Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་བརྒྱུད་པ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་པ་བྱིན་རླབས་དཔལ་སྟེར།
   
   
   
   
   
   
   
   
   
   
   
   
  expand section
   


 
previousབདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་བརྒྱུད་པ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་པ་བྱིན་རླབས་དཔལ་སྟེར།next

བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་བརྒྱུད་པ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་པ་བྱིན་རླབས་དཔལ་སྟེར།


JKT007_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་བརྒྱུད་པ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་པ་བྱིན་རླབས་དཔལ་སྟེར་ཅེས་བྱ་བ་བཞུགས་སོ། ༈ །རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ཏེ་ལོ་པ་དང་ནཱ་རོ་པ། །མར་པ་ལོ་ཙཱ་མི་ལ་རས་ཆེན་ཞབས། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འཇའ་ལུས་མངོན་གྱུར་རྗེ་བཙུན་རས་ཆུང་པ། །ཡེ་ཤེས་བླ་མ་སྦས་པའི་གྲུབ་ཐོབ་གསུམ། ། ཞང་སྟོན་ལོ་ཙཱ་དྷཱ་ར་ཤྲཱི་ལ། །སྙིང་ནས་གསོལ་བ༴ །བྱང་སེམས་ཆེན་མོ་ཀུན་ལྡན་རས་མ་དང་། །གཟི་བརྗིད་རྒྱལ་མཚན་དབང་ཕྱུག་ཤེས་རབ་ཞབས། །གཞོན་ནུ་རྒྱལ་མཚན་རས་ཆེན་གདན་གཅིག་པར། །སྙིང་ནས༴ །ནམ་མཁའ་རྒྱལ་མཚན་འདུལ་འཛིན་ངག་གི་དབང་། །རབ་འབྱམས་སྨྲ་བ་སངས་རྒྱས་སེངྒེ་དང་། །ཕྱོགས་ལས་རྣམ་རྒྱལ་གཙང་སྨྱོན་ཧེ་རུ་ཀར། །སྙིང་ནས༴ །བརྒྱུད་སྲོལ་ཀུན་འདུས་རྒོད་ཚང་རས་ཆེན་ཞབས། །རབ་འབྱམས་རྣམ་གསུམ་ཀུན་མཁྱེན་གྲུབ་མཆོག་དབང་། །ཕྲིན་ལས་རྒྱ་མཚོ་བཀའ་བརྒྱུད་སྒྲོན་མེ་ལ། །སྙིང་ནས །ཡོན་ཏན་རྒྱ་མཚོ་འཛམ་གླིང་རྡོ་རྗེའི་ཞབས། །ངག་གི་དབང་པོ་ཡེ་ཤེས་སྐལ་བཟང་དང་། །དཔལ་ལྡན་རྒྱ་མཚོ་ངེས་དོན་བསྟན་འཛིན་ལ། །སྙིང་ནས །མཐུ་སྟོབས་རྒྱལ་མཚན་རིན་ཆེན་འོད་ཟེར་དང་། །རིགས་ཀུན་ཁྱབ་བདག་འཁོར་ལོ་སྡོམ་པའི་དངོས། །བཀའ་དྲིན་མཚུངས་


JKT007_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྩ་བའི་བླ་མ་ལ། །སྙིང་ནས༴ །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་དང་། །མོས་གུས་བླ་མའི་རྣལ་འབྱོར་མཐར་ཕྱིན་པའི། །སྔོན་འགྲོའི་རྣལ་འབྱོར་འབྱོང་པར་བྱིན་གྱིས་རློབས། །སྨིན་བྱེད་དབང་ཐོབ་དམ་ཚིག་སྡོམ་ལ་གནས། །ཟབ་གསལ་དབྱེར་མེད་བསྐྱེད་རིམ་ཕ་རོལ་སོན། །སྣོད་བཅུད་སྣང་གྲགས་རིག་པའི་རྣལ་རོལ་ཀུན། །ལྷ་སྔགས་ཆོས་སྐུར་འཆར་བར་བྱིན༴ །རླུང་དང་གཏུམ་མོའི་འབར་འཛག་དབུ་མར་ཐིམ། །ཅིར་སྣང་སྒྱུ་མས་ཆགས་སྡང་དབྱིངས་སུ་གྲོལ། །ཉིད་འཁྲུལ་རང་དག་ཉམས་དང་རྟོགས་པ་ཡི། །འོད་གསལ་མངོན་དུ་འགྱུར་བར་བྱིན༴ །སྐུ་གསུམ་འཕོ་བས་ཐར་པའི་གྲོང་འཇུག་ཅིང་། །བར་དོའི་སྣང་ཆ་ཟུང་འཇུག་ལོངས་སྐུར་ཤར། །དངོས་དང་ཡིད་ཀྱི་ཕྱག་རྒྱ་ལ་བརྟེན་ནས། །བདེ་སྟོང་དགའ་བཞི་འཆར་བར་བྱིན༴ །ཁྱད་པར་ལྷན་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །བླ་མའི་དྲིན་གྱིས་མངོན་སུམ་རྟོགས་པའི་མཐུས། །ཡིད་ལ་མི་ཕྱེད་འོད་གསལ་གཉུག་མའི་ངང་། །མཆོག་གི་དངོས་གྲུབ་བརྙེས་པར་བྱིན༴ །གཞན་ཡང་གནས་སྐབས་ནད་གདོན་ཉེར་འཚེ་སོགས། །ལམ་བཟང་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པ་ཡིས། །དོན་གཉིས་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཅེས་པའང་ལམ་འདི་ལ་མཁས་


JKT007_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ་བཀའ་བརྒྱུད་ཕྲིན་ལས་དབང་ཕྱུག་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་སྙན་བརྒྱུད་ཡིད་བཞིན་ནོར་བུའི་སྨིན་གྲོལ་གྱི་གདམས་པས་རྗེས་སུ་བཟུང་བའི་སྐབས། རིས་མེད་པའི་བསྟན་པ་ལ་མཆོག་ཏུ་གུས་པའི་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་དཔལ་རས་ཆུང་ཕུག་གི་གཙུག་ལག་ཁང་ཆེན་པོའི་ཡང་རྩེར་བྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་ར་སྟུ།། །།


previousབདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་བརྒྱུད་པ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་པ་བྱིན་རླབས་དཔལ་སྟེར།next