དེ་ལྟར་གཞི་ལྟ་བ་དང་ལམ་སྒོམ་པ་ལ་བརྟེན་ནས་མངོན་སུམ་ཁྲེགས་ཆོད་ཀྱི་


JKT006_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་གོམས་པ་དག་ནི་ཐོད་རྒལ་གྱི་སྐུ་དང་ཐིག་ལེའི་བཀོད་པ་ཡང་ཕྱི་རོལ་ན་གནས་པ་མ་ཡིན་ཏེ། རང་གི་སྙིང་དབུས་ནས་མིག་ཏུ་འབྲེལ་བའི་རང་བྱུང་གི་རྩ་རྒྱུ་རྐྱེན་ལ་འདས་པ། ཀ་ཏི་ཤེལ་སྦུག་ཅན་གྱི་གདངས་ལས་འཕྲོས་པའི་འཇའ་ཟེར་ཡིན་ཏེ། གསེར་ཕྲེང་ལས། རིན་ཆེན་རྒྱ་མཚོར་འབྲེལ་བའི་རྩ། །དཀར་འཇམ་ཁོག་པ་སྟོང་པ་ཉིད། །ཐིག་ལེ་ཁྲག་གིས་མ་གོས་པ། །ཡེ་ཤེས་ཆེན་པོ་དེ་ནས་རྒྱུ། །ཞེས་དང་། མན་ངག་གི་རྒྱུད་ཕྱི་མ་ལས་ཀྱང་། སྙིང་ནས་མིག་ཏུ་འབྲེལ་པ་ཡིས། །རང་བྱུང་གསང་བ་ཆེན་པོའི་རྩ། །ཀ་ཏི་ཤེལ་གྱི་སྦུ་གུ་ཅན། །ཅེས་གསུངས་པའི་ཕྱིར་ནང་དབྱིངས་བརྗོད་པ་དང་བྲལ་བའི་མདངས་ལས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་འཆར་སྒོ་ལ་གཟིར་བ་ཙམ་ཉིད་ཀྱང་དོན་དུ་དབྱིངས་རིག་དབྱེར་མེད་ཀྱི་དགོངས་པ་ལ་ལ་བཟླ་བ་སྟེ་སྤྱོད་པའི་ངོ་བོར་སྨྲས་པའོ༑ །དེ་ལྟར་ལྟ་སྒོམ་སྤྱོད་པ་གསུམ་ནི། ཟབ་མོའི་ལམ་ཀུན་གྱི་སྙིང་པོ་ཡིན་ཏེ། ཅིའི་ཕྱིར་ན་བླ་ན་མེད་པའི་མན་ངག་འདི་ཉིད་ལ་མངོན་དུ་གོམས་པ་དག་ནི། འདི་ལྟར་ངོ་བོ་རྟག་པ་མ་ཡིན་ཏེ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ནང་གསལ་གཞོན་ནུ་བུམ་སྐུ་ཀུན་གཞི་ལས་ཁྱད་ཆོས་དྲུག་གིས་འཕགས་པའི་ཡེ་ཤེས། རང་བཞིན་ཆད་པ་མ་ཡིན་ཏེ་ཕྱི་གསལ་གྱི་རང་མདངས་སྐུ་དང་ཡེ་ཤེས་ཀྱི་


JKT006_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་མ་འགགས་པར་འཆར་བ། ཐུགས་རྗེ་བསམ་གྱིས་མི་ཁྱབ་པ་སོ་སོའི་སྐྱེ་བོའི་བློ་ལས་འདས་པ་ཉིད་ཀྱི་ངང་དུ་གྲོལ་བ་ཐོབ་པ་སྟེ། རྒྱུད་ལས། རྟག་པ་མ་ཡིན་ཡེ་ཤེས་སྐུ། །ཆད་པ་མ་ཡིན་གསལ་བའི་གདངས། །གཉིས་ཀ་མ་ཡིན་ཟུང་འཇུག་སྦུབས། །ཞེས་གསུངས་པ་ལྟར། གཞི་ལམ་འབྲས་གསུམ་གྱི་ཐ་སྙད་ཐམས་ཅད་རང་རིག་བཅོས་བསྒྱུར་དང་བྲལ་བ་ཉག་གཅིག་ལ་རྫོགས་པའི་ཕྱིར་ཐེག་པ་ཆེན་པོ་ཟད་པ་ཉིད་དངོས་སུ་བསྟན་པའི་འབྲས་བུའི་མཐུས་ཤིན་ཏུ་རྣལ་འབྱོར་ལ་གོམས་པར་འདོད་པ་དག་གིས་དེ་ལྟར་དུ་མཛོད་ཅིག་ཅེས་བསྐུལ་བའོ། །གཉིས་པ་རྩ་རླུང་ཐིག་ལེའི་ལམ་ལ་བརྟེན་ནས་བདེ་སྟོང་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་གོ་འཕང་མངོན་དུ་བྱ་བའི་ཕྱིར། རྗེས་སུ་རྣལ་འབྱོར་གྱི་དོན་སྟོན་པར་བྱེད་པ་ལ་ཚིག་རྐང་བཞི་སྟེ། བཀོད་པ་བྱང་ཆུབ་སེམས་མཆོག་བདེ་སྟོང་གི་ཌ་ཀི །གཡོ་བའི་རླུང་གི་འགྲེམས་པ་ཐབས་ལམ་གྱི་རྩ་བ། །གནས་ཡུལ་ཕྱི་ན་མི་བཞུགས་རྩ་འཁོར་དང་དབྱེར་མེད། །བདེ་ཆེན་ཨ་ནུ་བསྒོམ་ན་དེ་ལྟར་དུ་མཛོད་ཅིག །ཅེས་པ་སྟེ། ཕ་རྒྱུད་རྣམས་སུ་རླུང་ལྔ་རྣམ་པར་དག་པས་གསལ་སྟོང་གི་ཡེ་ཤེས་བསྐྱེད་པ་དང་། མ་རྒྱུད་རྣམས་སུ་ཁམས་ལ་ཞུ་བདེ་འཕེལ་བས་བདེ་སྟོང་གི་ཡེ་ཤེས་མངོན་དུ་བྱེད་པ་དང་། གཉིས་མེད་ཀྱི་རྒྱུད་རྣམས་སུ་


JKT006_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་ཐིག་ལེ་ཆེན་པོའི་རྣལ་འབྱོར་ལམ་དུ་ཁྱེར་བས་སྤྲོས་བྲལ་གྱི་དོན་མ་ནོར་བར་རྟོགས་པར་འདོད་པ་དག་ཀྱང་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་སེམས་ཏེ་གསུམ་ལ་བསྟེན་པ་ཡིན་ཅིང་། དེའི་ཚུལ་ཐོག་མར་བཀོད་པ་བྱང་ཆུབ་ཀྱི་སེམས་ནི། རོ་མ་ལས་འབབས་པའི་ཉི་མའི་རྡུལ་བདེ་བ་ཐབས་ཀྱི་ངོ་བོ་དང་། རྐྱང་མ་ལས་འབབས་པའི་ཟླ་བའི་བདུད་རྩི་སྟོང་པ་ཤེས་རབ་ཀྱི་རང་བཞིན་ཏེ། ཇི་སྐད་དུ། རྡོ་རྗེ་ཕྲེང་བ་ལས། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཟླ་བ་འབབས་པ་རྐྱང་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཉི་མ་འབབས་པ་རོ་མའི་རིགས། །ཞེས་པ་ལྟར་༑ དེ་ཉིད་མཉམ་སྦྱོར་དུ་འཁྲིལ་བའི་ཟུང་འཇུག་གི་བདེ་བ་ལ་བརྟེན་ནས་དགའ་བ་བཞིའི་ཡེ་ཤེས་ཐོབ་པར་བྱེད་པས་ན་ཁམས་བདེ་ཆེན་རྒྱལ་པོ་ཞེས་བྱ་སྟེ། ཧེ་བཛྲ་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་དང་། ཡོན་ཏན་རིན་པོ་ཆེའི་མཛོད་ལས་ཀྱང་། རྩ་མདུད་ནང་ན་དྭངས་མ་དཀར་དམར་གཉིས། །དཔའ་བོ་དང་ནི་རྣལ་འབྱོར་མའི་ཚུལ་དུ། །འཁྱིལ་ཞིང་སྦྱོར་བས་བདེ་སྟོང་མཆོད་པ་ལེན། །ཞེས་པ་ལྟར། རྩ་དང་ཁམས་ཀྱི་རྒྱུ་བ་གཉིས་ཀྱང་དབུ་མའི་མཁའ་རུ་འགྲོ་བ་ལས། ཌཱ་ཀི་ཞེས་བརྡར་བཏགས་པ་སྟེ། དེ་ལྟར་ཐིག་ལེའི་གནས་ཚུལ་


JKT006_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནས་དེ་ཉིད་འགྲོ་འོང་གི་ཁ་ལོ་བ་ནི་གཡོ་བ་རླུང་སྟེ། རགས་པ་ཉིན་ཞག་ཕྲུགས་རེ་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་། ཕྲ་བ་ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་གི་བཞོན་པ་ཉིད་དུ་གནས་ཤིང་། དེར་མ་ཟད་ཕྱིའི་རླུང་སྲོག་འཛིན། མེ་མཉམས། ཁྱབ་བྱེད། གྱེན་རྒྱུ། ཐུར་སེལ་ལྡར་གནས་ཤིང་། ནང་ལྟར་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ཆེན་པོ་ལྔ་ཡི་ཁ་དོག་ཏུ་སྣང་བ་དང་། གསང་བ་ཡེ་ཤེས་རྣམ་པ་ལྔའི་རྟེན་ཏེ་རགས་པའི་ཆོས་དང་འགལ་བ་ཉིད་དོ། །དེ་ཉིད་གནད་དུ་སོང་ན་ཐིག་ལེ་དྷ་ཏིའི་དབྱིངས་སུ་འགྲེམས་པར་བྱེད་ཅིང་། དྭངས་མའི་རླུང་ལྔ་དབུ་མར་ཚུད་པས་ཟད་པར་གྱི་ཏིང་ངེ་འཛིན་དང་། ཡོན་ཏན་རྫུ་འཕྲུལ་སྣ་ཚོགས་པ་འགྲུབ་པར་བྱེད་ཅིང་། མཐར་ཐུག་མི་སློབ་ལམ་གྱི་གོ་འཕང་མངོན་དུ་གྱུར་ནས། གཙུག་ཏོར་གྱི་འཁོར་ལོ་ཡོངས་སུ་སྨིན་མཐུས་སངས་རྒྱས་རྣམས་ལ་འབྲས་བུའི་དབང་འོད་ཟེར་ཆེན་པོ་ནོད་དེ་ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་མངོན་དུ་ཐོབ་པ་སྟེ། འདུས་པའི་རྒྱུད་ལས། དེ་ཚེ་ཡང་དག་རང་ངོ་སྤྲོད། །རླུང་རིག་རང་དང་དེར་སངས་རྒྱས། །ཞེས་པ་ལ་སོགས་པས་མཚོན། གསང་སྔགས་ཀྱི་ལམ་མཐའ་ཡས་པ་ལས་སྟོན་པའོ། །དེ་ཡང་ཐིག་ལེ་དང་རླུང་གི་རྟེན་ནི་གནས་པ་རྩ་ཡི་འཁོར་ལོ་སྟེ། དེ་ཡང་ལུས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་འདི་སྐྱེས་པའི་ཐོག་


JKT006_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

མར་མིག་དང་ལྟེ་བའི་རྩ་མདུད་ཆགས་པའི་རྗེས་ཐོག་དྭངས་མ་གྱུར་པའི་རྩ་དབུ་རྐྱང་རོ་གསུམ་ཀ་བ་ལྟ་བུར་གནས་པ་སྟེ། དཔལ་དང་པོའི་སངས་རྒྱས་ལས། དེ་ནི་མཐུར་དུ་རྩེ་གསུམ་སྟེ། །དེ་བཞིན་གྱེན་དུའང་རྩེ་གསུམ་མོ། །སྒྲ་གཅན་རྩེ་མོ་དབུས་ན་གནས། །ཉི་མའི་གཙོ་མོ་གཡས་པ་སྟེ། །ཟླ་བའི་རྩེ་མོ་གཡོན་པའོ། །ཆུ་དང་མེ་དང་ནམ་མཁའ་རླུང་། །གཡས་གཡོན་དབུ་མའི་བར་སྣང་གནས། །གསང་བ་ལྕི་བ་ཁུ་བ་རྒྱུ། །ལྕགས་སྒྲོག་བཅིངས་པ་ལྟ་བུའི་རྩ། །སྲིད་དང་ཐུར་སེལ་ལམ་གསུམ་ཉིད། །ཅེས་པ་ལྟར་རོ་རྐྱང་གཉིས་ནི་གཡས་གཡོན་ན་གནས་ཤིང་། མོ་ལ་དེ་ལས་གོ་ལྡོག་ལ། དབུ་མ་ནི་གཟུང་འཛིན་རྣམ་པར་སྤང་པའི་ཕྱིར་དབུས་སུ་གནས་ཏེ། བརྟག་པ་གཉིས་པར། ཀུན་འདར་མ་ནི་དབུས་གནས་སུ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་སོ། །དེའང་ཐབས་ཤེས་ཀྱི་རྩ་གཉིས་པོས་དྷཱ་ཏིར་མདུད་པ་ཉེར་གཅིག་ཏུ་བྱས་ཏེ། ཁ་སྦྱོར་དུ་འབྲེལ་བའི་ཚུལ་ཡང་། རྡོ་རྗེ་ཕྲེང་བར། དྲུག་ཅུ་རྩ་བཞིར་བརྒྱད་འདབ་བྱ། །སྟེང་དང་འོག་དང་ཁ་བསྡམས་ནས༑ །སླར་ཡང་ཁ་སྦྱོར་ཚུལ་དུ་གནོས། །ཞེས་པས་བསྟན་ཅིང་། དེ་བཞིན་དུ་ཕྱི་རུ་ལུས་ངག་ཡིད་གསུམ། ནང་དུ་དུག་གསུམ། གསང་བ་སྐུ་གསུམ་རྟེན་ཡི་གེ་གསུམ་དུ་གནས་ཤིང་འཁོར་ལོའི་


JKT006_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ངེས་ཀྱང་། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་རུ་དྲུག་ཏུ་གསུངས་ཏེ། སོ་སོའི་ཁ་སྦྱོར་གྱི་མཚམས་སུ་འཕོ་བ་བཅུ་གཉིས་དང་། རྟེན་འབྲེལ་བཅུ་གཉིས་གནས་ཤིང་ཁམས་ལུགས་ལྡོག་གི་འགྲོས་ཀྱི་རླུང་དང་རྟེན་འབྲེལ་ཆ་རེ་ལྡོག་སྟེ། ས་བཅུ་གཉིས་ཀྱི་ཡོན་ཏན་རྫོགས་པའི་མཐའ་རུ་ཐིག་ལེ་ནམ་མཁའི་ཁམས་དང་འདྲེས་པའི་ཚེ་ན་མངོན་པར་སངས་རྒྱས་པར་འགྱུར་བར་བཞེད་ཅིང་། དེ་བཞིན་སྙིང་ག་ཞི་བའི་འཁོར་ལོ་དང་། སྤྱི་གཙུག་ཁྲོ་བོའི་འཁོར་ལོ་གཉིས་ལ་སོ་སོའི་ལྷ་གྲངས་དང་མཉམ་པའི་རྩ་འདབས་ཀྱིས་འབྲེལ་བ་ནི། ཐབས་ལམ་དང་གྲོལ་ལམ་སྟེང་འོག་གི་སྒོ་གཉིས་སུ་གསུངས་ཤིང་། གཞན་ཡང་སྐུ་བཞི་དང་། སྐུ་ལྔ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སོ་སོ་སྦྱང་གཞི་དང་སྦྱོང་བྱེད་སྦྱངས་འབྲས་ཀྱི་ཚུལ་དུ་འཁོར་ལོའི་རྩ་འདབས་སུ་གནས་པར་བཞེད་དོ། །དེ་ལྟར་རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང་གསུམ་གྱི་གནད་ལ་འདྲེན་འགྲེམས་ཀྱི་འཁྲུལ་འཁོར་ལ་སོགས་ཀྱིས་གནད་དུ་བསྣུན་པས། ཁམས་ཀྱི་ཞུ་བདེ་འཕེལ་པའི་བྱེད་ལས་ལ་བརྟེན་ནས། ཇི་སྐད་དུ། འཁོར་ལོ་སྡོམ་པར། རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །སུ་ལ་སོགས་པ་གང་གསུངས་ཀྱང་། །ཕྱི་དང་ནང་གི་བདག་ཉིད་དེ། །ཞེས་པ་ལྟར་བཟོད་ནས་ཡོངས་གྲུབ་ཏུ་གནས་པའི་རྟེན་ལུས་ཀྱི་དཀྱིལ་


JKT006_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སྤྱི་བོ་ཛ་ལནྡྷ་ར་ལ་སོགས་པ་དང་། བརྟེན་པ་རྩ་ཡི་འཁོར་ལོ་སྐུ་ལྔའི་གནས་ཡུལ་དུ་དབང་བསྒྱུར་བས་ན་ཕྱི་རོལ་དུ་མི་བཞུགས་པར་རང་ལ་དབྱེར་མེད་དུ་རྫོགས་པའི་ཕྱིར། མཚན་འཛིན་གྱི་བདེ་བ་ལས་འདས་པའི་ཟུང་འཇུག་ཆོས་སྐུའི་རྒྱལ་ས་ཆེན་པོར་མངོན་དུ་བྱེད་པའི་ལམ་ལུང་ཨ་ནུ་ཡོ་ག་ལ་གོམས་པར་འདོད་པ་དག་གིས་དེ་ལྟར་དུ་མཛོད་ཅེས་བསྐུལ་བའོ། །གསུམ་པ་བསྙེན་སྒྲུབ་ཡན་ལག་བཞི་ཡི་ཚུལ་ལ་བརྟེན་ནས་རིག་འཛིན་རྣམ་པ་བཞི་ཡི་ཐེམ་སྐས་སུ་བགྲོད་པའི་རྣལ་འབྱོར་ཆེན་པོའི་དོན་བསྟན་པ་ལ་ཚིག་རྐང་བཞི་སྟེ། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྷུན་གྲུབ་ཀྱི་ཡི་དམ། །དཀྱིལ་འཁོར་གསུམ་གྱི་སྒོམ་པ་བསྐྱེད་རིམ་གྱི་སྙིང་པོ། །ཞི་ཁྲོ་ཕྱི་ན་མི་བཞུགས་ལྷན་སྐྱེས་ཀྱི་རང་གདངས། །མ་ཧཱ་ཡོ་ག་བསྒོམ་ན་དེ་ལྟར་དུ་མཛོད་ཅིག །ཅེས་པ་སྟེ། དེ་ཡང་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་བཞི་པོ་སྦྱང་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་བཅས་སྤྲོས་པ་མེད་པ་དང་། །ཤིན་ཏུ་སྤྲོས་པ་མེད་པའོ། །ཞེས་པ་ལྟར་དབང་པོ་ཡང་རབ་ཀྱིས་རང་བཞིན་གདོད་ནས་ལྷ་ཡི་ཕྱག་རྒྱུར་རང་རྩལ་རྫོགས་པའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་རང་བྱུང་དུ་ཤར་བས་རྫུས་སྐྱེས་དང་རྗེས་མཐུན་དང་རབ་ཀྱིས་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པས་སྙིང་པོ་དྲན་ཙམ་


JKT006_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལྷའི་སྐུར་ལྡང་ནུས་པས་ན་དྲོད་གཤེར་སྐྱེས་ཀྱི་ཆ་མཐུན། རྟོག་བཅས་རྣམས་ལ་བདག་སྲས་དང་གཞན་སྲས་ཀྱི་སྒོ་ནས་སྒོམ་པར་འདོད་པས་སྒོང་སྐྱེས་དང་མངལ་སྐྱེས་ཀྱི་ཆར་དབྱེ་བ་སོགས་དང་། །ཞན་ཡང་ཕ་རྒྱུད་ལྟར་ཕྱག་མཚན་ས་བོན་སྐར་སྨིན་པ་སྟེ་རྡོ་རྗེའི་ཆོ་ག་གསུམ་དང་། མ་རྒྱུད་ལྟར་མངོན་བྱང་ལྔ་སྟེ། ཟླ་ཉི་ཕྱག་མཚན་ས་བོན་གྱིས་མཚན་པ་དང་དེ་རོ་གཅིག་ཏུ་འདྲེས་ཤིང་ས་ཡོངས་སུ་རྫོགས་པ་སྟེ་སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་ཀྱི་ཚུལ་དུ་གནས་ཤིང་། གཉིས་ཀར་ཏིང་འཛིན་རྣམ་པ་གསུམ་གྱི་གཞིར་བརྟེན་ཅིང་དག་རྫོགས་སྨིན་གསུམ་གྱིས་ཁྱབ་པའོ། །དེ་ལྟར་གཞི་བསྐྱེད་རིམ་འགྲུབ་པའི་རྒྱུ་ཤེས་ནས། ལམ་ཇི་ལྟར་བསྒོམ་པའི་ཚུལ་ནི། ཐོག་མར་ཐོད་སྐུ་ལ་སོགས་པའི་རྟེན་ལ་རྩེ་གཅིག་པས་བལྟས་པས། དང་པོ་འདུ་བྱེད་ལོང་ལོང་དུ་གཡོས་པ་ནི་གཡོ་བའི་ཉམས་སོ། །སླར་དེ་ལས་གོམས་པ་ཇེ་ཞིག་ན་རྣམ་འགྱུར་ཇི་ལྟ་བའི་བག་ཆགས་བརྟས་པས་ཡིད་ཡུལ་དུ་བཀྲ་ལམ་མེ་གསལ་བ་ཐོབ་པའི་ཉམས་ཞེས་བྱའོ། །དེའི་ཚེ་ན་སྐུ་དེ་ཉིད་ཐོགས་བཅས་ཀྱི་རྣམ་པ་དང་བྲལ་བ་འཇའ་ཚོན་ནམ་མེ་ལོང་ནང་གི་གཟུགས་བརྙན་བཞིན་ཕྱི་གསལ་ནང་གསལ་དུ་རྩལ་སྦྱངས་པས། ལྷ་དེ་ཉིད་ཉལ་བའམ། ལངས་པའམ། ཤིན་ཏུ་རགས་པའམ། ཤིན་ཏུ་ཕྲ་བ་ལ་སོགས་པ་གང་ལྟར་


JKT006_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་ཀྱང་བཏུབ་པ་ནི་གོམས་པའི་ཉམས་སུ་བརྗོད་ལ། དེ་ནས་བསྒོམ་བྱ་དང་སྒོམ་བྱེད་ཀྱི་གཉིས་འཛིན་སྤངས་པའི་ཕྱིར། ལྷའི་རྣམ་པ་རང་སེམས་དབྱེར་མེད་དུ་འདྲེས་ཏེ་བསྒོམས་པས་རྟོག་པ་གང་གིས་ཀྱང་བར་མ་ཆོད་པར་ཇི་སྲིད་བརྟན་པར་འདོད་པའི་བར་དེ་སྲིད་དུ་སྡོད་པ་ནི་བརྟན་པའི་ཉམས་ཏེ། དེ་ལས་ཀྱང་གསལ་བརྟན་གྱི་ཚད་བརྒྱད་ཐོབ་ནས་ཉིན་མཚན་ཀུན་ཏུ་ཡུལ་རྐྱེན་གང་གིས་ཀྱང་མི་འཕྲོག་པར་དཀྱིལ་འཁོར་གང་གི་དབང་ཕྱུག་ཆེན་པོར་རྩལ་རྫོགས་པ་ནི་མཐར་ཕྱིན་པ་སྟེ་སྣང་བ་ལྷ་ཡི་དཀྱིལ་འཁོར་དང་འདྲེས་པ་ཡིན་ཏེ། པཎྜི་ཏ་དྲི་མེད་བཤེས་གཉེན་གྱི་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་པ་ལས། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔ། །ཏིང་འཛིན་ཉམས་ཀྱི་སྐྱེ་ཚུལ་ཡིན། །ཅེས་གསུངས་པ་བཞིན་ནོ། །དེ་དག་ཀྱང་རང་སེམས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པར་རྫོགས་པ་ནི་བྲལ་ཐོབ་སྤངས་པའི་གཉུག་མ་དོན་གྱི་ཡི་དམ་ཡིན་ཏེ། ཇི་སྐད་དུ། ལྷ་ཉིད་རང་ལ་རང་ཉིད་ལྷ། །རང་དང་ལྷན་ཅིག་སྐྱེས་པ་སྟེ། །དམ་ཚིག་ཡེ་ཤེས་གཉིས་མེད་པས། །སྤྱན་འདྲེན་བཞུགས་གསོལ་འདིར་མི་དགོས། །རང་ལས་སྤྲུལ་ཞིང་རང་དབང་བསྐུར། །རང་རིག་རྩ་བ་གསུམ་དུ་གནས། །ཞེས་སོ། །དེ་ལྟར་རིམ་པའི་སོ་མཚམས་ལེགས་པར་ཕྱེད་ནས། ཁྱད་པར་གནད་དུ་དྲིལ་བའི་


JKT006_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་ཉིད་དཀྱིལ་འཁོར་རྣམ་པ་གསུམ་གྱིས་བསྟན་ཏེ། དེའང་སྐུ་ཕྱག་རྒྱའི་རྣལ་འབྱོར་དུ་གསལ་བཏབ་པའི་ཚུལ་ནི་ཡི་དམ་གང་རུང་གི་སྐུར་ལམ་གྱིས་གསལ་ནས། ཞི་བ་ལ་ཚུལ་དགུ་དང་། །ཁྲོ་བོ་ལ་གར་དགུས་དཔའ་ཞིང་སོ་སོར་དག་བྱ་དང་དག་བྱེད་དག་འབྲས་ཚུལ་བཞིན་ཉམས་སུ་བླང་བ་ནི་བསྐྱེད་རིམ་སྣང་སྟོང་ཟུང་འཇུག་གི་དཀྱིལ་འཁོར་ཏེ། སྒྲུབ་ཐབས་ཀུན་ཏུ་བཟང་པོ་ལས། ཐ་མལ་རྣམ་རྟོག་རྒྱུན་འདི་མ་གཏོགས་པ། །སྲིད་པའི་སྡུག་བསྔལ་ཅི་ཡང་ཡོད་མ་ཡིན། །དེས་ན་དེ་དག་གཞོམ་པར་བྱ་བའི་ཕྱིར། །ཐབས་ཀྱི་དཀྱིལ་འཁོར་འཁོར་ལོ་བསྒོམ་པའོ། །ཞེས་གསུངས་པ་ལྟར་དང་། དེ་ལས་སྣང་བའི་ཡུལ་ཀུན་ཞི་ཁྲོའི་རོལ་གར་དུ་བལྟ་བ་ནི་སྣང་བ་སྐུ་ཡི་ལམ་ཁྱེར་རོ། །ངག་སྲོག་རྩོལ་འབྲུ་གསུམ་བཟླ་བའམ། ཡང་ན་ཡི་དམ་གྱི་སྙིང་པོ་སྐྱོན་བཅུ་སྤངས་ལ་བཟླ་བའི་ཚུལ་གསུམ་དང་ལྡན་པས་ཡང་ཡང་དུ་བསྒྱུར་བ་ནི་ཡེ་ཤེས་ལྷ་དང་ཉེ་བར་འགྱུར་བའི་ཕྱིར་ཏེ། རྡོ་རྗེ་གུར་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ཀྱི་སྙན་གསན་དབབ་པ་ཡིན། །ཅེས་པ་ལྟར། གྲགས་སྟོང་ཟུང་འཇུག་ངག་སྔགས་ཀྱི་དཀྱིལ་འཁོར་རོ། །དེ་ལས་ཀྱང་བཟང་ངན་གྱི་སྒྲ་ཀུན་སྔགས་ཀྱི་རོལ་


JKT006_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྟ་བ་གྲགས་པ་གསུང་གི་ལམ་ཁྱེར་ཞེས་བྱའོ། །བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་དེ་དག་ཀྱང་ངོ་བོ་ལ་སྐྱེ་འགག་གནས་གསུམ་བྲལ་ཞིང་འདི་ལྟ་བུའོ་སྙམ་པའི་དྲན་འཛིན་ཀྱང་རང་ངོར་ཡུལ་མེད་རྩ་བྲལ་དུ་སོང་བའི་ཕྱིར་གནས་པས་ཕན་མ་བཏགས། འགྱུ་བས་གནོད་མ་བསྐྱལ། ལུང་མ་བསྟན་གྱི་འཁྲུལ་པར་མ་འཁྱམས། རྟག་ཆད་ཀྱི་རྒྱ་རལ། བསྒོམ་དང་མི་བསྒོམ་ཀྱི་གཏད་སོ་མེད་པའི་ངང་དུ་མཉམ་པར་གྲོལ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་ཡིན་པའི་ཕྱིར། དོན་འདི་མ་རྟོགས་ན་བསྐྱེད་རྫོགས་ལམ་ཟབ་ཅི་དང་ཅི་ལྟ་བུས་ཀྱང་ཤེས་བྱའི་སྒྲིབ་པ་ལས་གྲོལ་བ་མིན་ཏེ། འཁོར་གསུམ་རྣམ་པར་རྟོག་པའི་ཕྱིར་རོ། །དེ་སྐད་དུ། འཕགས་པ་སྡུད་པ་ལས། གང་ཞིག་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་ཡི་སུལ། །སྦྲུལ་གྱིས་གང་བར་བྱས་ནས་ལོ་མང་གནས་བྱས་ཀྱང་། །དབེན་པ་འདི་མི་ཤེས་པའི་བྱང་ཆུབ་སེམས་དཔའ་ནི། །ལྷག་པའི་ང་རྒྱལ་རྙེད་ནས་འགྲོ་བར་གནས་པ་བཞིན། །ཅེས་སོ། །དེས་ན་ཆོས་ཉིད་ཇི་བཞིན་གཉུག་མའི་གནས་ལུགས་རྟོགས་པ་ནི་རིག་སྟོང་སྤྲོས་བྲལ་ཐུགས་འོད་གསལ་གྱི་དཀྱིལ་འཁོར་རོ། །དེ་ལས་ཀྱང་ཚོགས་དྲུག་གི་ཡུལ་ཀུན་ལྟ་སྟངས་ཀྱིས་ཕྱིར་མ་འཆིང་། དྲན་འཛིན་གྱིས་ནང་དུ་མི་སྡུད། ཤར་བ་དང་གྲོལ་བ་དུས་མཉམ་


JKT006_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ངང་དུ་ལྷུག་པར་བཞག་པ་ནི་དྲན་རྟོག་ཐུགས་ཀྱི་ལམ་ཁྱེར་ཏེ། རིག་འཛིན་དགའ་རབ་རྡོ་རྗེས། ཤར་བའི་དུས་ན་མཉམ་ཤར་བཟང་ངན་མེད། །གྲོལ་བའི་དུས་ན་མཉམ་གྲོལ་བཟང་ངན་མེད། །གནས་པའི་དུས་ན་མཉམ་གནས་བཟང་ངན་མེད། །ཅེས་པ་ལྟར་རོ། །དེ་གོམས་པར་བྱེད་པ་ནི་བསྐྱེད་རིམ་ཐམས་ཅད་ཀྱི་སྙིང་པོ་ཡིན་ཏེ། སྣང་ཞེན་གྱི་ཡུལ་ཀུན་རྡོ་རྗེ་གསུམ་མམ་མངོན་བྱང་ལྔས་བསྐྱེད་པའི་ལྷ་སྐུའི་ཕྱག་རྒྱ་ཉག་གཅིག་ཏུ་རྫོགས། སྒྲ་གྲགས་པ་ཐམས་ཅད་ཡི་གེའི་འཁོར་ལོར་སྨིན་ནས་དབུ་མའི་དབྱིངས་སུ་ཐིམ་སྟེ་བདེ་ཆེན་བརྗོད་མེད་ནཱ་དའི་རང་བཞིན་དུ་དག །དྲན་རྟོག་ཡིད་ཀྱི་འགྱུ་འཕྲོ་ཐམས་ཅད་ཟབ་ཞི་སྤྲོས་བྲལ་གཉུག་མའི་སྦུབས་སུ་ཉེ་བར་ཞི་བས་ན་ཐུགས་ཀྱི་རྡོ་རྗེར་སྨིན་པའོ། །དེ་ལྟ་བུའི་དོན་ལ་སྒྲ་ཇི་བཞིན་པར་གོམས་པ་དག་གིས་ནི་ཞི་བ་དང་ཁྲོ་བོ་ལ་སོགས་པ་མཐའ་ཡས་མཐའ་དག་ཀྱང་རང་ལས་ཕྱི་རོལ་ན་ལོགས་སུ་གྲུབ་པ་མེད་དེ། ཕུང་ཁམས་གཤེགས་པ་གཤེགས་མ། ཚོགས་དབང་སེམས་དཔའ་སེམས་མ། ཡན་ལག་ཁྲོ་བོ་ཁྲོ་མོ་སྟེ་གདན་གསུམ་ལྷ་ཡི་སྐུ་རུ་གནས་པ་ཉིད་ཀྱི་ཕྱིར་བརྗོད་མེད་དོན་གྱི་བཤགས་པ་ལས་ཀྱང་། སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །བྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་པ། །ཞེས་པ་ལྟར། རང་དང་།


JKT006_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་ཤིང་རང་ལས་ཤར་བ་ཡིན་ཏེ། གང་དཀྱིལ་འཁོར་གསུམ་དང་ལྡན་པའི་རྣལ་འབྱོར་ཆེན་པོ་ལ་ཞུགས་ནས་གོམས་པར་འདོད་པ་དག་གིས་དེ་ལྟར་དུ་མཛོད་ཅིག་ཅེས་བསྐུལ་བའོ༑ །དེ་ལྟར་བསྐྱེད་པ་དང་རྫོགས་པའི་རིམ་པ་ནི་རང་ལ་གནས་པའི་ཡེ་ཤེས་ཆེན་པོ་མངོན་དུ་བྱེད་པའི་ཐབས་ཚུལ་ཏེ། དེའི་ཁྱད་པར་གང་ཞེ་ན། ལྷ་སྐུ་སྣང་སྟོང་ཟུང་འཇུག་གི་བསྐྱེད་རིམ་ཆོ་གའི་ཁྱད་པར་གཞུང་ལས་གསུངས་པའི་བསྐྱེད་ཆོག་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་བསྐྱེད་ནུས་པ། ངོ་བོའི་ཁྱད་པར་ཞུ་བདེ་དང་སྟོང་པ་ཉིད་ཀྱི་རང་བཞིན། བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་བའོ། །དེ་ལས་ཁྱད་པར་དུ་གྱུར་པ་རྫོགས་རིམ་གྱི་མཚན་ཉིད་ནི། རྒྱུ་ཡི་ཁྱད་པར་རྡོ་རྗེ་ལུས་ཀྱི་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པ། བྱེད་ལས་ཀྱི་ཁྱད་པར་རྩ་རླུང་ཐིག་ལེ་འཁྲུལ་པའི་བག་ཆགས་ཐམས་ཅད་དབུ་མར་དག་བྱེད། རྣམ་པའི་ཁྱད་པར་འདུ་འབྲལ་མེད་པའི་བདེ་བ་དང་སྟོང་གཟུགས་ཀྱི་ཕྱག་རྒྱ་གཉིས་མི་ཕྱེད་པའི་རྫོགས་རིམ་གྱི་ཁྱད་པར་གསུམ་ལྡན་འདི་ཁ་ཅིག་གིས་མི་བཞེད་པའང་ཡོད་ལ། དེ་ལྟར་གཉིས་ཆར་དགོས་པའི་ཚུལ་ནི། བསྐྱེད་རིམ་གྱིས་འཇིག་རྟེན་གྱི་དངོས་གྲུབ་ཐོབ་ཅིང་སྣོད་བཅུད་ཐ་མལ་དུ་འཛིན་པ་སྤངས་ཏེ། གཟུགས་སྐུའི་རྟེན་འབྲེལ་


JKT006_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིགས་པ་ཡིན་ཅིང་། རྫོགས་རིམ་གྱིས་མཆོག་གི་དངོས་གྲུབ་ཐོབ་ཅིང་འཕོ་བའི་བག་ཆགས་ཀྱི་དྲི་མ་སྤངས་ཤིང་མཐར་ཐུག་ལྷན་སྐྱེས་ཀྱི་སྐུའི་རྟེན་འབྲེལ་བསྒྲིགས་པ་ཡིན་ལ། དེ་སྐད་དུ། གསང་སྙིང་གི་རྒྱུད་ཕྱི་མར། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པ་སྦྱོར་བས་ཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པའི་སྦྱོར་བས་སོ། །ཞེས་སོ། །གྲངས་ངེས་ཀྱི་སྒོ་ནས་སྐྱེ་བ་ཀུན་རྫོབ་དང་འཆི་བ་དོན་དམ་གྱི་བདེན་པ་ལམ་དུ་བྱས་ནས་སྦྱོང་བ་ནི་བསྐྱེད་རིམ་དང་རྫོགས་རིམ་དུ་བསྟན་ཏེ། ཡེ་ཤེས་རྡོ་རྗེའི་ཀུན་ལས་བཏུས་པར། སྐྱེ་བ་ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། །འཆི་བ་ཡང་ནི་དོན་དམ་བདེན་པ་ཡིན། །བདེན་གཉིས་འདི་ལ་རྣམ་པར་ངེས་བྱས་ནས། །བཤད་པ་གཉིས་ཀྱི་དབྱེ་བ་གསུངས་པ་ཡིན། །ཞེས་སོ། །དེའི་ཕྱིར་ན། སྔོན་དུ་རྒྱུད་སྦྱངས་པ་ལ་བསྐྱེད་རིམ་དང་། །གནས་ལུགས་དངོས་བསྒོམ་པ་ལ་རྫོགས་རིམ་སྟེ། །རིམ་པར་འཇུག་པའི་ཚུལ་ཡང་། རིམ་ལྔ་ལས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པར་འདོད་།པ་རྣམས། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་དང་། ཌོམྦྷི་ཧེ་རུ་ཀས་ཀྱང་། བློ་བཟང་དང་པོ་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་དང་ལག་པའི་


JKT006_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ། །སྔགས་ནི་རྣམ་དག་གུག་བསྐྱེད་ཆོ་ག་ངེས་པར་དྲན་པ་འབྲལ་མི་བྱ། །ཕྱི་ནས་བློ་བཟང་རང་ཤི་སྐད་ཅིག་རྒྱུན་དུ་དེ་ཉིད་གཅིག་པའི་སེམས་དང་ལྡན། །རྫོགས་པའི་རིམ་པ་བསྒོམས་པས་སྲིད་པ་ནམ་ཡང་ལྷན་ཅིག་སྐྱེས་པ་རྟག་ཏུ་བསམ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བསྐྱེད་རིམ་དང་རྫོགས་རིམ་ལ་བརྟེན་ནས་ཟུང་འཇུག་རྫོགས་པ་ཆེན་པོའི་དོན་མངོན་དུ་མ་མཐོང་ན་སྤྲོས་པ་བྲལ་བའི་ཡེ་ཤེས་ཆེན་པོ་མ་མཐོང་བའི་ཕྱིར། ཐེག་པ་རིམ་པ་བརྒྱད་དང་དེ་ལ་བརྟེན་པའི་སྡོམ་པ་གསུམ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་དམིགས་བཅས་དམིགས་མེད་ཐབས་ཚུལ་ཐམས་ཅད་བློ་ཡི་བྱི་དོར་ལས་མ་འདས་པས་ན་ཀུན་ཀྱང་ལམ་འདིའི་བཞོན་པ་ཉིད་དུ་གནས་ཏེ། འཇམ་དཔལ་མཚན་བརྗོད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་དང་། ཨིནྡྲ་བྷུ་ཏིའི་དབང་གི་འཁོར་ལོའི་མན་ངག་ལས། རང་བཞིན་གྱིས་ནི་འོད་གསལ་བ། །རྫོགས་པ་ཆེན་པོའི་མཐར་ཐུག་པ། །མན་ངག་ཀུན་གྱི་མཆོག་གི་མཆོག །དེ་སྒྲུབ་ཐབས་སུ་གསུངས་པར་ཟད། །ཅེས་སོ། །མདོར་ན་ཉོན་མོངས་པའི་སྒྲིབ་པའི་ཚོགས་ནི་བློ་དང་བཅས་པས་སྦྱངས་ལ། འཁོར་གསུམ་རྣམ་པར་རྟོག་པའི་ཤེས་བྱའི་སྒྲིབ་པ་བློ་དང་བྲལ་བས་སྦྱངས་ཏེ། སྒྲིབ་


JKT006_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡོངས་སུ་སྤངས་པས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པའི་ཕྱིར་ན། འདིར་ཡང་དེ་ལྟར་དུ་བསྟན་པར་རིག་པར་བྱའོ། །བཞི་པ་གསང་སྔགས་ཀྱི་རྩ་བ་ནི་དམ་ཚིག་ཡིན་ཅིང་། །གལ་ཏེ་དེ་ལ་ཉམས་ཆག་བྱུང་ན་གནས་སྐབས་དང་མཐར་ཐུག་ཀུན་ཏུ་སྡུག་བསྔལ་གྱི་རྒྱུ་རུ་འགྱུར་པའི་ཚུལ། གསང་སྙིང་ལས། རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་ལོག་པར་འགྱུར༑ །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཞེས་སོ། །དེའི་ཕྱིར་ན། དེ་ཉིད་སྦྱོང་བའི་ཐབས་ཚུལ་མང་དུ་ཡོད་པ་ལས། འདིར་ཟབ་མོ་ལྟ་བའི་ཀློང་བཤགས་དང་འབྲེལ་བར་སྟོན་པ་ལ་ཚིག་རྐང་བཞི་སྟེ། ཡེ་ནས་སྲུང་མཚམས་བྲལ་བ་དམ་ཚིག་གི་ཁྱད་ཆོས། །ཉམས་མཁན་རྩད་གདར་ཆོད་པ་ཆོས་ཉིད་ཀྱི་གཤིས་ལུགས། །ཉམས་བྱ་གདོད་ནས་དག་པ་ཀ་དག་གི་ངོ་བོ། །ལྟ་བའི་ཀློང་བཤགས་བསྒོམ་ན་དེ་ལྟར་དུ་མཛོད་ཅིག །ཅེས་པས་བསྟན་ཏེ། དེ་ཡང་དང་པོ་གཞི་དམ་ཚིག་གི་ངོ་བོ་བཤད་པ་ནི། བསྲུང་དུ་མེད་པའི་གཅིག་ཅར་བའི་དམ་ཚིག་དང་། བསྲུང་མཚམས་ཅན་རིམ་གྱིས་པའི་དམ་ཚིག་གཉིས་ལས། འདིར་སྔ་མ་ལྟར་ཏེ། ཡེ་ནས་སངས་རྒྱས་དང་སེམས་ཅན་ལས་འདས་པའི་རང་རིག་རྗེན་པ་འཁྲུལ་གྲོལ་གྱི་སྒྲོ་མ་བཏགས་པའི་དབྱིངས་ཀྱི་


JKT006_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཉག་གཅིག་ལས་གཞན་དུ་འཕོ་འགྱུར་བྲལ་བ་ནི་གཅིག་པུའི་དམ་ཚིག །དེ་ཡི་ཆོས་ཉིད་བློ་ལས་འདས་པ་ནི་ཕྱལ་བའི་དམ་ཚིག །ཤེས་བྱའི་མཐའ་ལ་ཐུག་པ་མེད་ཅིང་ཕྱོགས་རིས་ལ་ཆད་པ་བྲལ་བ་ནི་བཏང་སྙོམས་ཀྱི་དམ་ཚིག་གམ། བསྲུང་བྱ་དང་སྲུང་བྱེད་གཉིས་སུ་ཤར་བའི་གཟུང་འཛིན་གྱི་དྲྭ་བས་བཅིངས་པ་མེད་པ་ནི་མེད་པའི་དམ་ཚིག་སྟེ། དེ་དག་ཀྱང་ཡེ་བསྲུང་ལྷུན་གྲུབ་ཆེན་པོའི་ངང་དུ་སྲུང་མཚམས་དང་བྲལ་བ་རྟག་པ་རྒྱུན་གྱི་འཁོར་ལོར་མི་གཡོ་བ་ནི་བླང་དོར་མེད་པའི་ངོ་བོ་ཉིད་དེ། ཀུན་མཁྱེན་རྒྱལ་པོ་ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀྱེ། ཀུན་བྱེད་ང་ཡི་དགོངས་པའི་དམ་ཚིག་ནི། །མ་ཡེངས་དྲན་པ་དངོས་པོ་ཡེ་ཤེས་སུ། །མ་བཅོས་སུས་ཀྱང་མ་བྱས་རང་བྱུང་སྟེ། །རིག་པས་དབང་བསྒྱུར་བསྲུང་དང་བསྲུང་དུ་མེད། །ཅེས་དང་། སྤྱི་མདོ་ལས། བསྲུང་བྱ་བསྲུང་དུ་མེད་པ་ནི། །ཆོས་ཉིད་དམ་ཚིག་དམ་པ་ཡིན། །ཅེས་དང་། འཕགས་པ་འཇམ་དཔལ་གྱིས། །དེ་ལ་དཀྱིལ་འཁོར་སྦྱིན་སྲེག་དང་། །གཏོར་མ་བཟླས་པ་བགྲང་ཕྲེང་དང་། །སྐྱིལ་མོ་ཀྲུང་དང་སྟངས་སྟབས་སོགས། །སྤྲོས་བྲལ་རྣམ་པར་བསླུ་བ་སྟེ། །བྱ་བ་མ་ཡིན་དགག་པའང་མིན། །ཅེས་དང་། ཐིག་ལེ་མཉམ་གནས་ཀྱི་རྒྱུད་ལས། བདེ་བ་ཆེན་པོའི་ངང་གནས་ན། །


JKT006_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་མེད་ཅིང་སྡོམ་པའང་མེད། །བྱ་བ་བྱེད་དང་རྩོལ་བའང་མེད། །ནམ་མཁའ་ལྟ་བུར་འགྲུབ་པར་འགྱུར། །ཞེས་དང་། དཔལ་ནཱ་རོ་ཏ་པས་ཀྱང་། རྒྱལ་པོ་དམ་ཚིག་མ་བཅོས་པ། །བསྲུང་ལྷ བ་མེད་པའི་ཚུལ་གྱིས་བསྲུང་། །ཞེས་བསྟན་ལ། དེ་བཞིན་དུ་ཐེག་པ་ཆེན་པོར་མ་ཟད་ཐུན་མོང་གི་མདོ་སྡེ་རྣམས་ལས་ཀྱང་གསལ་པར་གསུངས་ཏེ། སྡུད་པ་ལས། སེམས་ཅན་འདི་དག་ཁྲིམས་ལྡན་འདི་དག་ཁྲིམས་འཆལ་ཅེས། །སྣ་ཚོགས་འདུ་ཤེས་ཞུགས་པ་ཤིན་ཏུ་ཚུལ་ཁྲིམས་འཆལ། །ཚུལ་ཁྲིམས་ཉམས་ཤིང་དེ་ལ་ཡང་དག་ཚུལ་ཁྲིམས་མེད། །གང་ལ་བདག་གི་འདུ་ཤེས་སེམས་ཅན་འདུ་ཤེས་མེད། །འདུ་ཤེས་འདོད་ཆགས་བྲལ་ལ་སྡོམ་མིན་ག་ལ་ཡོད། །ཅེས་དང་། བློ་གྲོས་རབ་གསལ་གྱིས་ཞུས་པའི་མདོ་ལས་ཀྱང་། བསླབ་པ་དང་ཚུལ་ཁྲིམས་ཇི་ལྟར་བསྲུང་བར་བགྱི། འཇམ་དཔལ་གྱིས་སྨྲས་པ། དགེ་སློང་རྣལ་འབྱོར་སྤྱོད་པ་ཚུལ་ཁྲིམས་དང་། ཚུལ་ཁྲིམས་འཆལ་བ་དང་། ཚུལ་ཁྲིམས་བསྲུང་བ་ལ་སོགས་པའི་འདུ་ཤེས་སྣ་ཚོགས་པ་དང་ལྡན་པ་ནི་ལྟ་བའི་བདེ་བ་ཉམས་སུ་མྱོང་ནས་སླར་ངན་སོང་དུ་འཁོར་བར་འགྱུར་རོ། །གང་ལ་སྡོམ་པ་དང་སྡོམ་པ་མིན་པའི་རློམ་སེམས་མེད་ཅིང་རྟོག་པ་མེད་པ་དེ་ནི་མྱ་ངན་ལས་འདས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ་ཞེས་


JKT006_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལྟར། ཐེག་པའི་རྒྱལ་པོའི་ཁྱད་ཆོས་བླ་ན་མེད་པ་ཤེས་པར་བྱའོ། །དེ་ལྟར་གོམས་པའི་རྣལ་འབྱོར་པ་དག་ལ་དམ་ཚིག་ཉམས་ཆགས་ཞིག་བྱུང་ཟིན་ཀྱང་། དེའི་ངོ་བོ་ལ་བལྟས་པས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ངང་གནས་རྗེན་པ་གང་དུའང་མིང་བཏགས་ཟད་པའི་ཡེ་ཤེས་སྙོམས་བྱེད་ལས་འདས་པ་མ་བཅོས་གཉུག་མའི་གཤིས་ལུགས་སོ་མ་ངང་བཞག །རྒྱ་ཡན། ལྷུན་འབྱམས། ཅོག་གཞག་སྟེ་ཀུན་ཏུ་བཟང་པོའི་ཆོས་ལྔ་དང་ལྡན་པའི་དབྱིངས་སུ་རྩད་གདར་ཆོད་པས། ལྟ་བ་མཐོན་པོས་ཕན་མ་བརྟགས། རྣམ་རྟོག་ངན་པས་གནོད་མ་བསྐྱལ། ངེས་ཤེས་ཀྱི་བློ་དང་བྲལ་བ་ཞིག་བྱུང་ན་སྐྱོན་གྱིས་གོས་པ་མ་ཡིན་ཏེ། ཀུན་མཁྱེན་གྱིས། མ་བཅོས་ལྷུག་པ་ཡེ་གྲོལ་ཟང་ཀ་མ། །ཅོག་གཞག་ཅེར་མཐོང་བསམ་ཡུལ་འདས་པ་འདི། །སོ་མ་གཉུག་མ་ཇི་བཞིན་ཆོས་ཉིད་ངང་། །ཡེ་བཞིན་རྣམ་དག་ཕྱོགས་ལྷུང་ཀུན་དང་བྲལ། །དུས་བཞི་འཕོ་འགྱུར་མེད་པའི་དོན་ལ་ཞོག །རེ་དོགས་ཆེད་འཛིན་ཞིག་ནས་རྣལ་མའི་དོན། །སུས་ཀྱང་བཅོས་སུ་མེད་པའི་གཞི་བྲལ་ངང་༑ །དམིགས་བསལ་གདོད་ནས་དག་པར་ཤེས་པར་བྱ། །གནས་ལུགས་ཡེ་གཞི་ལྷུན་གྲུབ་བཅོས་བསླད་མེད། །མཁའ་ལྟར་རྣམ་དག་ཕྱོགས་ལྷུང་ཀུན་དང་བྲལ། །དེ་ཉིད་རྟོགས་པ་རྣལ་འབྱོར་


JKT006_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་གཞི། །ཕྱོགས་བྲལ་ནམ་མཁའ་དྲྭ་བས་གུད་མ་བཅད། །མ་རྟོགས་སྐྱོན་རྣམས་སོ་སོར་བཟུང་ལས་བྱུང་། །དེ་བས་བསམ་འདས་ཕྱམ་བརྡལ་མཁྱེན་པར་མཛོད། །ཅེས་གསུངས། དེ་བཞིན་དུ་ཐར་པ་ཆེན་པོའི་ཕྱོགས་སུ་རྒྱས་པའི་མདོ་ལས། གང་ཞིག་བཤགས་པ་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་པ་ལྟར་དམ་ཚིག་བསྲུང་བ་དང་ཉམས་པ་ཐམས་ཅད་ཆོས་ཉིད་ཀྱི་གཤིས་ལུགས་སྤྲོས་པ་དང་བྲལ་བར་མཉམ་པར་གྲོལ་བ་ཡིན་ནོ། །འབྲས་བུ་དང་ཉམས་བྱའི་དམ་ཚིག་ཀྱང་གདོད་ནས་རྣམ་པར་དག་པ་ཡིན་ཏེ་བྱ་རྩོལ་དང་རེ་དོགས་ལས་འདས་པའི་ཕྱིར་རོ། །དེ་སྐད་དུའང་བརྗོད་མེད་དོན་གྱི་བཤགས་པར། དོན་དམ་གཉིས་མེད་སྤྲོས་དང་བྲལ་བ་ལ། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ། །ཞེས་དང་། འཁོར་ལོ་བཅུ་པའི་མདོ་ལས། ཁྱིམ་ན་གནས་ཤིང་སྐྲ་དང་ཁ་སྤུ་ཡང་མ་བྲེགས། ཆོས་གོས་ཀྱང་མ་གོན། ཚུལ་ཁྲིམས་ཀྱང་མནོས་པ་མེད་ཀྱང་འཕགས་པའི་ཆོས་ཉིད་དང་ལྡན་པ་དེ་ནི་དོན་དམ་པའི་དགེ་སློང་ཞེས་བྱའོ། །ཞེས་སོ། །དེའི་ཕྱིར་ན་ཀུན་ཏུ་བརྟགས་པའི་བློའི་རྣམ་པར་རྟོག་པའི་ཆོས་སྤང་སྒྱུར་གྲོལ་གསུམ་གྱི་ཚོགས་གང་ཡང་དམིགས་པར་མ་གྱུར་པའི་


JKT006_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ངང་དུ་གྲོལ་བ་ཡིན་ནོ། །དེ་ལྟར་གཞི་ལམ་འབྲས་གསུམ་གྱི་སྒོ་ནས་སྟོན་པའི་ལམ་འདི་ལ་བརྟེན་ནས་སྤྲོས་བྲལ་གྱི་ལྟ་བ་རྣམ་པར་དག་པའི་ཀློང་དུ་བཤགས་བྱ་དང་བཤགས་བྱེད་ལས་འདས་པར་དམ་ཚིག་ཉམས་ཆག་གི་རྒྱུ་འབྲས་ཐམས་ཅད་དག་པར་འདོད་པ་དག་གིས་དེ་ལྟར་དུ་མཛོད་ཅིག་ཅེས་བསྐུལ་བའོ། །ལྔ་པ་ཐབས་ཀྱི་ཆེ་བ་བླ་ན་མེད་པའི་རྡོ་རྗེའི་ཐེག་པ་ལ་ཚུལ་བཞིན་དུ་ཞུགས་ཀླུནས་དེའི་འབྲས་བུ་སྟོན་པའི་ཕྱིར་དུ་ཚིག་རྐང་བཞི་སྟེ། ཟབ་མོའི་སྙན་བརྒྱུད་བསྒོམ་པ་ཉམས་ལེན་གྱི་གནད་འགགས། །དབུ་མའི་རྩ་མདུད་གྲོལ་བ་ལམ་རྟགས་ཀྱི་ཡོན་ཏན། །ས་ལམ་ཕྱི་ན་མི་བཞུགས་རང་རིག་ལ་རྫོགས་འདུག །སངས་རྒྱས་ལག་བཅང་བསྒོམ་ན་དེ་ལྟར་དུ་མཛོད་ཅིག །ཅེས་པ་ལྟར། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དག་གིས་སེམས་ཅན་རྣམས་ཀྱི་ཁམས་དབང་བསམ་པའི་རིམ་པ་དང་རྗེས་སུ་མཐུན་པར་ཐེག་པའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་པར་བསྟན་པ་དེ་དག་ཀྱང་བླ་ན་མེད་པའི་ལམ་འདིར་དགོངས་བརྡ་སྙན་བརྒྱུད་གསུམ་ལས་བྱུང་བ་ཡིན་ཏེ༑ དེ་ལས་ཀྱང་ཟབ་མོ་སྙན་དུ་བརྒྱུད་པ་ནི་ཀུན་གྱི་སྤྱོད་ཡུལ་དུ་གྱུར་ཅིང་། ཁྱད་པར་རླུང་དང་རིག་པའི་གནད་ལ་སོགས་པ་ལ་བརྟེན་ནས་སྐད་ཅིག་གིས་གྲོལ་བ་ཐོབ་པའི་ཆོས་ཚུལ་དེ་དག་གི་འབྱུང་


JKT006_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱང་དགེ་བའི་བཤེས་གཉེན་ཁོ་ན་ལ་རག་ལས་ཏེ། སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་སོ། །དེའི་ཕྱིར་ན་སྨིན་གྲོལ་གྱི་གནད་ལས་བྱུང་བའི་ལམ་བསྐྱེད་རྫོགས་བསྒོམ་པ་ཁོ་ན་ལ་གནད་འགག་གཅིག་ཏུ་དྲིལ་བ་ཡིན་ཏེ། ཐུན་མོང་གི་ལམ་ལས་ཀྱང་། ཚུལ་གནས་ཐོས་དང་བསམ་ཨཱལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་སོ། །དེ་ཡི་ཕྱིར་ན་བསྐྱེད་རིམ་ལ་བརྟེན་ནས་བསྙེན་སྒྲུབ་ཡན་ལག་བཞི་ཡོངས་སུ་རྫོགས་པས་རིག་འཛིན་རྣམ་པ་བཞིའི་གོ་འཕང་མངོན་དུ་བྱེད་པ་དང་། །ཁྱད་པར་རྫོགས་རིམ་ལ་བརྟེན་ནས་འཁོར་ལོ་བཞི་པོའི་རླུང་སེམས་ལས་སུ་རུང་བས་ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་བཞིའི་ཡོན་ཏན་འཆར་ཞིང་། དབུ་མ་ལ་རོ་རྐྱང་གི་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པའི་གཉིས་གཉིས་གྲོལ་བས་ས་བཅུ་པོ་རེ་རེའི་ཡོན་ཏན་འཆར་ལ། ཐ་མ་གྲོལ་བས་མི་སློབ་པའི་ལམ་གྱི་ཡོན་ཏན་མངོན་དུ་གྱུར་ནས་སངས་རྒྱས་ཀྱི་ས་འགྲུབ་པར་བཞེད་དེ། ངེས་བརྗོད་རྩེ་མོ་ལས། རོ་མ་རྐྱང་མ་ཀུན་འདར་མ། །མདུད་པ་འཁོར་བའི་འཁྲུལ་སྣང་སྟེ། །གྲོལ་བས་ཡེ་ཤེས་མྱ་ངན་འདའ། །ཞེས་དང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཁོར་ལོ་བཞི་པོའི་རླུང་


JKT006_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་རུང་ཚེ། །ལམ་བཞིའི་ཡོན་ཏན་རིམ་པར་འཆར་བ་སྟེ། །དབུ་མའི་མདུད་པ་གཉིས་གཉིས་གྲོལ་བ་ལས། །ས་བཅུའི་ཡོན་ཏན་ནང་ནས་འཆར་བར་བཞེད། །ཅེས་སོ། །དེའི་ཕྱིར་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་རྟགས་དང་དེ་ལ་སྐྱེས་པའི་ཡོན་ཏན་ཏེ། རྒྱུ་འབྲས་ཀྱི་ཚུལ་དུ་གནས་པ་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །ཁྱད་པར་ཐེག་མཆོག་གི་རྒྱལ་པོ་རྫོགས་པ་ཆེན་པོ་ལ་ས་ལམ་གྱི་ཡོན་ཏན་ཐམས་ཅད་ལོགས་སུ་གྲུབ་པ་མེད་དེ། རང་རིག་ཉག་གཅིག་ལ་རྫོགས་པའི་ཚུལ། ཀུན་བྱེད་རྒྱལ་པོར། ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །ས་ལ་སྦྱང་མེད་ལམ་ལ་བགྲོད་དུ་མེད། །ཕྲིན་ལས་རྩོལ་མེད་དབང་ལ་བསྐུར་དུ་མེད། །སྒོ་གསུམ་རྩོལ་མེད་དཀྱིལ་འཁོར་བསྐྱེད་དུ་མེད། །རྒྱུ་འབྲས་གཉིས་མེད་ནམ་མཁའ་ལྟ་བུའོ། །ཞེས་གསུངས་ལ། རྣམ་པ་ཙམ་དུ་ཕར་ཕྱིན་གྱི་སྒོ་དང་བསྟུན་ནས་གནས་ལུགས་ཡེ་གྲོལ་ལས་ལམ་གྱིས་འགྱུར་བ་བརྩི་བའི་ཚུལ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས་ཇི་ལྟར་བསྟན་པ་བཞིན་དང་། དེ་བཞིན་དུ་ཀློང་གསལ་ལས། བདེན་པ་མཐོང་བའི་གང་ཟག་གིས། །དང་པོའི་ས་ནས་བཅུ་དྲུག་བར། །རིམ་གྱིས་ཉམས་སུ་བླངས་པས་འབྱུང་། །གཞན་དང་སྒོ་བསྟུན་གནས་སྐབས་ཀྱི། །ཡོན་ཏན་འབྲས་བུའི་


JKT006_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཚུལ་ལོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་ཞིང་ཐམས་ཅད་མཁྱེན་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་འདོད་པས། འདི་ལ་གོམས་པར་གྱིས་ཤིག །ཅེས་བསྐུལ་བའོ། །དེ་ལྟར་རིམ་པ་སྔ་མ་གསུམ་གྱིས་བསྐྱེད་རྫོགས་ཟུང་འཇུག་གི་ཚུལ་ལེགས་པར་བསྟན་ཅིང་། ཕྱི་མ་གཉིས་ཀྱི་དམ་ཚིག་དང་འབྲས་བུའི་ལམ་གསལ་བར་གདམས་པའོ། །བསྐྱེད་རྫོགས་ཟུང་འཇུག་ཉི་གཞོན་འཆར་ཀའི་རྡུལ། །སྐལ་བཟང་བློ་གྲོས་ཨུཏྤལ་གིས་བཏུང་པས། །གྲུབ་པ་གཉིས་ཀྱི་སྦྲང་རྩིའི་བཅུད་ལེན་གྱིས། །ཕན་བདེའི་ལང་ཚོ་རྒྱས་བྱེད་འདི་རྨད་བྱུང་། །དེ་ལས་གྲུབ་པའི་དགེ་བ་གང་། །རྙོག་བྲལ་ཤར་གྱི་ཐིག་ལེའི་གཟུགས། །ཆོས་དབྱིངས་ཆུ་གཏེར་ལ་བསྔོས་པས། །སྒྲིབ་གཉིས་ཚ་གདུང་བཅིལ་གྱུར་ཅིག ༑ཅེས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་འཇིགས་མེད་གླིང་པའི་ཞལ་སྔ་ནས་སྩལ་བའི་ཉམས་སུ་ལེན་བྱའི་རྡོ་རྗེའི་ཐོལ་གླུའི་དོན་འགྲེལ་ཉུང་ངུ་འདི་ནི་དོན་གཉེར་ཅན་གྱི་ངོར་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅུ་དྲུག་པར་སྦྱར་བའོ། །སརྦ་ས་མན་མངྒ་ལཾ།།


previousཞལ་གདམས་ཀྱི་འགྲེལ་ཆུང་གསང་སྔགས་སྙེ་མ།next