Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆུ་སྦྱིན་སྐབས་ཀྱི་སྨོན་ལམ་གྱི་དོན་ཅུང་ཟད་བཤད་པ།
   
   
   
   


 
previousཆུ་སྦྱིན་སྐབས་ཀྱི་སྨོན་ལམ་གྱི་དོན་ཅུང་ཟད་བཤད་པ།next

ཆུ་སྦྱིན་སྐབས་ཀྱི་སྨོན་ལམ་གྱི་དོན་ཅུང་ཟད་བཤད་པ།


JKT006_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྦྱིན་སྐབས་ཀྱི་སྨོན་ལམ་གྱི་དོན་ཅུང་ཟད་བཤད་པ་བཞུགས་སོ། །ཨོཾ་སྭ་སྟི། ཆུ་སྦྱིན་གྱི་སྐབས། ཀླུའི་རྒྱལ་པོ་དགའ་བོ་དང་སོགས་ཀྱི་སྨོན་ལམ་གྱི་དོན་ལ། གང་གིས་ཆེད་དུ་བསྔོ་ཞིང་སྨོན་ལམ་གདབ་པའི་ཡུལ་སྦྱིན་པའི་བདག་པོའི་མིང་ནས་སྨོས་པ་དང་། དེའི་ཆེད་དུ་བསྔོ་སྨོན་བྱ་བ་དངོས་ཏེ་གཉིས་ལས། དང་པོ་ནི། མདོ་སྡུད་པ་ལས། འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་གཅིག་འབབ་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་བརྟེན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །ཅེས་གསུངས་པ་ལྟར། སྤྱིར་བརླན་ཅིང་གཤེར་བ་ཆུའི་བྱེད་ལས་ལ་བརྟེན་ནས། མེ་ཏོག་དང་འབྲས་བུ་སོགས་སྣོད་བཅུད་ཀྱི་དཔལ་ཕུན་སུམ་ཚོགས་པར་སྐྱེད་པའི་བྱེད་པ་པོ་ནི་ཀླུའི་རྒྱལ་པོ་འཁོར་དང་བཅས་པའི་མཐུ་ཁོ་ན་ཡིན་ཅིང་། ཁྱད་པར་སྐབས་འདིར་


JKT006_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཡི་སྦྱིན་པ་རྒྱ་ཆེན་པོ་ལ་བརྟེན་ནས་ཡི་དྭགས་རྣམས་ཚིམ་པར་བྱས་པའི་ཕྱིར། སྦྱིན་རྒྱུའི་དངོས་པོ་མཚོ་དང་། རྫིང་བུ་སོགས་ཆུའི་རིགས་སུ་གཏོགས་པ་ཐམས་ཅད་ཀྱི་བདག་པོ་ནི་ཀླུའི་རྒྱལ་པོ་དགའ་བོ་སོགས་ཀླུ་རྣམས་ཡིན་པས་ན། སྦྱིན་པ་འདི་ལ་བརྟེན་ནས་སྦྱིན་བདག་ཀླུ་ཡི་རྒྱལ་པོ་དགའ་བོ་དང་། འཇོག་པོ་དང་། ཉེ་དགའ་བོ་སྟེ་དངོས་སུ་མིང་སྨོས་པ་གསུམ་གྱིས་མཚོན། སྲིད་པ་འདི་ན་བརླན་ཅིང་གཤེར་བའི་ཆུ་ཀླུང་། ཆུ་མིག་རྫིང་བུ་སོགས་ཀྱི་བདག་པོ་ཀླུ་རྣམས་དམིགས་ཡུལ་དུ་བྱ་བའོ། །གཉིས་པ་ནི། དེ་རྣམས་ཀྱི་རྒྱུད་ལ་ལམ་ལྔ་རིམ་གྱིས་རྫོགས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྨོན་པ་སྟེ། དེ་ལ་དང་པོ་སྦྱིན་པ་དམ་པ་ནི་ཚོགས་ལམ་གྱི་སྐབས་ཡིན་ཏེ། སྦྱིན་པ་ཙམ་ལམ་ལ་མ་ཞུགས་པའི་འཇིག་རྟེན་པ་རྣམས་ལའང་ཡོད་མོད། བྱང་ཆུབ་གསུམ་གྱི་རྒྱུར་འགྲོ་བའི་སྦྱིན་པ་དམ་པ་མེད་ལ། ཚོགས་ལམ་དུ་ཞི་གནས་དང་ལྷག་མཐོང་གི་རྩིས་ཟིན་པའི་བསོད་ནམས་དང་ཡེ་ཤེས་ཟུང་དུ་འབྲེལ་བས་འཇིག་རྟེན་པ་ལས་ཁྱད་པར་དུ་འཕགས་པའི་ཚོགས་གསོག་ཚུལ་ཡོད་པའི་ཕྱིར༑ གཉིས་པ་སེམས་ཀྱི་རྒྱན་ནི་སྦྱོར་ལམ་གྱི་སྐབས་ཡིན་ཏེ། དེའི་སྐབས་སུ་སྟོང་ཉིད་རྗེས་མཐུན་རྟོགས་པའི་མཐུས་དགེ་བའི་རྩ་བ་མཐའ་དག་བྱང་ཆུབ་ཀྱི་རྒྱུར་འགྱུར་ངེས་པས། སྤོས་ཀྱི་གླང་པོ་


JKT006_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ལ་གསེར་གྱི་དྲ་བས་མཛེས་པ་ལྟར་རྣལ་འབྱོར་པའི་སེམས་འབྱོང་བ་ལ་དགེ་བའི་རྩ་བ་རྣམས་ཀྱིས་ཤིན་ཏུ་མཛེས་པའི་རྒྱན་བྱེད་པའི་ཕྱིར། གསུམ་པ་སེམས་ཀྱི་ཡོ་བྱད་ནི་མཐོང་ལམ་གྱི་སྐབས་ཡིན་ཏེ། དེའི་སྐབས་སུ་ཆོས་ཉིད་སྤྲོས་བྲལ་གྱི་གནས་ལུགས་མངོན་སུམ་དུ་རྟོགས་པས་ཚོགས་གཉིས་དངོས་སུ་ཟུང་དུ་འབྲེལ་བའི་སྟོབས་ཀྱིས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་འབྱོར་པས་རྣལ་འབྱོར་པའི་སེམས་རབ་ཏུ་ཕྱུག་པར་བྱེད་པའི་ཕྱིར། བཞི་པ་རྣལ་འབྱོར་གྱི་ཚོགས་ནི་སྒོམ་ལམ་གྱི་སྐབས་ཡིན་ཏེ། དེའི་ཚེ་ས་དང་པོའི་ཡེ་ཤེས་གོམས་པར་བྱས་པའི་རྒྱུན་གོང་ནས་གོང་དུ་འཕེལ་བར་བྱེད་ཅིང་། འཕགས་པའི་ལམ་ཡན་ལག་བརྒྱད་སོགས་རྣལ་འབྱོར་པའི་ནང་ཏིང་ངེ་འཛིན་གྱི་ཚོགས་མཐའ་དག་རབ་ཏུ་རྫོགས་པར་བྱེད་པའི་ཕྱིར། ལྔ་པ་དོན་གྱི་མཆོག་ནི་མི་སློབ་པའི་ལམ་གྱི་སྐབས་ཡིན་ཏེ། བསྒྲུབ་བྱའི་དོན་མཐར་ཕྱིན་པའི་མཆོག་བརྙེས་པའི་ཕྱིར་རོ། །དེའི་ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་ཅིང་། སྒྲིབ་གཉིས་མཐའ་དག་སྤངས་པ་སོགས་རྫོགས་པའི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་དང་། ཡོན་ཏན་དང་། ཕྲིན་ལས་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་པ་སྟེ། དེ་ལྟ་བུའི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་གདབ་


JKT006_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཞེས་ཁྲོ་ཕུ་ལོ་ཙཱ་བ་སོགས་གསུངས་ལ། གཞན་བཤད་ཚུལ་མི་འདྲ་བ་མངོན་པ་ནས། སྦྱིན་པ་དམ་པ་སེམས་ཀྱི་རྒྱན་རྫུ་འཕྲུལ། སེམས་ཀྱི་ཡོ་བྱད་འཕགས་ལམ་ཡན་ལག་བརྒྱད། རྣལ་འབྱོར་གྱི་ཚོགས་ཏིང་ངེ་འཛིན། དོན་གྱི་མཆོག་མྱང་འདས་ལ་བཤད་དོ། །ཞེས་པའང་མཉྫ་གྷོཥས་བརྗེད་བྱང་དུ་བྲིས་པ་དགེ། །།


previousཆུ་སྦྱིན་སྐབས་ཀྱི་སྨོན་ལམ་གྱི་དོན་ཅུང་ཟད་བཤད་པ།next