Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཆོད་སྦྱིན་གཏོར་མའི་ཆོ་ག་ལས་འཕྲོས་པའི་ཟིན་བྲིས།
   
   
   
   
   


 
previousམཆོད་སྦྱིན་གཏོར་མའི་ཆོ་ག་ལས་འཕྲོས་པའི་ཟིན་བྲིས།next

མཆོད་སྦྱིན་གཏོར་མའི་ཆོ་ག་ལས་འཕྲོས་པའི་ཟིན་བྲིས།


JKT006_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྦྱིན་གཏོར་མའི་ཆོ་ག་ལས་འཕྲོས་པའི་ཟིན་བྲིས་བཞུགས། ན་མོ་གུ་ར་ཝེ། བྱམས་པའི་བདུད་རྩིའི་བརླན་


JKT006_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཤིང་། །ཀུན་དགའི་མེ་ཏོག་འཛུམ་འབར་བས། །བསྟན་འཛིན་འཆི་མེད་ཚལ་མཛེས་པའི། །བླ་མ་ཕྱག་ན་པདྨོས་སྐྱོངས། །རྡོ་རྗེའི་རྣལ་འབྱོར་གྲུབ་པའི་གཟིས། །གཉིས་སྣང་མུན་པ་གཏན་བཅོམ་པས། །འཇམ་དཔལ་ཡེ་ཤེས་སེམས་དཔའ་དངོས། །རྣམ་འདྲེན་བཟང་པོས་དགེ་ལེགས་སྩོལ། །འདི་ན་ཆོས་བཞིན་སྤྱོད་པའི་རིམ། །མཆོད་སྦྱིན་གཏོར་མའི་ཆོ་ག་ལས། །བརྩམས་ཏེ་ལེགས་བཤད་གཏམ་གྱི་སྒོ། །ཅུང་ཟད་དབྱེ་བར་དམ་བཅའོ། །དེ་ཡང་རྣམ་པར་འདྲེན་པ་སྲས་དང་སློབ་མར་བཅས་པ་གང་གིས་གཤེགས་པའི་ཤུལ་ལམ་སྔར་གྲགས་པའི་ཕྱི་མོ་ཐོས་བསམ་དང་བསོད་ནམས་ཀྱི་ཚོགས་ལ་གཙོ་བོར་སྤྱོད་པའི་ཕྱིར་ཚོགས་ལམ་སློབ་པའི་སས་བསྡུས་པ་ཆོས་སྤྱོད་གཏོར་མའི་རྣལ་འབྱོར་འདི་ལ་རེ་ཞིག་ཉེ་བར་བསྡུ་ན་རྣམ་པ་ལྔ་སྟེ། ངོ་བོ། ངེས་ཚིག །དབྱེ་བ། ཇི་ལྟར་ལག་ཏུ་བླང་བའི་ཚུལ། དེའི་འབྲས་བུའོ། །དང་པོ་ནི། འདི་ལྟར་གཞི་དུས་སུ་ཀུན་རྫོབ་དང་དོན་དམ་དབྱེར་མེད་པའི་ཚུལ་ལ་རྗེས་སུ་དམིགས་པས། ལམ་དུས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་གཙོ་བོར་སྤྱོད་པའི་མཐུས་གློ་བུར་གྱི་སྒྲིབ་གཉིས་རྒྱུ་དང་བཅས་པ་བསལ་ཏེ། འབྲས་བུ་སྐུ་གཉིས་ཀྱི་གོ་འཕང་ལ་འགོད་པའི་ཐབས་མཁས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ལས་གཙོ་བོར་


JKT006_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མའི་ཕྱོགས་སུ་གཏོགས་པའོ། །གཉིས་པ་ནི། བ་ལི་ཏ་ཞེས་པ་བ་ལ་སྟོབས་བྱེད་པའི་བྱིངས་དོན་ལས་དྲངས་ན་ཟད་མི་ཤེས་པའི་འདོད་དགུའི་རོལ་མོས་མཆོད་པ་དང་། སྦྱིན་པར་བྱ་བའི་ཡུལ་དུ་གཏོགས་པའི་མགྲོན་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་ཟག་པ་མེད་པའི་བདེ་བས་སྟོབས་སྐྱེད་པར་བྱེད་པའི་ཕྱིར་དེ་སྐད་དུ་བྱ་ལ། གཞན་དུ་གསང་སྔགས་ཐུན་མོང་མ་ཡིན་པའི་ལུགས་སུ་ཡི་གེ་ཁ་ཕྲལ་ནས་བདེ་སྟོང་ཟུང་འཇུག་གི་དོན་དུ་བཤད་པ་སོགས་ནི་སྐབས་འདིར་མི་འབྲེལ་ཞིང་། ཆགས་པ་མེད་པས་གཏོར་བ་སོགས་ནི་བོད་སྐད་ཁོ་ནའི་དབང་དུ་བྱས་ན་རུང་གི་ལེགས་པར་སྦྱར་བ་ལ་སྦྱོར་དུ་མི་རུང་ངོ་། །གསུམ་པ་ནི། རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཚད་མེད་པའི་བདག་ཉིད་ཅན་དེས་གདུལ་བྱ་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ལ་དཀྲི་བའི་སླད་དུ་ཚོགས་གསོག་པའི་སྒོ་མཐའ་ཡས་པ་ཞིག་གསུངས་པ་ལས། སྐབས་སུ་བབས་པ་འདི་ཉིད་ཀྱང་མདོ་རྒྱུད་ཐམས་ཅད་ནས་ལན་གཅིག་མ་ཡིན་པར་བསྔགས་ཤིང་། བྱེ་བྲག་ཏུ་ཁ་འབར་མའི་གཟུངས་སོགས་ལས་དམིགས་ཀྱིས་བསལ་བ་ལྟར་རྒྱ་གར་འཕགས་པའི་ཡུལ་དུ་འཕགས་པ་ཀླུ་སྒྲུབ་སོགས་དང་། བོད་དུའང་རྗེ་བཙུན་དམ་པ་སངས་རྒྱས། དཔལ་ལྡན་ཨ་ཏི་ཤ །བ་རི་ལོ་ཙཱ་བ་རིན་ཆེན་གྲགས་སོགས་མཁས་ཤིང་


JKT006_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་བརྙེས་པ་དུ་མས་ཕྱག་ལེན་གྱིས་གཏན་ལ་ཕབ་སྟེ་འདོམས་པར་མཛད་པའི་ཚུལ་དང་རྗེས་སུ་མཐུན་པར། བརྒྱ་རྩ་དང་། ཆབ་གཏོར་ཤཱཀ་ཐུབ་མ་དང་། འཇམ་དཔལ་མ་དང་། འབྱུང་བཞི་དང་། བྲུལ་གཏོར་དང་། ཀླུ་གཏོར་ལ་སོགས་པའི་དབྱེ་བ་མང་དུ་བྱུང་བ་བཞིན། དེང་སང་གི་བར་དུ་ས་དགེ་ཇོ་ཞལ་དྭགས་ཤངས་དང་གསང་སྔགས་སྔ་འགྱུར་བ་སོགས་རང་རང་གི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་ཀྱང་སོ་སོའི་ཕྱག་ལེན་གྱི་ཁྱད་པར་ཅུང་ཟད་ཙམ་ལས་ཐམས་ཅད་ཀྱིས་ཁྱབ་མཉམ་དུ་མཛད་པ་ཉིད་དོ། །བཞི་པ་ནི། དེ་ལྟ་བུའི་གཏོར་མའི་རྣལ་འབྱོར་ཉིད་ཇི་ལྟར་བྱ་བའི་ཚུལ་དངོས་ནི་རང་རང་གི་གཞུང་ལས་འབྱུང་བ་དང་། གཏོར་མའི་རྣལ་འབྱོར་ལྕེ་སྒོམ་པ་དང་། ཆོས་ཀྱི་རྗེ་བློ་གྲོས་རྒྱལ་མཚན་དང་། རང་ལུགས་ཀྱི་རྣམ་པར་བཤད་པ་རྟ་ནག་མཁན་ཆེན་ཆོས་སྐྱོང་རྣམ་རྒྱལ་གྱིས་མཛད་པ་སོགས་ལས་ཤིན་ཏུ་གསལ་བའི་ཕྱིར་མ་བྲིས་ཤིང་། དེ་དག་གི་ཚིག་ཟིན་ལ་བློ་གྲོས་གསར་བུ་དག་དོགས་པ་སྐྱེ་བའི་གནས་རྣམས་ཅུང་ཟད་ཅིག་གསལ་བར་བྱ་བ་ལ་གསུམ་སྟེ། སྦྱོར། དངོས། རྗེས་ཀྱི་སྐབས་ལས་འཕྲོས་པའོ། །དང་པོ་ལའང་མཆོད་པའི་ཡོ་བྱད་ལ་བགེགས་མི་འཇུག་ཅིང་མཐའ་ཀླས་སུ་སྤེལ་བའི་ཕྱིར་བྱིན་གྱིས་བརླབས་པ་དང་། དགེ་སྦྱོར་གང་བྱེད་ཀྱང་


JKT006_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་གསུམ་གྱི་རྩིས་ཟིན་པ་ཤིན་ཏུ་གཅེས་པའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་དང་། མགྲོན་རྣམས་དབང་དུ་བྱ་བའི་ཕྱིར་རང་ལྷར་བསྐྱེད་ཅིང་བཟླས་པ་བྱ་བ་དང་། ཚོགས་བསགས་པའི་ལམ་ཐམས་ཅད་གཅིག་ཏུ་བཟླུམ་པའི་སླད་མགྲོན་རྣམས་སྤྱན་དྲངས་ཤིང་ཡན་ལག་བདུན་པ་འབུལ་བ་དང་བཅས་པ་སྟེ་ལྔ་ལས། དང་པོ་མཆོད་པ་བྱིན་རླབས་ཀྱི་སྐབས་སུ་གཞན་གོ་སླ་ཞིང་། སྔགས་དོན་རྣམས་ཅུང་ཟད་འགྲེལ་ན། གསང་བའི་སྔགས། ཨོཾ་ཞེས་པ་སྔགས་ཀྱི་མགོ་འདྲེན་པ་སྟེ། རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་པ། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཅེས་སོ། །བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི། རྡོ་རྗེ་བདུད་རྩི་འཁྱིལ་བ་སྟེ་ལས་ཀྱི་ཁྲོ་བོའི་མཚན་སྔགས། ཧ་ན་ཧ་ན། སྣུན་སྣུན་ཏེ་ལས་ལ་བསྐུལ་བ། ཧཱུྃ་ཕཊ། ཅེས་པ་རྒྱུད་སྔ་མ་ལས། ཧཱུྃ་ཞེས་བྱ་བ་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །སྲིད་པའི་ཞགས་པ་གཅོད་བྱེད་ཅིང་། །གདུག་པ་བསྔངས་ཤིང་གསོད་བྱེད་པ། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཡི་གེ་ཕཊ་ནི་ཅི་ཡིན་བརྗོད། །གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང་། །བདེ་བ་དག་


JKT006_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་སྒྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །ཅེས་སོ། །སྦྱོང་བའི་སྔགས། ཨོཾ་ནི་སྔར་སྨོས་ཟིན་པ་ལྟར་དང་། སྭ་བྷ་ཝ། རང་བཞིན། །ཤུདྡྷ དག་པ་རྣམས། སརྦ་དྷརྨཱ༔ ཆོས་ཐམས་ཅད། སྭ་བྷ་ཝ། རང་བཞིན། ཤུདྡྷོ་ཉཧཾ། དག་པ་བའོ། །ཞེས་པར་འགྱུར་ཏེ་ཆོས་ཐམས་ཅད་གཟོད་ནས་དག་པའི་བདག་ཉིད་ལ་ངེས་ཤེས་བརྟན་པོས་དངོས་པོར་འཛིན་པ་ཐམས་ཅད་སྦྱོང་བའི་དོན་ནོ། །ཉེར་སྤྱོད་བདུན་གྱི་སྔགས། ཨཧཱུྃ། མཆོད་ཡོན་ཏེ་སྦྲང་རྩི་དང་ཀ་ར་ལ་སོགས་པ་སྦྱར་བ་མངར་བའི་ཆུའོ། །པཱ་དྱེ་ཞབས་བསིལ་ཏེ་འདག་ཆལ་གྱིས་བསྒོས་པའི་ཆུ་སྟེ་ཞབས་བཀྲུ་པའི་ཡོ་བྱད་དོ། །པུཝེ མེ་ཏོག་མ་སྟེ་ཆུ་སྐྱེས་དང་ཐང་སྐྱེས་ལ་སོགས་པ་འཛིན་པའི་མཆོད་པའི་ལྷ་མོའོ། །དྷ་པེ། བདུག་སྤོས་མ་སྟེ་ལྷན་སྐྱེས་དང་སྦྱར་བྱུང་གི་དྲི་ཞིམ་པོ་ཐོགས་པ་མའོ། །ཨཱ་ལོ་ཀེ། སྣང་གསལ་མ་སྟེ་རང་བྱུང་དང་བཅོས་མའི་སྣང་བྱེད་ཀྱི་ཚོགས་འཛིན་པའོ། །གནྡྷེ། དྲི་ཆབ་མ་སྟེ་གུར་གུམ་དང་། ག་བུར་དང་། ཙནྡན་ལ་སོགས་པ་བསིལ་ཞིང་དྲི་བཟང་དང་ལྡན་པའི་སྨན་བཏབ་པའི་དྲིའི་ཆབ་ཐོགས་པའོ། །ནེ་ཝི་ད། ཞལ་ཟས་མ་སྟེ་རོ་བརྒྱ་དང་ལྡན་པའི་བཤོས་གཙང་སོགས་བཟའ་བཏུང་གི་རིགས་མཐའ་ཀླས་པ་སྟོབ་པའོ། །


JKT006_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཤསྡ། རོལ་མོ་སྟེ་འབུད་དཀྲོལ་རྒྱུད་གསུམ་གྱིས་བསྡུས་པའི་རོལ་མོའི་ཚོགས་རྣམས་སོ། །དེ་དག་གི་ཐོག་མར་བཛྲ་སྦྱར་བ་ནི་རྡོ་རྗེ་སྟེ། དེ་ལྟ་བུའི་མཆོད་པ་ཐམས་ཅད་ཀྱང་འཇིག་རྟེན་གྱི་རྫ་ས་ཕལ་པའི་རྣམ་པ་ལས་འདས་པ་ཡེ་ཤེས་ཀྱི་སྤྱོད་ཡུལ་འབའ་ཞིག་ཏུ་བྱིན་གྱིས་བརླབ་པའི་ཕྱིར་རོ། །ཐོག་མཐར་ཨོ་ཨཱཧུཾ་ཞེས་སྦྱར་བ་ནི། ཨོཾ་གྱིས་མ་དག་པའི་དངོས་པོ་ཐམས་ཅད་སྦྱང་བ་དང་། ཨཱཋཡིས་དག་པའི་དངོས་པོ་དེའང་མཁའ་ཁྱབ་ཏུ་སྤེལ་བ་དང་། ཧཱུྃ་གིས་ཇི་ལྟར་སྤེལ་བ་དེ་ཡང་མགྲོན་སོ་སོའི་ཐུགས་ལ་གང་བཞེད་དེ་ངོར་འཆར་བའི་འདོད་དགུའི་སྤྲིན་དུ་བསྒྱུར་བའོ། །གཞན་ཡང་། རྣམ་པར་བཤད་པ་མང་དུ་ཡོད་མོད་ཀྱི་རེ་ཞིག་དེ་ཙམ་མོ། །མཆོད་པའི་སྤྲིན་གྱི་གཟུངས་ལས། ཨོ་སྔགས་ཀྱི་མགོ་འདྲེན་པ། བཛྲ་དྷརྨཱ་ར་ཎ་རྒྱུན་ཆགས་པའི་བྱིངས་ལས་ཨི་ཊ་དང་ལྟ་བྱིན་པས་གྲུབ་ར་ཎི་ཏ། རྡོ་རྗེའི་ཆོས་རྒྱུན་ཆགས་པ། པྲ་ར་ཎི་ཏ། རབ་ཏུ་རྒྱུན་ཆགས་པ། སཾ་པྲ་ར་ཎི་ཏ། ཡང་དག་པར་རབ་ཏུ་རྒྱུན་ཆགས་པ། སརྦ་བུདྡྷ་ཀྵེ་ཏྲ། སངས་རྒྱས་ཐམས་ཅད་ཀྱི་ཞིང་། པྲ་ཙ་ལི་ཏེ། རབ་ཏུ་ཁྱབ་པར་བྱེད་པ། པྲ་ཛྙཱ་པཱ་ར་མི་ཏ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ནཱ་ད་སཾ་བྷ་ཝེ། སྒྲ་ཡི་འབྱུང་གནས་མ། བཛྲ་སཏཱ། རྡོ་རྗེ་སེམས་དཔའ། ཧྲི་ད་ཡ། སྙིང་པོ། སནོཥ་ཎི། དགྱེས་པ་དམ་པ།


JKT006_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། བདེ་བར་གཤེགས་པ་རིགས་དྲུག་གི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཆེན་པོ་མཚོན་པར་བྱེད་པ། ཨཁཾ་སྭཱ་ཧཱ། ནམ་མཁར་ཁྱབ་པའི་གཞི་ཚུགས་སོ། །ཞེས་པ་སྟེ་དེ་རྣམས་ཀྱི་དོན་ཡང་ཅུང་ཟད་བཀྲལ་ནུས་མོད་ཀྱི་ཡི་གེས་འཇིགས་པས་མ་བྲིས་སོ། །གཉིས་པ་ཆོས་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི། ཡུལ་བླ་མ་དང་དཀོན་མཆོག་གསུམ་ལ། བྱེད་པོ་རང་གིས་བྱང་དྲངས་ཡ པའི་སེམས་ཅན་ཐམས་ཅད། དུས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་དགོས་ཆེད་འཁོར་བའི་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བསྒྲལ་བའི་ཕྱིར་དུ་སྐྱབས་སུ་གསོལ་བའོ། །གསུམ་པ་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་ནམ་མཁའ་ལ་མཐའ་མེད་པ་བཞིན་སེམས་ཅན་ལ་མཐའ་མེད། མཐའ་མེད་པའི་སེམས་ཅན་ཐམས་ཅད་རང་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་ཅིང་། ཕ་མ་བྱས་རེས་བཞིན་ད་ལྟའི་ཕ་མ་ལྟར་གནོད་པ་ལས་བསྐྱབས་ཤིང་ཕན་པས་བསྐྱངས་པའི་དྲིན་ཆེན་ཤ་སྟག་ཡིན་ལ། དེ་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པའི་ཕྱིར་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཚོགས་གསོག་པའི་སྒོ་ཁྱད་པར་ཅན་ཆོས་སྤྱོད་གཏོར་མའི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ། །སྙམ་པའི་ངང་


JKT006_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སེམས་བསྐྱེད་པ་དངོས་དང་སྨོན་པའི་བསླབ་བྱའི་གཙོ་བོ་ཚད་མེད་བཞི་བསྒོམ་པ་དག་བྱའོ། །བཞི་པ་རང་ཉིད་ལྷག་པའི་ལྷར་བསྐྱེད་པ་ནི། སྭ་བྷཱ་བས་ཆོས་ཐམས་ཅད་གཟོད་ནས་སྟོང་པའི་དོན་ལ་མཉམ་པར་བཞག་པའི་ངང་། དེ་ལས་སྐད་ཅིག་གིས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུར་ཡན་ལག་བཞི་རྫོགས་ཀྱིས་བསྐྱེད་པ་སྟེ། དེ་ཡང་ཐབས་ཤེས་གཉིས་སུ་མེད་པ་མཚོན་པའི་པད་ཉི་ཟླ་བའི་གདན་གྱི་སྟེང་དུ་ཐུགས་སྲོག་ཧིདཀར་པོ་ཡོངས་སུ་གྱུར་པ་ལས་དམ་ཚིག་པ་རྫོགས་པར་གསལ་འདེབས་པ་བསྙེན་པ། སྒོ་གསུམ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེས་རྒྱས་གདབ་པ་ཉེར་སྒྲུབ། ཡེ་ཤེས་པ་སྤྱན་དྲངས་ཏེ་བཅུག་པ་སྒྲུབ་པ། དབང་བསྐུར་བསྒྲུབ་ཆེན་ནོ། །དེ་རྣམས་ཀྱི་སྐབས་སུ་སྔགས་དོན་ཅུང་ཟད་འབྲེལ་ན། ཨོཾ་བཛྲ་ས་མཱ་ཛ༔ རྡོ་རྗེ་བསྡུ་བ༑ ཛཧཱུྃ་བཾ་ཧོ༔ འགུགས་འཆིང་བསྡམས་ཤིང་དགྱེས་པ་བསྐྱེད་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཟླ་ཏུ་ཚྭ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ༑ །ཞེས་པ་སྟེ་རང་གིས་དབང་ལྷ་ལ་དབང་བསྐུར་བར་གསོལ་བ་གདབ་པ། ཨོ་བཛཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། །རྡོ་རྗེ་ཅན་གྱི་ངོ་བོར་དབང་བསྐུར་རོ། །ཞེས་པ་སྟེ་དབང་ལྷ་རྣམས་ཀྱིས་དེ་སྐད་


JKT006_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས་དབང་བསྐུར་བའི་ཚིག་གོ །དེ་ལྟར་བསྐྱེད་གྲུབ་ཟིན་ནས་ལྷ་ཉེར་བར་བསྙེན་པས་ཐུགས་རྒྱུད་བསྐུལ་བའི་བཟླས་པ་བྱ་ཞིང་འདོད་དོན་གསོལ་བ་ནི་གོ་སླ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་དོན། ཨོ་ཀྱེ་ནོར་བུ་པདྨ་ཧཱུྃ། །ཞེས་འཕགས་པའི་ཕྱག་མཚན་ལས་བརྩམས་ཏེ་མཚན་ནས་བོད་པའི་སྔགས་ཡིན་ལ། གཞན་དུ་རྣམ་པར་བཤད་པ་མཐའ་ཀླས་པར་སྤྲོ་བར་བྱ་བར་ཡོད་དོ། །ལྔ་པ་མགྲོན་རྣམས་སྤྱན་དྲངས་ཤིང་ཡན་ལག་བདུན་པ་དབུལ་པ་ལ་སྤྱན་དྲངས་པའི་ཚིག་དོན་ནི་གོ་སླ་ཞིང་། ཨོཾ་པདྨ་ཀ་མ་ལཱ་ཡ་ཧཱུཾ། ཁྱོད་ཀྱི་པདྨའི་ཆེད་དུ་པདྨ་ཞེས་པ་སྟེ། དོན་ནི་ཁྱོད་ཀྱི་ཞབས་པད་ཀྱི་ཆེད་དུ་པདྨའི་གདན་དབུལ་བར་བགྱིའོ། །ཞེས་སོ། །ཡན་ལག་བདུན་པ་ནི། འདི་ལྟར་ཡུལ་གྱི་ཡོན་ཏན་ཚད་མེད་པ་རྗེས་སུ་དྲན་པའི་དད་པས་བསྐུལ་ཏེ་རང་ལུས་ཞིང་གི་རྡུལ་ཕྲ་རབ་ཏུ་སྤྲུལ་ནས་སྒོ་གསུམ་གུས་པའི་བསྙེན་བཀུར་བགྱིད་པ་ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བའི་ཡན་ལག །རང་གཞན་གྱི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པས་མཚོན་བླ་ན་ཡོད་མེད་ཀྱི་མཆོད་པའི་སྤྲིན་ཕུང་རྣམ་པ་ནམ་མཁའི་མཐའ་དང་མཉམ་པ། ངོ་བོ་བཟང་ཞིང་དགེ་བ། དུས་འཁོར་བ་སྲིད་དུ་རྒྱུན་མི་ཆད་པར་འབྱུང་བར་སྤྲུལ་ཏེ་ཕུལ་བ་འདོད་ཆགས་ཀྱི་གཉེན་པོར་མཆོད་པའི་ཡན་ལག །བདག་


JKT006_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དང་འགྲོ་བ་ཀུན་གྱིས་བཅས་པ་དང་རང་བཞིན་གྱི་ཉམས་པའི་སྡིག་ལྟུང་སྔར་བྱས་པ་ཐམས་ཅད་ལ་དུག་འཐུང་བ་ལྟ་བུའི་འགྱོད་སེམས་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་ཀྱིས་མཐོལ་ཞིང་འཆགས་པ་ཞེ་སྡང་གི་གཉེན་པོར་བཤགས་པའི་ཡན་ལག །འཕགས་དང་སོ་སྐྱེའི་རྒྱུད་ཀྱིས་བསྡུས་པའི་ཟག་བཅས་དང་ཟག་མེད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་ཡང་ནས་ཡང་དུ་དགའ་བ་བསྒོམ་པ་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བའི་ཡན་ལག །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་བདེ་བར་གཤེགས་པ་སྲས་དང་བཅས་པར་སེམས་ཅན་ཐམས་ཅད་ལམ་དང་ལམ་གྱི་འབྲས་བུ་ལ་བཀྲི་བའི་སླད་དུ་ཁམས་དབང་བསམ་པའི་རིམ་པ་དང་མཐུན་པར་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྟོན་པར་གསོལ་བ་གདབ་པ་གཏི་མུག་གི་གཉེན་པོར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཡན་ལག །གང་ཞིག་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་སྣང་ངོར་རྣམ་པར་འདྲེན་པའི་ཚོགས་ཞི་བའི་དབྱིངས་སུ་སྙོམས་པར་ཞུགས་པ་ལ་དགྱེས་པ་རྣམས་ནི་འཁོར་བ་ཇི་སྲིད་དུ་བཞུགས་པར་གསོལ་བ་འདེབས་པ་ལོག་ལྟའི་གཉེན་པོར་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའི་ཡན་ལག །དེ་ལྟར་བསོད་ནམས་ཀྱི་ཚོགས་སུ་གྱུར་པ་དེ་རྣམས་ཀྱིས་མཚོན་ཏེ། བདག་གཞན་གྱི་དུས་


JKT006_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་ནི་ཐེ་ཚོམ་གྱི་གཉེན་པོར་བསྔོ་བའི་ཡན་ལག་སྟེ། དེ་རྣམས་ཀྱི་ཚིག་ཕལ་ཆེར་ནི་གོ་སླ་ཞིང་རྒྱས་པར་བཤད་དུ་ག་ལ་ལངས་ཏེ་གཞུང་འགྲེལ་གཞན་དུ་ཤེས་རབ་ཀྱི་མིག་སྒྲུབ་པར་བྱོས་ཤིག །གཉིས་པ་དངོས་གཞི་ལ། ཛམ་སེར་ནག་དང་། བརྒྱ་རྩ་དངོས་དང་། ཞར་བྱུང་དུ་དབྱུ་གུ་དྲུག་ཅུ་རྩ་བཞི་དང་། ཡི་དྭགས་ཀྱི་ཆེད་དུ་ཆུ་སྦྱིན་པ་སྟེ་བཞི་ལས། དང་པོའི་སྐབས་སུ་སྔགས་དོན་འགའ་ཞིག་ཅུང་ཟད་འགྲེལ་ན། ཛཾ་བྷ་ལ་ཞེས་པ་ནི་ཛཾ་བྷ་ལུས་རྣམ་པར་ཉམས་པ་དང་། ལ་འཛིན་པའི་བྱིངས་དོན་ལས་བསྒྲུབས་པ་སྟེ། ལོ་ཙཱ་བ་སྔ་མ་རྣམས་ཀྱིས་སྒྲ་བསྡུས་ཏེ་རྨུགས་འཛིན་ཅེས་པར་བསྒྱུར། དོན་དུ་རྟོལ་མའི་སོ་ཅན་ཅེས་པ་སྟེ། འདིའི་ཚེམས་དེ་ལྟར་ཡོད་པས་སོ། །བི་ཛ་པཱུ་ར་ཀ་ནི་ས་བོན་གྱིས་གང་བ་ཅན་ཞེས་པ་སྟེ་ཤིང་ཏོག་སེར་པོ་སྙིམ་པ་ཁ་སྦྱར་ཙམ་པ་རོ་བཅུད་ཕུན་སུམ་ཚོགས་པ་ཞིག་གོ། །ཧཱུཾ་ཧཱུཾ་ཛྭ་ཏྭཾ་ཧཱུྃ་ཞེས་པ་ནི་རིམ་པར། མེ་ལོང་། མཉམ་ཉིད། སོར་རྟོག་བྱ་གྲུབ། ཆོས་དབྱིངས་ཡེ་ཤེས་ཀྱི་ས་བོན་ནོ། །ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་པ་ནི་རྨུགས་འཛིན་ཆུའི་དབང་པོའི་ཆེད་དུ་གཞི་ཚུགས། ཨཱརྨ་ཛམྦྷ་ལ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་


JKT006_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ནི། འཕགས་པ་རྨུགས་འཛིན་གཏོར་མ་ཟོ་ཟོ། ཟོ་ཞིག །ཟོ་ཞིག །ཅེས་པའོ། །ས་པ་རི་ཝཱ་ར་ནི་འཁོར་དང་བཅས་པའོ། །ཨོ་ཨིནྡྲ་ནི་མུ་ཁཾ་བྷ་མ་རི་སྭཱ་ཧཱ། ཞེས་པ་ནི། དབང་པོ་གཡོ་བའི་ཞལ་ཅན་ལ་གཞི་ཚུགས། ཞེས་པ་སྟེ་མགྲིན་པའི་མེའི་འཁོར་ལོ་བརྗོད་པའོ། །ཛམྦུ་ནི་ཛཾ་བྷ་ལའི་སྒྲ་བསྡུས་པ་སྟེ་སྙིང་པོའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མ་ཎི་བྷ་དྲྭ་ཡ། ནོར་བུ་བཟང་པོ་ལ་ཕྱག་འཚལ་ལོ། །མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོའི་ཆེད་དུ། ཏདྱཐཱ། འདི་ལྟ་སྟེ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ་ནི་སྔར་ལྟར་རོ། །ཚ ཛཾ་བྷ་ལ་སིདྡྷི་ཕ་ལ་ཧོ༔ རྨུགས་འཛིན་དངོས་གྲུབ་འབྲས་བུས་ཚིམ་པར་མཛོད་ཅིག །ཅེས་པའོ། །འདིའི་ཆོ་གའི་འགྲོས་ནི་གཉིས་ཀ་མཐུན་པར་ཡན་ལག་བཞི་རྫོགས་སུ་བསྐྱེད་ཅིང་། གཏོར་མ་འབུལ་བ་དང་། ཉེར་སྤྱོད་ཀྱིས་མཆོད་ཅིང་བསྟོད་ནས་གསོལ་བ་གདབ་པ་དང་། ཐུན་མོང་དུ་དངོས་གྲུབ་བླངས་ཤིང་གསོལ་བ་གདབ་པས་བསྡུས་པའོ། །འདི་གཉིས་ལ་དམིགས་ཀྱིས་བཀར་ཏེ་འབུལ་བའི་དོན་ཅི་ཞེ་ན། སྔོན་བཅོམ་ལྡན་འདས་ལ་ལྷས་བྱིན་གྱིས་རྒྱོགས་འཕངས་པའི་ཚེ་ཛཾ་བྷ་ལས་བསྒྲིབས་པས་རྡོའི་ཚལ་བུ་སྤྱི་བོར་ཕོག་པས་རྨ་བྱུང་བ་ལ་དེའི་ཟུག་རྔུ་ཞི་སླད་རྗེས་འཇུག་རྣམས་


JKT006_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་ཆུ་སྦྱིན་པར་བྱས་ན་ནོར་གྱི་དངོས་གྲུབ་སྟེར་བར་བཤད་པ་དང་། གཅིག་ཤོས་ཀྱང་འཕགས་པས་དབུལ་པོའི་དོན་དུ་མགྲིན་པར་མེའི་འཁོར་ལོ་དང་ལྡན་པར་སྤྲུལ་པས་དེའི་ཚེ་དཔལ་ཞི་སླད་ཆུ་ཕུལ་ན་དབྱིག་གི་ཆར་འབེབས་པར་གསུངས་པ་སྟེ། ཐུགས་རྗེ་ཆེན་པོ་པདྨ་དྲྭ་བའི་རྒྱུད་ལས། ཛཾ་བྷ་ལ་ནི་ཆུ་ཡིས་མཆོད། །ཡི་དྭགས་རྣམས་ཀྱང་ཆུས་ཚིམ་བྱ། །ཞེས་སོགས་ཁུངས་མང་ཞིང་ཐུན་མོང་མ་ཡིན་པའི་རྒྱུད་སྡེ་རྣམས་ལས་ཀྱང་བསྟན་ཏོ། །གཉིས་པ་བརྒྱ་རྩ་དངོས་ལ། སྤྱིར་མགྲོན་རིགས་ཐམས་ཅད་བསྡུ་ན། མཆོད་ཡུལ་དང་། སྦྱིན་ཡུལ་གཉིས་སུ་འདུ་ཞིང་། དེ་ཡང་སྔ་མ་བཞི་ནི་མཆོད་ཡུལ་དང་། ལྷག་མ་ནི་སྦྱིན་ཡུལ་ལོ། །དེ་ལས་ཅུང་ཟད་སྤྲོས་ན་བཞི་སྟེ། དཀོན་མཆོག་སྲི་ཞུའི་མགྲོན། མགོན་པོ་ཡོན་ཏན་གྱི་མགྲོན་དང་། བགེགས་རིགས་ལན་ཆགས་ཀྱི་མགྲོན་དང་། རིགས་དྲུག་སྙིང་རྗེའི་མགྲོན་ནོ། །དེ་ལས་ཕྱེ་ན། དང་པོ་ལ་མགྲོན་ཚན་གཅིག །གཉིས་པ་ལ་གསུམ། གསུམ་པ་ལ་བཞི། བཞི་པ་ལ་བཞི་སྟེ་བཅུ་གཉིས་ལས། སྤྱིའི་སྔགས་དོན། ན་མ་སུ། །ཕྱག་འཚལ་ལོ། །སརྦ་ཏ་ཐཱ་ག་ཏ། དེ་བཞིན་གཤེགས་པ་ཐམས་ཅད། ཨ་ཝ་ལོ་ཀི་ཏེ། ཀུན་ཏུ་གཟིགས་པ་མ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཨོ་ཡང་དག་པར་རྒྱས་པར་གྱུར་ཅིག །ཡང་དག་པར་


JKT006_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་གྱུར་ཅིག་ཧཱུཾ། ཞེས་པ་སྟེ། དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་གཟིགས་པ་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བའི་བདེན་སྟོབས་ཀྱིས་མཆོད་པའི་སྤྲིན་ཕུང་མཆོག་ཏུ་དག་པ་མགྲོན་སོ་སོའི་སྤྱན་ལམ་དུ་གང་བཞེད་དེ་དེའི་ངོར་འཆར་བའི་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་དུས་འདིར་རྒྱས་ཤིང་། དུས་གཞན་ཐམས་ཅད་དུའང་རྒྱས་པར་གྱུར་ཅིག་ཅེས་པ་སྟེ། དེ་ལས་གཞན་པའི་འགྲེལ་ཚུལ་ཕལ་ཆེར་ནི་བླུན་པོའི་གཏམ་དུ་ངེས་པ་རྙེད་ལ། སཾ་བྷ་ར་ཞེས་པའང་ཉེར་བསྒྱུར་སཾ་སྔོན་མའི་བྷིནྱ་འགེབས་པ་ལ་པཉྩ་མའི་ཧི་ཕྱིས་པ་སོགས་ཀྱིས་བསྒྲུབས་པས་སྨོན་ཚིག་ཏུ་བསྒྱུར་བ་ཁོ་ན་འཐད་དམ་རྟོགས་སོ། །འདོད་པའི་ཡོན་ཏན་ལྔ་སོགས་ལའང་ཤིན་ཏུ་རྒྱས་པར་བཤད་དུ་ཡོད་ཀྱང་བློ་དམན་རྣམས་ཀྱིས་བསྒོམས་དོན་ལ་འབྱོར་པ་དཀའ་ཞིང་། །དེ་ལས་གཞན་བདག་གིས་ནི་མཁྱེན་སླ་བའི་ཕྱིར་སྨྲ་བ་མང་པོ་ལ་འཛེམས་སོ། །བྱེ་བྲག་མགྲོན་ཚན་དང་པོའི་སྐབས། རྩ་བ་ནི་རང་ལ་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་དངོས་དང་བརྒྱུད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་སྟེ་དེ་ཉིད་ཀྱི་བར་རོ། །ཡི་དམ་ནི་འདོད་པའི་དངོས་གྲུབ་སྟེར་བར་བྱེད་པ་ལ་སོགས་དོན་ཚན་དྲུག་གི་སྒོ་ནས་ལྷར་འཇོག་པ་རྣམས་ཏེ། ངོ་བོ་ནི་རྒྱུད་


JKT006_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བཞིས་བསྡུས་པའི་དཀྱིལ་འཁོར་གྱི་ལྷའོ། །སངས་རྒྱས་དཀོན་མཆོག་ནི་རང་དོན་དུ་སྤངས་པ་ཆོས་ཀྱི་སྐུ་དང་། གཞན་དོན་དུ་རྟོགས་པ་གཟུགས་ཀྱི་སྐུ་བརྙེས་པས་ཕུན་སུམ་ཚོགས་པའི་ཡོན་ཏན་དྲུག་དང་ལྡན་པ་སྟེ། མཚན་གཞི་ནི་དུས་གསུམ་གྱི་སངས་རྒྱས་ལ་སོགས་པའོ། ཆོས་དཀོན་མཆོག་ནི། འགོག་བདེན་རྟོགས་པའི་ཆོས་དང་། ལམ་བདེན་ལུང་གི་ཆོས་ཟག་མེད་ཀྱི་ཡོན་ཏན་དྲུག་དང་ལྡན་པ་སྟེ། སྔ་མའི་མཚན་གཞི་ནི་དྲན་པ་ཉེ་བར་བཞག་པ་བཞི་སོགས་དང་། ཕྱི་མའི་མཚན་གཞི་ནི་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་རྣམས་སོ། །དགེ་འདུན་དཀོན་མཆོག་ནི། དམ་པའི་དོན་གྱི་གནས་ལུགས་མངོན་སུམ་དུ་རིག་པ་དང་། སྤང་བྱ་ཉོན་མོངས་པའི་ཡུལ་ལས་གྲོལ་བའི་ཡོན་ཏན་དྲུག་ལྡན་ཏེ། མཚན་གཞི་ནི། ཐེག་ཆེན་གྱི་སྐབས་སུ་ཉེ་བའི་སྲས་བརྒྱད་དང་། ཐེག་དམན་གྱི་སྐབས་སུ་གང་ཟག་མཆོག་བརྒྱད་ལ་སོགས་པའོ། །མགྲོན་ཚན་གཉིས་པའི་སྐབས་སུ་གཞན་ལམ་ཙམ་གོ་སླ་ལ། དཔལ་མགོན་བདུན་ཅུ་རྩ་ལྔའི་གྲངས་ངེས་ཅུང་ཟད་ཙམ་ཕྱེ་ན། ལྷ་ཆེན་པོ་བརྒྱད་ནི། ཤར་དུ་དབང་ཕྱུག་ཆེན་པོ། ལྷོར་ལྷའི་དབང་པོ། ནུབ་ཏུ་ཚངས་པ། བྱང་དུ་ཁྱབ་འཇུག །ཤར་ལྷོར་འདོད་པའི་རྒྱལ་པོ། ལྷོ་ནུབ་ཏུ་ཚོགས་ཀྱི་བདག་པོ། ནུབ་བྱང་ཧྥདྷི་རཱི་ཊི་སྟེ་དབང་


JKT006_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་གི་འཁོར་རབ་ཏུ་འཇོམས་བྱེད་ཀྱི་ནང་ཚན་དུ་གཏོགས་པ། བྱང་ཤར་དུ་གཞོན་ནུ་ཀཱནྟི་ཀ་སྟེ་དབང་ཕྱུག་གི་བུ་ཆུང་བ་གཞོན་ནུ་གདོང་དྲུག་སྟེ་ལྷའི་དམག་དཔོན་རྣམས་སོ། །ཀླུ་ཆེན་པོ་བརྒྱད་༡༦ནི། ཤར་དུ་ནོར་རྒྱས་དཀར་པོ་ཨུཏྤལ་སྔོན་པོས་མཚན་པ། ལྷོར་པདྨ་དཀར་པོ་དབུ་ལ་ཐིག་ལེ་གསུམ་གྱིས་མཚན་པ། ནུབ་ཏུ་ཀརྐོ་ཊ་སྔོན་པོ་མགྲིན་པར་རི་མོ་གསུམ་གྱིས་མཚན་པ། བྱང་དུ་འཇོག་པོ་དམར་པོ་དཔལ་བེའུས་མཚན་པ། ཤར་ལྷོར་དུང་སྐྱོང་སེར་པོ་ཐིག་ལེས་མཚན་པ། ལྷོ་ནུབ་ཏུ་རིགས་ལྡན་དཀར་པོ་ཟླ་ཕྱེད་གདེངས་ཀས་མཚན་པ། ནུབ་བྱང་དུ་མཐའ་ཡས་སྣ་ཚོགས་མདོག་སྟེ་རྨ་བྱའི་མགྲིན་པ་ལྟ་བུའི་པདྨས་མཚན་པ། བྱང་ཤར་དུ་པདྨ་ཆེན་པོ་དཀར་པོ་རྩེ་གསུམ་གྱིས་མཚན་པ་སྟེ། འདིའི་གནས་ཚུལ་ནི་སྤྱིར་བཏང་གི་དབང་དུ་བྱས་ཀྱི་འཆད་ཚུལ་གཞན་ཡང་ཡོད་དོ། །ཕྱོགས་སྐྱོང་༢༦བཅུ་ནི། ཤར་དུ་བརྒྱ་བྱིན། ཆུང་བ། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་བདག །བྱང་དུ་གནོད་སྦྱིན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་སྲིན་པོ། ནུབ་བྱང་དུ་རླུང་ལྷ། བྱང་ཤར་དུ་དབང་ལྡན་ཏེ་དབང་ཕྱུག་ཆེན་པོ་ཆུང་བའོ། །སྟེང་དུ་ཚངས་པ་ཆུང་བ་དང་། འོག་ཏུ་ས་ཡི་ལྷ་མོ་རྣམས་སོ། །རྒྱལ་པོ་ཆེན་པོ་སྡེ་བཞི་ནི། ཤར་ཕྱོགས་དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་། ལྷོ་ཕྱོགས་།


JKT006_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གྲུལ་བུམ་གྱི་རྒྱལ་པོ་འཕགས་སྐྱེས་པོ། ནུབ་ཕྱོགས་ཀླུའི་རྒྱལ་པོ་སྤྱན་མི་བཟང་། བྱང་ཕྱོགས་གནོད་སྦྱིན་གྱི་རྒྱལ་པོ་རྣམ་མང་ཐོས་སྲས་རྣམས་སོ། །གཟའ་ཆེན་པོ་བརྒྱད་ནི། ཉི་མ། ཟླ་བ། མིག་དམར་༑ ལྷག་པ། ཕུར་བུ། པ་ཝ་སངས། སྤེན་པ། སྒྲ་གཅན་ཏེ་བརྒྱད་ལ་བྱ་ཞིང་། སོ་སོའི་ཁ་དོག་དང་མཚན་མ་སོགས་ནི་རྒྱུད་སྡེ་སོ་སོ་དང་དཀར་རྩིས་ཀྱི་གཞུང་སོགས་སུ་ཐ་དད་པ་འབྱུང་པའི་ཕྱིར་མ་སྨོས་སོ། །རྒྱུ་སྐར་ཉེར་༦༦བརྒྱད་ནི། སྨིན་དྲུག་སྣར་མ་མགོ་ལག་དང་། །ནབས་སོ་རྒྱལ་ཏེ་ཤར་སྐར་བདུན། །མཆུ་གྲེ་དབོ་དང་མེ་བཞི་ནག །ས་རི་ས་ག་བྱང་སྐར་བདུན། །ལྷ་མཚམས་སྣོན་སྣུབས་ཆུ་སྟོད་སྨད། །གྲོ་བཞིན་བྱི་བཞིན་ནུབ་སྐར་བདུན། །མོན་གྲེ་མོན་གྲུ་ཁྲུམས་སྟོད་སྨད། །ནམ་གྲུ་ཐ་སྐར་བྲ་ཉེ་ལ། །ལྷོ་སྐར་བདུན་ཏེ་ཉེར་བརྒྱད་དོ། །འཇིགས་བྱེད་ཆེན་པོ་དགུ་ནི། ཤང་དུ་དབང་ཕྱུག་འཇིགས་བྱེད། ལྷོར་བརྒྱ་བྱིན་འཇིགས་བྱེད། ནུབ་ཏུ་ཀུ་བེ་ར་སྟེ་ལུས་ངན་འཇིགས་བྱེད། བྱང་དུ་ཡེ་ཤེས་འཇིགས་བྱེད། ཤར་ལྷོར་ཁྱབ་འཇུག་འཇིགས་བྱེད། ལྷོ་ནུབ་ཏུ་སྲིན་པོ་འཇིགས་བྱེད། ནུབ་བྱང་དུ་ཀཱ་ལ་སྟེ་ནག་པོ་འཇིགས་བྱེད། བྱང་ཤར་དུ་ཚོགས་བདག་འཇིགས་བྱེད། སྟེང་དུ་ཚངས་པ་འཇིགས་བྱེད་དེ། དེ་དག་ཤིན་ཏུ་ཁྲོས་པའི་གཟུགས་འཆང་བ་


JKT006_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་བལྟའོ། །དེ་ལྟར་བསྡོམས་པས་བདུན་ཅུ་རྩ་ལྔ་པོ་གང་ཡིན་པ་ནི་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་ཞེས་བྱ་སྟེ་དཀར་ཕྱོགས་སྐྱོང་བའི་ཆོས་སྲུང་ཐམས་ཅད་ཀྱི་གཙོ་བོ་ལྟ་བུར་ཤེས་། །པར་བྱའོ། །མགྲོན་ཚན་གསུམ་པའི་སྐབས། རིག་པ་ནི་མིག་སྨན་དང་སྔགས་དང་བཅུད་ཀྱིས་ལེན་པ་ལ་སོགས་པ་སྟེ་དེ་འཛིན་པས་ཐུན་མོང་གི་གྲུབ་པའི་ཡོན་ཏན་ལ་དབང་འབྱོར་པ་འདོད་པ་དང་གཟུགས་ན་སྤྱོད་པའི་སས་བསྡུས་པ་རྣམས་སོ། །དགེ་སྦྱོང་ནི་ཤ་མ་ཎ་སྟེ་ཡང་དག་པར་བླངས་པའི་དཀའ་ཐུབ་ཀྱིས་ངལ་བར་བྱས་པ་རྣམས་ལ་བྱའོ། །བྲམ་ཟེ་ནི་མི་རིགས་བཞིའི་བྱེ་བྲག་སྟེ། མཆོད་སྦྱིན་དང་། སྲིད་སྲུངས་དང་། སྙན་ཚིག །ངེས་བརྗོད། དེ་རིག་བྱེད་བཞིའི་ཆོས་ལུགས་འཛིན་པས་གནས་སྐབས་སུ་གཞན་ལ་ཕན་པ་སྒྲུབ་པའི་བརྟུལ་ཞུགས་ཅན་དག་གོ །དྲང་སྲོང་ནི་རི་ཊི་ཞེས་པའི་སྒྲ་ལས་དྲངས་ན་ཡེ་ཤེས་སམ་འཁོར་བའི་ཕ་རོལ་ཏུ་འགྲོ་བར་བྱེད་པ་སྟེ། དེ་དག་གི་ངང་ཚུལ་ཀྱང་། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོར། ཀུན་དགའ་བོ་དྲང་སྲོང་རྙིང་པ་བརྟུལ་ཞུགས་གྲུབ་པ་རིག་སྔགས་གྲུབ་པ། གྲགས་པ་འབར་བ། ཀླུང་དང་རི་ལ་གནས་པ། དམོད་པའི་མཚོན་ཅན། དཀའ་ཐུབ་དྲགས་པ། རྫུ་འཕྲུལ་དང་ལྡན་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ། ནམ་མཁའ་


JKT006_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགྲོ་བ་དེ་དག་གི་མིང་བརྗོད་ཀྱི་ཁྱོད་ཀྱིས་ཟུངས་ཤིག །འདི་ལྟ་སྟེ། དྲང་སྲོང་ཆེན་པོ་རྒྱས་པ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་གཡོན་ཕྱོགས་པ་ཞེས་བྱ་བ་དང་། ཞེས་སོགས་མང་དུ་འབྱུང་བ་བཞིན༑ འདི་དག་གི་མཚན་གཞི་ནི་མིས་བྱིན་ལ་སོགས་པ་ལྷའི་དྲང་སྲོང་དང་། རྒྱུན་ཤེས་ལ་སོགས་པ་རྒྱལ་པོའི་དྲང་སྲོང་དང་། འོད་སྲུང་ལ་སོགས་པ་བྲམ་ཟེའི་དྲང་སྲོང་རྣམས་ལ་བྱ་ཞིང་། མངོན་པར་ཤེས་པ་ལྔའང་། རྫུ་འཕྲུལ་ལྷ་ཡི་རྣ་བ་དང་། །གཞན་སེམས་ཤེས་དང་སྔོན་གནས་དྲན། །ལྷ་ཡི་མིག་སྟེ་མངོན་པར་ཤེས། །ལྔ་པོ་ཐུན་མོང་ཉིད་དུ་དྲན། །ཅེས་འབྱུང་ངོ་། །མགྲོན་ཚན་བཞི་པའི་སྐབས་སུ། ལྷན་ཅིག་སྐྱེས་པའི་ལྷ་ནི་འཚོ་བའི་ལྷ། །སྲུང་བའི་ལྷ། སྐྱོབ་པའི་ལྷ། འགོ་བའི་ལྷ། འགྲོགས་པའི་ལྷ་ལྔའོ། །རྣམ་ཐོས་སྲས་ནི་དྲང་སྲོང་རྣམ་མང་ཐོས་པའི་བུ་སྟེ་དྲང་དོན་དུ་བྱང་ཕྱོགས་གནོད་སྦྱིན་གྱི་དབང་པོར་གནས་ཤིང་། ངེས་དོན་དུ་ས་བརྒྱད་པའི་བྱང་ཆུབ་སེམས་དཔར་བཤད་དོ། །ནོར་རྒྱུན་མ་ནི་འདི་ལ་གསོལ་བ་བཏབ་པ་ཙམ་གྱིས་དབྱིག་གི་ཆར་འབེབས་པར་བྱེད་པའི་འཕགས་མའོ། །ཚོགས་ཀྱི་བདག་པོ་ནི་དབང་ཕྱུག་ཆེན་པོའི་བུ་ཆེ་བ་སྟེ་གླང་པོའི་གདོང་པ་ཅན་ནོ། །མགྲོན་ཚན་ལྔ་པ་ནས་མར་མགྲོན་དུ་གཏོགས་ཕྱིར། མཚན་བཞི་སྔོན་དུ་འགྲོ་དགོས་ཏེ། དེ་


JKT006_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་བཞིན་གཤེགས་པ་རིན་ཆེན་མང་ནི་ཤཱཀྱ་ཐུབ་པ་སྟེ་དེ་ལ་ཕྱག་འཚལ་བས་མགྲོན་རྣམས་ཀྱི་སེར་སྣའི་ལས་བཅོམ་ཞིང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པ་དང་། གཟུགས་མཛེས་དམ་པ་ནི་སྤྱན་རས་གཟིགས་ཏེ་དེ་ལ་ཕྱག་འཚལ་བས་གཟུགས་ངན་པ་ཐམས་ཅད་སྤངས་ནས་ཕུན་སུམ་ཚོགས་པའི་གཟུགས་དང་ལྡན་པར་འགྱུར་བ་དང་། སྐུ་འབྱམས་ཀླས་ནི་འཕགས་པ་འཇམ་དཔལ་ཏེ། །དེ་ལ་ཕྱག་འཚལ་བས་ནད་དང་སྡུག་བསྔལ་ཀུན་བཅོམ་ནས་ཟས་ཀྱི་རོ་བྲོ་བ་མཆོག་ཏུ་འགྱུར་བ་དང་། འཇིགས་པ་དང་བྲལ་བ་ནི་ཕྱག་ན་རྡོ་རྗེ་སྟེ། དེ་ལ་ཕྱག་འཚལ་བས་ཕན་ཚུན་བརྡེག་འཚོག་ལ་། སོགས་པའི་འཇིགས་པ་ཀུན་དང་བྲལ་ནས་གནོད་འཚེ་ཐམས་ཅད་ཞི་བར་བྱེད་བའོ། །འདི་དག་གི་ངོས་འཛིན་ཚུལ་འདྲ་མིན་གཞན་ཡང་སྣང་ནའང་འདིར་ཡོངས་སུ་གྲགས་པ་ལྟར་བྲིས་པའོ། །བྱེ་བྲག་མངོན་ཚན་གྱི་ངོས་འཛིན་ལ། རྡོ་རྗེ་གདན་ནི་རྣམ་པར་འདྲེན་པ་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་མངོན་དུ་མཛད་པའི་གནས་ཏེ། དེ་ནི་འཛམ་བུ་པྲིཀྵས་མཚན་པའི་ལྷོ་ཕྱོགས་ཀྱི་གླིང་འདིའི་ལྟེ་བའོ། །དེས་གཙོ་བོར་བྱས་པའི་ཤར་ན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞིང་ཁམས་རི་བོ་རྩེ་ལྔ། ལྷོ་ན་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། ནུབ་ན་ཨོ་རྒྱན་མཁའ་འགྲོའི་གླིང་། བྱང་ན་རིགས་ལྡན་


JKT006_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་ཕོ་བྲང་ཤམྦྷ་ལ་སོགས་སོ། །བོད་ཁམས་ནི་ཡུལ་དྲུག་གི་ནང་ཚན་གངས་ཅན་གྱི་ལྗོངས་ཏེ། དེའི་གཞི་བདག་གི་གཙོ་བོ་བརྟན་མ་བཅུ་གཉིས་ལ་རིགས་བསྡུ་ན་གསུམ་སྟེ། དང་པོ་བདུད་མོ་བཞི་ནི། བྱང་གནམ་མཚོ་ན་རྡོ་རྗེ་ཀུན་གྲགས་མ། ལྷོ་བོད་ལྷ་རིའམ་ལ་སྟོད་ན་རྡོ་རྗེ་གཡའ་མ་སྐྱོང་། ལ་ཕྱི་གངས་ཀྱི་ར་བའམ་གནོད་སྦྱིན་གངས་ལ་རྡོ་རྗེ་ཀུན་བཟང་མ། ཡར་འབྲོག་སྒང་གི་མཚོ་ན་རྡོ་རྗེ་བགེགས་ཀྱི་གཙོ་མོའོ། །གནོད་སྦྱིན་མོ་བཞི་ནི། ལྷ་ཕུ་གངས་ཀྱི་རི་ལ་རྡོ་རྗེ་སྨན་གཅིག་མ། གཙང་དབུས་རུ་མཚམས་ཇོ་མོ་ཁ་རག་ན་རྡོ་རྗེ་ཁྱང་བཙུན་མ། བྱང་སྟོད་དང་དམར་མཚོ་ན་རྡོ་རྗེ་མཁའ་ལྡིང་ཀླུ་མོ། རྨ་ཆེན་སྤོམ་ར་ན་རྡོ་རྗེ་དྲག་མོ་རྒྱལ་རྣམས་སོ། །སྨན་མོ་བཞི་ནི། ཀོང་ཡུལ་བྲེ་སྣ་ན་ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། གཉལ་དང་ལོ་རོར་བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ། གཙང་སྟོད་ཇོ་མོ་ནགས་རྒྱལ་ན་རྡོ་རྗེ་གཡར་མོ་བསིལ། མོན་ཤ་འུག་སྟག་སྒོའམ། མདོ་ཁམས་གཡུ་རིའི་གནས་ན་རྡོ་རྗེ་གཡུ་སྒྲོན་མ་རྣམས་སོ། །འདི་དག་གི་གནས་དང་མཚན་གྱི་རྣམ་གྲངས་ལ་གཏེར་གཞུང་སོ་སོར་མི་འདྲ་བ་སྣ་ཚོགས་འབྱུང་ཡང་ངོ་བོ་གཅིག་པར་སེམས་སོ། །གཞན་ཡང་བོད་ཀྱི་ལྗོངས་འདིར་ཡུལ་གྱི་བྱེ་བྲག་ཇི་ལྟར་ཡོད་ཅེ་ན། པུ་རང་། མང་ཡུལ། ཟངས་དཀར་


JKT006_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྐོར་གཅིག །ལི། བྲུ་ཤ །སྦལ་ཏེ་སྐོར་གཅིག །ཞང་ཞུང་། ཁྲི་སྡེ་སྟོད་སྨད་བར་གསུམ་སྐོར་གཅིག་སྟེ་དེ་རྣམས་ལ་སྟོད་མངའ་རིས་སྐོར་གསུམ་རྫིང་དང་འདྲ་བ་ཞེས་བྱའོ། །དབུས་ན་དབུ་རུ་དང་གཡོ་རུ། གཙང་ན་གཡས་རུ་དང་རུ་ལག་གཉིས་ཏེ་བར་དབུས་གཙང་རུ་བཞི་ཡུར་བ་དང་འདྲ་བ། རྡུལ་རྫ་ཟལ་མོ་སྒང་། ཚ་བ་སྒང་། སྨར་ཁམས་སྒང་། སྤོ་འབོར་སྒང་། དམར་རྫ་སྒང་། མི་ཉག་ར་བ་སྒང་སྟེ་སྨད་མདོ་ཁམས་སྒང་དྲུག་ཞིང་ས་དང་འདྲ་བའི་ཐ་སྙད་བྱེད་པ་རྣམས་སོ། །མགྲོན་ཚན་དྲུག་པའི་སྐབས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་བ་བཟང་པོ་དང་། །ནོར་བུ་བཟང་པོ་དང་། སོགས་ཁོང་ནས་ཛཾ་བྷ་ལ་དང་། ཀུ་བེ་ར་དང་། ཡང་དག་ཤེས་དང་། འབྲོག་གནས། ལྔས་རྩེན། པི་ཙི་ཀུཎྜ་ལཱི་སྟེ་རྟ་བདག་བརྒྱད་ལ་སོགས་པའོ། །ཕྱོགས་མཚམས་སྲུང་པར་བྱེད་པའི་གནོད་སྦྱིན་ཉི་ཤུ་རྩ་བརྒྱད་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས་བྱུང་པ་ལྟར་ན། ཤར་དུ་རིང་པོ་དང་། མིག་བཟང་དང་། གང་པོ་དང་། སེར་སྐྱ་སྟེ་བཞི། ལྷོར་སེང་གེ་དང་༑ ཉེ་བའི་སེང་གེ་དང་། དུང་ཅན་དང་། དགའ་བོ་སྟེ་བཞི། ནུབ་ཏུ་སེང་གེ་དང་། སེང་གེའི་རལ་པ་དང་། བླ་མ་དང་། སེར་སྐྱ་སྟེ་བཞི། བྱང་དུ་འཛིན་པ་དང་། འཛིན་དགའ་དང་།


JKT006_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་སྐྱོང་དང་། ཁྱབ་འཇུག་སྟེ་བཞི། ཕྱོགས་མཚམས་སུ། ལྔ་སྤྱོད་དང་། ཚིགས་ལྔ་སེར་པོ་དང་། རི་མཉམ་དང་། གསེར་ཅན་ཏེ་བཞི། ས་ལ་ས་པ་དང་། ཤིན་ཏུ་སངས་དང་། ནག་པོ་དང་ཉེ་ནག་སྟེ་བཞི། བར་སྣང་ལ་ཉི་མ་དང་ཟླ་བ་དང་། མེ་དང་། རླུང་སྟེ་བཞིར་བགྲངས་སོ། །གནོད་སྦྱིན་མཐུ་བོ་ཆེ་སུམ་ཅུ་རྩ་གཉིས་ཀྱང་། སྔ་མ་ལས། ཀུན་དགའ་བོ་ཁྱོད་ཀྱིས་རྣམ་ཐོས་ཆཀྱི་བུའི་ཆོས་ཀྱི་སྨན་གང་དག་སེམས་ཅན་རྣམས་སྲུང་ཞིང་ཡོངས་སུ་སྐོང་བར་བྱེད་པ། འཇིག་རྟེན་ན་ཡམས་ཀྱི་ནད་དང་གནོད་པ་དང་འཁྲུག་འཇིག་རྟེན་ན་ཕན་པར་བྱེད་པ། །འཇིག་རྟེན་ན་རྒྱུ་བ་རྣམས་ཀྱི་མིང་ཟུངས་ཤིག །འདི་ལྟ་སྟེ། དབང་པོ་དང་། ཟླ་བ་དང་། ཆུ་ལྷ་དང་། སྐྱེ་རྒུའི་བདག་པོ་དང་། བྷ་ར་ངྷ་ཛ་དང་། དབང་ལྡན་དང་། ཙནྡན་དང་། འདོད་པའི་གཙོ་བོ་དང་། མགྲིན་ངན་དང་། མགུལ་ངན་དང་། ས་ཊི་དང་། ནོར་བུ་དང་། ནོར་བུ་སྤྱོད་དང་། སྒྲ་རབ་དང་། ཉེ་ལྔ་པོ་དང་། རི་མཉམ་དང་། གསེར་ཅན་དང་། གང་པོ་དང་། སེང་ལྡེང་དང་། གཡོན་ཅན་དང་། མགྲིན་ངན་དང་། བ་ལང་སྐྱོང་དང་། འབྲོག་གནས་དང་། མིའི་རྒྱལ་པོ་དང་། རྒྱལ་བའི་ཁྱུ་མཆོག་དང་། ཚིག་ལྔ་སེར་པོ་དང་། བཞིན་བཟང་དང་། གནོད་སྦྱིན་


JKT006_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རིང་པོ་འཁོར་དང་བཅས་པ་དང་། དྲི་ཟ་སྣ་ཚོགས་སྡེ་དང་། འབྲས་བུ་གསུམ་པ་དང་། མགུལ་གསུམ་པ་དང་། ལྕགས་མདུང་༣ ༢རིང་པོ་དར་ལྡན་པ་སྟེ་གནོད་སྦྱིན་ཆེན་པོ་རྣམས་སོ། །ཞེས་འབྱུང་ངོ་། །འཕྲོག་མ་ནི་གནོད་སྦྱིན་མ་གཅིག་ལ་བུ་ལྔ་བརྒྱ་ཡོད་པ་མཐུ་རྩལ་ཤིན་ཏུ་ཆེ་བས་ཉིན་བཞིན་དུ་འཛམ་བུ་གླིང་པའི་སེམས་ཅན་མང་པོའི་སྲོག་ལ་འཚེ་བ་ཅན་ཏེ། དེ་ཉིད་བཅོམ་ལྡན་འདས་ཀྱིས་ཐབས་ལ་མཁས་པའི་སྒོ་ནས་བཏུལ་ཞིང་གཞན་ལ་མི་འཚེ་བའི་དམ་བཅའ་འཛིན་དུ་གཞུག་པ་དང་། སླད་ནས་རྗེས་འཇུག་ཐམས་ཅད་ཀྱིས་ཆང་བུ་སྦྱིན་པར་གསུངས་པ་སོགས་འདུལ་བ་ལས་ཀྱང་རྒྱ་ཆེར་འབྱུང་ཞིང་། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་ཆེན་པོའི་མདོ་ལས་ཀྱང་། འཕྲོག་མ་ཅེས་བྱའི་གནོད་སྦྱིན་མོ། །འཇིགས་པར་བགྱིད་པ་སྟོབས་ཆེན་མོ། །དེ་ཡི་བུ་ནི་ལྔ་བརྒྱ་རྣམས༑ །འཇིགས་བགྱིད་གནོད་སྦྱིན་མཐུ་རྩལ་ཅན། །ཅེས་སོགས་གསུངས་སོ། །མགྲོན་ཚན་བདུན་པའི་སྐབས། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ནི། པཎྜི་ཏ་ལོ་ཀ་ནཱ་ཐའི་བཞེད་པ་འགོས་ལོ་ཐམས་ཅད་མཁྱེན་པ་གཞོན་ནུ་དཔལ་གྱིས། ཕྲག་དོག་དང་དེའི་རྩ་བ་འདོད་ཆགས་ལས་སྐྱེས་པའི་མོ་གདོན་ལྷན་སྐྱེས་སྟོབས་ཆེན། ༩༠ སྟོབས་ཆུང་། ༩༠ ཀུན་བརྟགས་སྟོབས་ཆེན། ༩༠༠


JKT006_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆུང་། ༩༠ སྟེ་བསྡོམས་པས། ༣༦༠ ང་རྒྱལ་དང་དེའི་འབྲས་བུ་ཞེ་སྡང་ལས་སྐྱེས་པའི་ཕོ་གདོན་ལྷན་སྐྱེས་སྟོབས་ཆེ་ཆུང་བསྡོམས་པས། ༡༨༠ ཀུན་བརྟགས་སྟོབས་ཆེ་ཆུང་། ༡༨༠ སྟེ། ༣༦༠ གཏི་མུག་ལས་སྐྱེས་པའི་མ་ནིང་ངམ་ཀླུ་གདོན་ལྷན་སྐྱེས་སྟོབས་ཆེ་ཆུང་། ༡༨༠ ཀུན་བརྟགས་སྟོབས་ཆེ་ཆུང་། ༡༨༠ སྟེ། ༣༦༠ དེ་ལྟར་རྩ་བའི་ཉོན་མོངས་པ་ལྔ་ལས་སྐྱེས་པའི་ཕོ་མོ་མ་ནིང་གི་གདོན་ནམ་བགེགས་ཀྱི་རིགས་རེ་ཞིག་སྟོང་ཕྲག་གཅིག་དང་བརྒྱད་ཅུ་སྟེ་གཞན་དུ་ན་བསམ་གྱི་མི་ཁྱབ་པར་བལྟའོ། །བྱིས་པའི་གདོན་ཆེན་བཅོ་ལྔ་ནི། འཇམ་པ་པོ། རི་དྭགས་རྒྱལ་པོ། སེམས་བྱེད༑ རྗེད་བྱེད། ཁུ་ཚུར་ཅན། མ་མོ། ཛ་ལི་ཀ །འདོད་པ་ཅན། ནམ་གྲུ། སྲུལ་པོ། མ་དགའ་བྱེད། བྱ། གཉའ་ལག་ཅན། བཞིན་རྒྱས། མིག་འཕྱང་སྟེ་གཙོ་བོར་སྐྱེས་མ་ཐག་པ་ནས་ལོ་བཅོ་ལྔའི་བར་དུ་གནོད་པར་བྱེད་པ་བ་གླང་ལ་སོགས་པའི་གཟུགས་འཛིན་པ་རྣམས་སོ། །མགྲོན་ཚན་བརྒྱད་པའི་སྐབས། འགྲོ་བ་རིགས་དྲུག་ནི། དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་དང་། །ལྷ་ལྷ་མིན་མི་སྟེ་མཐོ་རིས་གསུམ་སྟེ་དྲུག་གོ། །ལམ་རྒྱུད་ལྔ་ནི། དམྱལ་བ་གདུང་བའི་ལམ། ཡི་དྭགས་འགོག་པའི་ལམ། དུད་འགྲོ་མུན་པའི་ལམ། མི་འདོད་པའི་ལམ། ལྷ་གཡེང་བའི་ལམ་སྟེ་


JKT006_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་སྐབས་སུ་ལྷ་མིན་ནི་སྟོད་རིས་ལྷ་དང་། སྨད་རིས་དུད་འགྲོར་བསྡུའོ། །སྐྱེ་གནས་རྣམ་པ་བཞི་ནི། སྒོང་སྐྱེས། མངལ་སྐྱེས། དྲོད་གཤེར་སྐྱེས། བརྫུས་སྐྱེས་ཏེ་བཞིའོ། །དེ་དག་ཀྱང་གང་ཞེ་ན། སློབ་དཔོན་ཀླུའི་བློས་འདི་སྐད་དུ་འཆད་དེ། སྒོ་ང་ལས་སྐྱེས་པ་གང་ཞེ་ན། སེམས་ཅན་གང་སྒོ་ང་ལས་སྐྱེ་བར་འགྱུར་བའོ། །དེ་དག་གང་ཞེ་ན། ངང་པ་དང་། ཁྲུང་ཁྲུང་དང་། །རྨ་བྱ་དང་། ཤ་རི་ཀ་ལ་སོགས་པའོ། །མངལ་ནས་སྐྱེས་པ་གང་ཞེ་ན། སེམས་ཅན་མངལ་ནས་སྐྱེས་པ་སྟེ། དེ་དག་ཀྱང་གང་ཞེ་ན། རྟ་དང་། བ་ལང་དང་། མ་ཧེ་དང་། བོང་བུ་དང་། ཕག་དང་༑ མི་ལ་སོགས་པའོ། །དྲོད་གཤེར་ལས་སྐྱེས་པ་གང་ཞེ་ན། སེམས་ཅན་གང་དག་དྲོད་ལས་སྐྱེས་པ་སྟེ། དེ་དག་ཀྱང་གང་ཞེ་ན། སྲིན་བུ་དང་། ཕྱེ་མ་ལེབ་དང་། མཆུ་སྦྲང་ལ་སོགས་པའོ༑ །བརྫུས་ཏེ་སྐྱེས་པ་གང་ཞེ་ན། སེམས་ཅན་གང་དག་དབང་པོ་མ་ཚང་བ་མེད་ཅིང་། མ་རྫོགས་པ་མེད་པ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་གཅིག་ཅར་སྐྱེས་པ་སྟེ། དེ་དག་ཀྱང་གང་ཞེ་ན། ལྷ་དང་། དམྱལ་བ་དང་། ཡི་དྭགས་དང་། སྲིད་པ་བར་མ་དང་། བསྐལ་པ་དང་པོའི་མི་ལ་སོགས་པའོ། །ཞེས་ཤིན་ཏུ་གསལ་བར་བཤད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྦྱིན་པ་ལ་


JKT006_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སྟེ། དེའང་གཞན་གྱི་དབུལ་བ་སེལ་བའི་ཕྱིར་གཏོང་བ་ནི་སྦྱིན་པའི་ངོ་བོ་སྟེ། དབྱེ་ན། ཆོས། ནོར། མི་འཇིགས་པའི་སྦྱིན་པ་གསུམ་མོ། །གང་ལ་སྤོང་བའི་སེམས་ཁྱད་པར་ཅན་ཐོབ་པ་ནི་ཚུལ་ཁྲིམས་ཀྱི་ངོ་བོ་སྟེ། དབྱེ་ན་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་མོ། །གནོད་པའི་ཡུལ་གྱིས་བརྫི་བར་མི་ནུས་པ་ནི་བཟོད་པའི་ངོ་བོ་སྟེ། དབྱེ་ཡིན༑ གཞན་གྱི་ལོག་སྒྲུབ་དང་། ཆོས་ཕྱིར་དཀའ་སྤྱད་དང་། སྟོང་ཉིད་ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་དང་གསུམ་མོ། །དཀར་པོའི་ཕྱོགས་ལ་འཇུག་པ་མི་ཞུམ་པ་ནི་བརྩོན་འགྲུས་ཀྱི་ངོ་བོ་སྟེ། དབྱེ་ན། བསམ་པ་གོ་ཆའི། སྦྱོར་བ་ཆོས་སྡུད་ཀྱི། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་གསུམ་མོ། །གང་དུ་སེམས་རྣམ་པར་མི་གཡེར་པའི་རྩེ་གཅིག་པ་ནི་བསམ་གཏན་གྱི་ངོ་བོ་སྟེ། དབྱེ་ན༑ བྱིས་པ་ཉེར་སྤྱོད་ཀྱི། དོན་རབ་འབྱེད་པའི། དེ་བཞིན་གཤེགས་དགའི་བསམ་གཏན་ཏེ་གསུམ་མོ། །ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་ནི་ཤེས་རབ་ཀྱི་ངོ་བོ་སྟེ། དབྱེ་ན། ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་མོ། །དེ་དག་མདོར་བསྡུས་པ་སྟེ་རྒྱས་པར་མཐའ་ཀླས་སོ། །མགྲོན་ཚན་དགུ་པའི་སྐབས་ཡི་དྭགས་ཕྱི་ཡི་སྒྲིབ་པ་ཅན་ནི། ལྗོན་པའི་འབྲས་བུ་དང་ཆུ་ཀླུང་ལ་སོགས་པའི་


JKT006_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བཏུང་གི་ཚོགས་ཡིད་དུ་འོང་བ་མཐོང་ཡང་ཉེ་བར་སླེབས་པ་ན་མཚོན་ཆ་ཐོགས་པས་བསྲུངས་བའམ། རྣག་ཁྲག་སོགས་སུ་མཐོང་བས་སྡུག་བསྔལ་པའོ། །ནང་གི་སྒྲིབ་པ་ཅན་ནི། །ཟས་གོས་ཀྱི་དངོས་པོ་ནམ་ཡང་མི་རྙེད་ཅིང་། གལ་ཏེ་ཅུང་ཟད་རྙེད་དུ་ཟིན་ཀྱང་ཁ་ཁབ་མིག་ཙམ་ནས་མི་ཤོང་། དེར་ཤོང་ཡང་མགྲིན་པ་རྟ་རྔ་ཙམ་ནས་མི་ཐར། དེ་ལས་ཐར་ཡང་ལྟོ་བ་ཡུལ་ལྗོངས་ཙམ་ཡོད་པའི་ཕྱིར་ཁེངས་མི་ནུས་པ་སོགས་སྡུག་བསྔལ་ལོ། །མེ་ལྕེའི་འཁོར་ལོ་ཅན་ནི་མགྲིན་པ་ན་མེ་ཡི་འཁོར་ལོ་དང་ལྡན་པས་ཟས་སྐོམ་ལ་སོགས་པ་མཐོང་ཡང་ཁའི་དུགས་ཀྱིས་བསྐམ་པར་འགྱུར་པའོ༑ །ཟས་སྐོམ་གྱི་སྒྲིབ་པ་ཅན་ནི་ཟས་སྐོམ་རྣམས་མགྲིན་པར་སོང་མ་ཐག་ནས་མདག་མེ་འབར་བའམ་ཁྲོ་ཆུ་ཁོལ་མར་སོང་ནས་ལུས་བསྲེགས་པ་རྣམས་སོ། །འདི་ཉིད་རིགས་དྲུག་གི་ནང་དུ་འདུས་མོད་ཀྱང་། དམིགས་ཀྱིས་བཀར་བ་ནི་སྦྱིན་ཡུལ་གྱི་གཙོ་བོ་ལྟ་བུར་གྱུར་པ་དང་། ཕན་ཡོན་ལྷག་པར་ཆེ་བའི་ཕྱིར་རོ། །མགྲོན་ཚན་བཅུ་པ་ནི་གོ་སླ་ཞིང་། ལྷག་མ་གཉིས་ཀྱང་རྣམ་གྲངས་སོགས་རྟོགས་དཀའ་བའི་གནས་སུ་མ་གྱུར་པས་མ་བྲིས་སོ། །དེ་ལྟ་བུའི་མགྲོན་སོ་སོར་འབུལ་བའི་མངོན་པར་རྟོགས་པའང་འདི་ཡིན་ཏེ། ཡར་མགྲོན་གྱི་སྐབས། གཏོར་མ་དེ་འབྲུ་གསུམ་གྱིས་སྦྱངས་སྤེལ་


JKT006_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་གསུམ་དུ་བྱས། སྤྱིར་སྤྱོད་པར་དབང་བ་ཤུགས་ལྡན་འོད་ཀྱི་སྔགས་ན་མསྶརྦ་སོགས་ཀྱིས་གཏོར་མ་དངོས་དང་། ཨགྷོ་སོགས་ཀྱིས་ཉེར་སྤྱོད་བདུན་ཕུལ་ཏེ། བྱེ་བྲག་ཏུ་སོ་སོའི་མཚན་ནས་སྨོས་ཞིང་འབུལ་བ་དང་། འདོད་དོན་གསོལ་བ་གདབ་པ་རྣམས་བྱ་ཞིང་། མར་མགྲོན་གྱི་སྐབས་ཀྱང་ཉེར་སྤྱོད་ཀྱི་ཚབ་ཏུ་མཚན་བཞི་བརྗོད་པ་མ་གཏོགས་གཞན་འདྲའོ། །གསུམ་པ་དབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་མ་ནི། འདི་ལྟར་ཉིན་ཞག་རེ་ལ་དབྱུ་གུའི་སྦྱོར་བས་བརྟག་པའི་ཚེ་ཆུ་ཚོད་དྲུག་ཅུ་རྩ་བཞི་སྟེ། དེ་རེ་རེ་ལ་རྡོ་རྗེ་ཕོ་ཉ་མོ་རེ་རེ་གནས་ཤིང་། དེ་དག་ལ་གཏོར་མ་བསྔོས་པས་དེ་སྲིད་ཀྱི་བར་ཆད་རྣམས་སྲུང་པར་བྱེད་པར་བཤད་པའི་རྗེས་སུ་འབྲང་བའོ། །སྔགས་དོན་ནི། ཐེག་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་རྩ་རྒྱུད་བརྟག་གཉིས་ཀྱི་ཊི་ཀ་དག་ལྡན་སྙེ་མར། ཨོཾ་ཞེས་པ་ནི་སྔགས་ཀྱི་མགོ་འདྲེན་པའོ། །ཨ་ཀཱ་རོ་ཞེས་པ་ནི་ཨ་ཡི་ཡི་གེ། མུ་ཁཾ་ཞེས་པ་སྒོའམ་དང་པོ་ཡིན་ལ། དེའང་དབྱིབས་ཀྱི་ཨ་ནི་ཨ་ཤད་ལྟ་བུ་སྟེ། དེ་མེད་ན་ཡི་གེའི་གཟུགས་མི་ཐུབ་པས་ཡི་གེ་ཐམས་ཅད་ཀྱི་སྒོའམ་དང་པོ། བརྗོད་པའི་ཨ་བརྗོད་པ་ཐམས་ཅད་ཀྱི་སྲོག་ཡིན་པས་སྒྲ་ཐམས་ཅད་ཀྱི་སྒོའམ་དང་པོ། ནང་ལྟར་བཤད་པའི་ཨ་ལྟེ་བར་གནས་པ་སྟེ་དང་པོ་ལུས་འགྲུབ་པ་ན་ལྟེ་བའི་ཨ་ཐོག་མར་ཆགས་པས་


JKT006_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་གྲུབ་པའི་སྒོའམ་དང་པོ། དོན་གྱི་ཨ་སེམས་ཉིད་སྐྱེ་བ་མེད་པ་ཆོས་ཐམས་ཅད་ཀྱི་སྒོའམ་དང་པོ། སརྦ་དྷརྨ་ཎཱི་ཎཾ། ཞེས་པ་ཆོས་ཐམས་ཅད་ཀྱི། ཨདྱ་ནུཏྤན་ན་ཏྭ་ཏ། ཞེས་པ་ནི་གདོད་མ་ནས་སྐྱེ་བ་མེད་པའི་སྒོ་ཅན་ཏེ་འབྱུང་ཞིང་ཐིམ་པའི་གནས་ཡིན་ལ། བདག་དང་མགྲོན་དང་གཏོར་མ་བྱིན་གྱིས་བརླབ་པའི་ཕྱིར་ཨོཾ་ཨཱཧུཾ་ཞེས་པའོ། །རྣམ་རྟོག་འཇོམས་པས་ན་ཕཊ། དེ་ཁོ་ན་ཉིད་དུ་སེམས་ཞི་བར་བྱེད་པས་ན་སྭཱ་ཧཱ། ཞེས་གསུངས་སོ། །རྟེན་འབྲེལ་སྙིང་པོ་ནི་སྔགས་བོད་སྐད་དུ་བསྒྱུར་ན། ཆོས་རྣམས་གང་དག་སོགས་ཚིགས་བཅད་གཅིག་འབྱུང་སྟེ། ཡེ། གང་རྣམས། དྷམཱ། ཆོས་རྣམས། ཧེ་ཏུ། རྒྱུ། པྲ་བྷ་ཝ། བྱུང་བ། ཧེ་ཏུན། རྒྱུ། ཏེ་ཎཾ། དེ་རྣམས་ལ། ཏ་ཐཱ་ག་ཏོ། དེ་བཞིན་གཤེགས་པ། ཧི། རྐང་པ་ཁ་སྐོང་། ཨ་བ་ད་ཏྲ། གསུངས་སོ། །ཏེ་ཏཱཾ། དེ་རྣམས་ལ། ཡོ། གང་། ནི་རོ་དྷ། འགོག་པ། ཨེ་ཝཾ། འདི་སྐད། བཱ་དཱ། གསུངས། མ་ཧཱ་ཤྲ་མ་ཎཿ དགེ་སྦྱོང་ཆེན་པོ། ཞེས་པ་སྟེ། འདི་རྣམས་ནང་པའི་ཚུལ་ལུགས་ལས་མི་འདའ་བར་བྱེད་པ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའམ། འཕགས་པའི་བདེན་པ་བཞི་དང་སྦྱར་ནས་ལམ་ཡོངས་སུ་རྫོགས་པའི་དོན་རྒྱ་ཆེ་བར་འཆད་དུ་ཡོད་མོད་ཀྱང་རེ་ཞིག་ཡི་གེས་འཇིགས་སོ། །བཞི་པ་ཆུ་


JKT006_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་གྱི་སྐབས་གཞན་ནི་གོ་སླ་ལ། སྔགས་དོན། ཨོཾ་ཨཱཿཧཱུྃ་ནི་བྱིན་གྱིས་རློབ་པའི་སྔགས། ཨོཾ་ཨཱཧཱིཧཱུྃ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ས་བོན། ཨོཾ་མ་ཎི་པདྨེ་ཧཱུྃ་ནི་སྙིང་པོ། །ཨོཾ་ཛ་ལ་མི་དཾ་སརྦ་པྲ་ཏེ་བྷུསྭཱ་ཧཱ། ཆུ་འདི་ཡི་དྭགས་ཀྱི་ཆེད་དུ་གཞི་ཚུགས་ཞེས་པ་སྟེ་བསྔོ་བའི་སྔགས་དངོས། ཨོཾ་ནི་སྔགས་ཀྱི་མགོ་འདྲེན་པ། ན་མོ་རཏྣ་ཏྲ་ཡཱ་ཡ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། སྡིག་པ་རྣམས་སྡིག་པ་རྣམས། རོ་ཙ་ནི་རོ་ཙ་ནི། སྲེག་སྲེག །ཁྲོ་ཊ་ནི་ཏྲོ་ཊ་ནི། ཆོད་ཆོད། ཏྲཱ་ས་ནི་ཏྲཱ་ས་ནི། སྐྲག་པར་གྱིས་སྐྲག་པར་གྱིས། །པྲ་ཏི་ཧ་ན་པྲ་ཏི་ཧ་ན། སོ་སོར་ཆོམས་སོ་སོར་ཆོམས། སརྦ་ཀརྨ་པ་རཾ་པ་ར་ཎི། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད། སརྦ་སཱ་ཏཱ་ནཱཉྩ་སྭཱ་ཧཱ། བདག་དང་སེམས་ཅན་ཐམས་ཅད་ལ་གཞི་ཚུགས༑ ཞེས་པ་སྟེ། ཡི་དྭགས་ཀྱི་འགྲོ་བ་རྣམས་ཀྱི་སྒྲིབ་པ་སྦྱང་བའི་སླད་དུ་དང་། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ། ཡེ་ཤེས་ཀུན་ཏུ་གཟིགས་པ། ན་མསྶ་མནྟ་སྤ་ར་ཎ་ར་སྨི་སཾ་བྷ་ཝ་ས་མ་ཡ། ཕྱག་འཚལ་ལོ། །ཀུན་ནས་འགྲོ་བའི་འོད་ཟེར་འབྱུང་གནས་དམ་ཚིག །མ་ཧཱ་མ་ཎི། ནོར་བུ་ཆེན་པོ། དུ་རུ་དུ་རུ། སྔར་བསྒྱུར་བ་མ་མཐོང་བས་དེ་བཞིན་གཤེགས་པའི་བརྡར་རྟོགས་སོ། །ཧྲི་ད་ཡ། །


JKT006_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ། ཛཱ་ལ་ནི། འབར་བ་རྣམས། སྭཱ་ཧཱ། གཞི་ཚུགས། ཞེས་པ་ཡེ་ཤེས་སྐར་མདའི་སྙིང་པོ་སྟེ་འགྱུར་སྔགས་སོ། །དེ་ལྟར་དངོས་གཞིའི་རིམ་པ་རྣམས་བཤད་ཟིན་ནས། གསུམ་པ་རྗེས་ལ་མཆོད་པའི་ཡོ་བྱད་མ་འབྱོར་བ་དང་། འབྱོར་ཀྱང་ཉམས་པ་དང་བཅས་པ་ལ་སོགས་པའི་ཉེས་ཚོགས་རྣམས་བཤགས་པ་དང་། སྐབས་ཀྱི་དོན་རེ་ཞིག་གྲུབ་ཟིན་ནས་མགྲོན་རྣམས་གཤེགས་སུ་གསོལ་བ་དང་། འཇིག་རྟེན་པའི་བགེགས་རིགས་ཀྱི་གནོད་པ་བསྲུང་བ་ལ་སོགས་པའི་སླད་སྒོ་གསུམ་རྡོ་རྗེ་གསུམ་དུ་རྒྱས་གདབ་པ་དང་། ཐོག་མཐའ་བར་གསུམ་དུ་དགེ་ལེགས་ཀྱི་རྒྱུན་ཆེན་པོས་ཁྱབ་པར་བྱ་བའི་ཕྱིར་ཤིས་པ་བརྗོད་པ་དང་། དགེ་བའི་རྩ་བ་བར་མ་དོར་ཆུད་མི་ཟ་ཞིང་བྱང་ཆུབ་ཀྱི་བར་དུ་གོང་འཕེལ་དུ་འགྱུར་པའི་ཕྱིར་བསྔོ་བ་དང་། དོན་དེ་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར་བདེན་ཚིག་གིས་སྨོན་ལམ་བཏབ་པ་སྟེ་དྲུག་ལས། དང་པོའི་སྐབས། ཡི་གེ་བརྒྱ་པའི་སྔགས་དོན་ནི། བོད་སྐད་དུ་བསྒྱུར་ན། ཨོཾ་བཛྲ་སཏྭ་ས་མ་ཡ། ཨོ་རྡོ་རྗེ་སེམས་དཔའི་དམ་ཚིག་ནི། མ་ནུ་པཱ་ལ་ཡ་བཛྲ་སཏྭ། རྗེས་སུ་སྐྱོངས་ཤིག་རྡོར་སེམས་ཀྱེ། ཏེ་ནོ་པ་ཏིཥྛ་དྲི་དྷོ་མེ་བྷ་ཝ། ཁྱོད་ཀྱིས་བདག་ལ་བརྟན་པར་བཞུགས། །སུ་ཏོ་ཁྱོ་མེ་བྷ་ཝ། ཤིན་ཏུ་ཚིམ་པར་བདག་མཛོད་ཅིག །སུ་པོ་བྱོ་མེ་བྷ་


JKT006_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཝ། ལེགས་པར་རྒྱས་པར་བདག་མཛོད་ཅིག །ཨ་ནུ་རཀྟ་མེ་བྷ་ཝ། བདག་ལ་རྗེས་སུ་ཆགས་པར་མཛོད། །སརྦ་སིདྡྷི་མྨེ་པྲ་ཡཙྪ། དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། །སརྦ་ཀརྨ་སུ་ཙ་མེ། ལས་རྣམས་ཐམས་ཅད་ལ་ཡང་བདག །ཙིཏྟཾ་ཤྲཱི་ཡ་ཀུ་རུ། སེམས་ལ་དགེ་ལེགས་སུ་མཛོད་ཅིག །ཧཱུྃ་ཧ་ཧ་ཧ་ཧ་ཧོ༔ ཞེས་པ་ནི་ཡེ་ཤེས་དྲུག་གི་དེ་ཁོ་ན་ཉིད་མཚོན་པར་བྱེད་པ་རྡོ་རྗེ་སེམས་དཔའི་རྗེས་ཆགས་ཀྱི་བཞད་སྒྲ་སྟེ་དེ་བཞིན་གཤེགས་པའི་བརྡར་གྱུར་པའི་ཕྱིར་འཇིག་རྟེན་གྱི་བསྟན་བཅོས་དང་མཐུན་པར་བསྒྲུབ་ཅིང་བསྒྱུར་བ་སོགས་ནི་བླུན་པོའི་སྙིང་ཁམས་སོ། །བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། །བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱི། །བཛྲ་མཱ་མེ་མུཉྩ། རྡོ་རྗེར་བདག་ནི་མ་འདོར་ཅིག བཛྲ་བྷ་ཝ། རྡོ་རྗེ་ཅན་དུ་མཛད་དུ་གསོལ། །མ་ཧཱ་ས་མ་ཡ་སཏྭ་ཨཱཿ དམ་ཚིག་སེམས་དཔའ་ཆེན་པོ་ཞེས་པ་སྟེ། དེ་དག་གི་དོན་ཀྱང་རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་རྣམས་དང་སྦྱར་ནས་འཆད་ན་ཅུང་ཟད་འཆད་དུ་ནུས་པ་ཙམ་དུ་ཡོད་མོད་ཀྱི་རེ་ཞིག་ངལ་བ་མ་བྱས་ལ། ཤེས་པར་འདོད་ན་སླར་འཆད་པར་བགྱིའོ། །དགོས་པ་ནི། མངོན་བརྗོད་བླ་མའི་ལེའུ་ཉེར་ལྔ་པ་ལས། ཐོག་མ་བར་དང་ཐ་མ་ནི། །དམ་ཚིག་ཉམས་པ་བསྐང་བ་དང་། །དཔའ་བོ་དང་ནི་རྣལ་འབྱོར་མའི། །འཁོར་ལོ་


JKT006_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་བསྟན་པའི་ཕྱིར། །ཡི་གེ་བརྒྱ་པའི་གསང་སྔགས་བཟླས། །ཞེས་པས་མཚོན་རྒྱུད་སྡེ་དུ་མ་ནས་ལན་གཅིག་མ་ཡིན་པར་བསྔགས་སོ། །གཉིས་པའི་སྐབས། བཛྲ་མུ ཞེས་པ་ནི་རྡོ་རྗེར་འཆིང་བ་སྟེ་ཡེ་ཤེས་ཀྱི་དབྱིངས་སུ་གཤེགས་ཤིག་པའི་དོན། སརྦ་བྷ་ཏ་གཙྪ ནི་འབྱུང་པོ་ཐམས་ཅད་སོང་ཞིག །སརྦ་པྲ་ཏི་གཙྩ ནི་ཡི་དྭགས་ཐམས་ཅད་སོང་ཞིག །ཅེས་པའོ། །གསུམ་པ་མན་ཆད་ཀྱི་སྐབས་སུ་སྔགས་དོན་སོགས་གོ་དཀའ་བའི་གནས་ཆེར་མ་མཆིས་སོ། །དེ་ལྟར་ཆོས་སྤྱོད་གཏོར་མའི་རྣལ་འབྱོར་ལ་སོགས་པས་མཚོན་མདོར་ན་དགེ་བའི་ཕྱོགས་སུ་གཏོགས་སོ་ཅོག་ཐམས་ཅད་དམ་པ་གསུམ་གྱི་རྩིས་ཟིན་པ་ཁོ་ན་ཤིན་ཏུ་གཅེས་ཏེ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། དམིགས་མེད་འཇིགས་དང་བྲལ་བའི་སྐྱབས་སུ་འགྲོ། །ཚད་མེད་དམིགས་ཡུལ་སྤངས་པའི་སེམས་བསྐྱེད་བྱ། །དེ་ཡི་ཆོས་ཉིད་རང་བཞིན་ནམ་མཁའ་འདྲ། །བསགས་པའི་མེད་པའི་དགེ་རྩ་བྱང་ཆུབ་བསྔོ། །ཞེས་གསུངས་པ་ལྟར། སྦྱོར་བ་ལམ་མིན་སོ་སྐྱེ་དང་། ལམ་གོལ་མུ་སྟེགས་པ་ལས་ལྡོག་ཅིང་། ཡང་དག་པའི་ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བ་དང་། ཐེག་དམན་ཉན་རང་གི་ལམ་ལས་ལྡོག་ཅིང་ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་གཞན་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་


JKT006_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དངོས་གཞི། མདོ་སྡེ་རྒྱན་ལས། སྦྱིན་པ་ལེན་པོ་གཏང་བྱ་གཏོང་པོས་སྟོང་། །ཞེས་སོགས་ཕར་ཕྱིན་དྲུག་ཀ་ལ་སྦྱར་བ་ལྟར། གཏོར་མ་ལྟ་བུ་ལ་མཚོན་ཀྱང་མཆོད་སྦྱིན་གྱི་ཡུལ་མགྲོན་རིགས་མཆོག་དམན་དང་། མཆོད་སྦྱིན་གྱི་རྫས་དངོས་འབྱོར་དང་ཡིད་སྤྲུལ་མཆོད་སྦྱིན་བྱེད་པ་པོ་རང་ཉིད་དང་བཅས་པའི་འཁོར་གསུམ་པོ་འཇིག་རྟེན་ཕལ་པས་སྟོན་མོ་སྟོབ་པ་ལྟ་བུའི་བདེན་འཛིན་རང་རྒྱུད་པས་སྟོང་པའི་ཞེན་མེད་སྒྱུ་མ་ལྟ་བུའི་ངང་ནས་བྱ་བ་དང་། རྗེས་སུ་དེ་ལྟར་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཡུལ་ཆོས་ཀྱི་དབྱིངས་སུ། བྱེད་པ་པོ་རང་ཉིད་ཀྱིས། དགོས་ཆེད་འགྲོ་ཀུན་བྱང་ཆུབ་ཐོབ་པའི་ཕྱིར་དུ་འཁོར་གསུམ་གྱི་མཚན་མ་རྡུལ་ཙམ་མ་དམིགས་ཀྱང་། སྟོང་པ་དང་རྟེན་འབྱུང་འགལ་མེད་ཀྱི་ཚུལ་གྱིས་ཡོངས་སུ་བསྔོ་བས་རྒྱས་གདབ་པ་སྒྲ་ཇི་བཞིན་པའམ་དེ་ཙམ་བློར་མ་ཆུད་ཀྱང་། སྔོན་འཕགས་པ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་སོགས་པ་རྣམས་ཀྱིས་ཇི་ལྟར་འཁོར་གསུམ་ཡང་དག་གི་བསྔོ་བ་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་བསྔོ་བར་བགྱིའོ་སྙམ་པའི་འདུན་པ་རྣམ་པར་དག་པ་དང་མ་བྲལ་བར་བྱ་སྟེ། བཟང་པོ་སྤྱོད་པར། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །སོགས་དང་མཐུན་པའོ། །


JKT006_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ཕན་ཡོན་ནི། དེ་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བའི་ཉམས་སུ་ལེན་པའི་ཚུལ་ཇི་ལྟ་བ་དང་རྗེས་སུ་མཐུན་པར་གཏོར་མའི་རྣལ་འབྱོར་ལ་བརྩོན་པས་གནས་སྐབས་དང་མཐར་ཐུག་ཏུ་ཕན་ཡོན་བཅུ་གསུམ་འབྱུང་སྟེ། དེ་ཡང་སྒྲུབ་པ་པོ་ཚེ་རིང་བ་དང་། བར་ཆད་སེལ་བ་དང་། མདངས་དང་ལྡན་པ་དང་། ནད་ཞི་བ་དང་། བསོད་ནམས་ཆེ་བ་དང་། ལོངས་སྤྱོད་འཕེལ་བ་དང་། །སྦྱིན་པའི་མཐའ་རྫོགས་པ་དང་། བསམ་པའི་དོན་བདེ་བླག་ཏུ་གྲུབ་པ་དང་། གཟི་བརྗིད་དང་མཐུ་སྟོབས་ཆེ་བ་དང་། སྡིག་སྒྲིབ་འབྱོང་བ་དང་། མི་མ་ཡིན་དབང་དུ་འདུ་བ་དང་། གནས་སྐབས་ལྷ་། མིའི་གོ་འཕང་ཐོབ་པ་དང་། མཐར་ཐུག་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་སར་འགྲོ་བའོ། །ཞེས་གཏོར་མའི་རྣལ་འབྱོར་ལྕེ་སྒོམ་པའི་ཞལ་སྔ་ནས་གསུངས་ཤིང་། དེར་མ་ཟད་མདོ་རྒྱུད་བསྟན་བཅོས་དུ་མ་ནས་གསུངས་པའི་ལུང་མཐའ་ཡས་ལ། མདོར་ན། དངོས་པོ་གཏོང་བ་སྦྱིན་པ། གཙང་སྦྲ་དང་ལྡན་ཅིང་གནོད་འཚེ་སྤངས་པ་ཚུལ་ཁྲིམས། སྦྱོར་འཇུག་གི་དཀའ་བ་དང་དུ་ལེན་ནུས་པ་བཟོད་པ། གཏོང་བ་ལ་སྤྲོ་ཞིང་ལེ་ལོ་མེད་པ་བརྩོན་འགྲུས། དེའི་དུས་སེམས་གཞན་དུ་མི་གཡེང་བར་དམིགས་པ་ལ་རྩེ་གཅིག་ཏུ་སྡུད་པ་བསམ་གཏན། ཆོ་ག་སོགས་ནོར་འཁྲུལ་མེད་ཅིང་འཁོར་


JKT006_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡང་དག་ཏུ་རྟོགས་པ་ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཀའི་ཉམས་ལེན་ཚང་བའི་ཕྱིར་ན་རྫོགས་པའི་བྱང་ཆུབ་སྒྲུབ་པའི་ལམ་གྱི་སྲོག་ཤིང་གཅིག་ཏུ་རིག་པར་བྱའོ། །དེ་ལྟར་ཆུ་གཏོར་བརྒྱ་རྩ་ཡན་ལག་དང་བཅས་པའི་སྐབས་སུ་སྔགས་དོན་སོགས་གོ་དཀའ་ཞིང་རྣམ་བཤད་གཞན་དུ་ཞལ་མི་གསལ་བ་རྣམས་ཅུང་ཟད་བཀྲལ་བ་སྟེ། གཞན་དུ་གང་དུ་གཏང་བའི་གནས། གང་གིས་གཏོང་པའི་སྒྲུབ་པ་པོ། དུས་ནམ་ཙམ་གཏོང་བ། དེའི་ཚེ་ཇི་ལྟར་འདུ་བར་བྱ་བའི་རྫས་དང་། སོ་སོའི་ཆོ་གའི་རིམ་པ་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་ལ་སོགས་པས་མཚོན་པ་རྣམས་ནི་རྣམ་པར་བཤད་པ་དག་ལས་ཀྱང་གསལ་ཞིང་། ལྷག་པར་མཐོང་བ་བརྒྱུད་པའི་ཕྱག་ལེན་ཁོ་ན་གཙོ་བོར་བཟུང་དགོས་པའི་ཕྱིར་མ་བྲིས་ལ། ཁྱད་པར་ས་སྐྱ་པ་རང་གི་ལུགས་སྲོལ་ཐུན་མོང་མ་ཡིན་པ་དཀར་ཆ་བཞི་དང་། རྗེ་བཙུན་དམ་པ་སངས་རྒྱས་ཀྱིས་བཀྲལ་བའི་འབྱུང་བཞིའི་རྟེན་འབྲེལ་གྱི་གཏོར་མ་དང་། དབོན་སྟོད་སྐྱེར་སྒང་པ་ཆོས་ཀྱི་སེང་གེ་ལ་འཕགས་པ་ཐུགས་རྗེ་ཆེན་པོས་མངོན་སུམ་དུ་གནང་བ་དཀོར་སྒྲིབ་སྦྱོང་བའི་ཐབས་ཁྱད་པར་ཅན་བྲུལ་གཏོར་ཆ་ལྔ་དང་། དཔལ་ཆེན་རྒུ་ལོས་མཛད་པའི་ཀླུ་གཏོར་སོགས་ཀྱི་སྐབས་རྣམས་སུའང་འཕྲོས་པར་འོས་པ་ཇི་སྙེད་ཅིག་ཡོད་མོད་ཀྱང་སྐབས་སུ་མ་


JKT006_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བབ་པས་མ་སྨོས་སོ། །དེ་ལྟར་གཅིག་ཏུ་གཞན་དག་ལ། །ཕན་པའི་སེམས་ཀྱིས་ཀུན་བསླངས་ཏེ། །ཆོས་སྤྱོད་གཏོར་མའི་ཆོ་ག་ལས། །འཕྲོས་པའི་ཟིན་བྲིས་ཅུང་ཟད་སྤྲོས། །གང་གི་འབད་པ་ལས་ཐོབ་པའི། །དགེ་ཚོགས་ཀུནྡའི་འོད་ལྟ་བུས། །སྲིད་པའི་གདུང་བ་ཡོངས་བཅིལ་ཏེ། །ཞི་བའི་བཅུད་ལེན་འཇོ་གྱུར་ཅིག །སརྦ་དཱ་མངྒ་ལཾ།།


previousམཆོད་སྦྱིན་གཏོར་མའི་ཆོ་ག་ལས་འཕྲོས་པའི་ཟིན་བྲིས།next