Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལུགས་ཀྱི་བདུད་རྩི་རིལ་བུའི་སྒྲུབ་ཐབས་ཡེ་ཤེས་མཆོག་སྟེར།
   
   
   
   
   
   
   
   
   
   
  expand section
   


 
previousབདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལུགས་ཀྱི་བདུད་རྩི་རིལ་བུའི་སྒྲུབ་ཐབས་ཡེ་ཤེས་མཆོག་སྟེར།next

བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལུགས་ཀྱི་བདུད་རྩི་རིལ་བུའི་སྒྲུབ་ཐབས་ཡེ་ཤེས་མཆོག་སྟེར།


JKT007_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལུགས་ཀྱི་བདུད་རྩི་རིལ་བུའི་སྒྲུབ་ཐབས་ཡེ་ཤེས་མཆོག་སྟེར་བཞུགས་སོ།། །།


JKT007_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཙཀྲ་སམྦ་རཱ་ཡ། ལུས་མེད་ཡེ་ཤེས་ཀྱི་མཁའ་འགྲོ་མས་གྲུབ་ཆེན་ཏེ་ལོ་པ་ལ་གདམས་པའི་ཆོས་སྐོར་དགུ་ལས། དམ་རྫས་རྟོགས་པའི་ཉི་མ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་ཚུལ་དུ་རྣམ་པར་བཞག་པའི་ནང་ཚན། ནང་གི་དམ་རྫས་བདུད་རྩི་རིལ་བུ་ཇི་ལྟར་སྒྲུབ་པའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། ། དང་པོ་ནི། དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་ཏིང་ངེ་འཛིན་ལས་སུ་རུང་བའི་རྣལ་འབྱོར་པས། དབེན་ཞིང་ཉམས་དགའ་བའི་སྒྲུབ་ཁང་དུ་མཚམས་དམ་པར་བཅད་ལ་སྟེགས་བུའི་དབུས་སུ་མཎྜ་ལར་སིནྡྷ་ར་ཆང་དང་སྦྱར་བས་བྱུགས། །དེའི་སྟེང་དུ་མཉྫིའི་ཁར་ཐོད་པ་དུམ་བུ་གཅིག་པའམ། ལྔ་པའི་ནང་དུ་ཤ་ལྔ་དང་། དབུས་སུ་བྱང་སེམས་


JKT007_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཅོང་ཞིས་རྟ་བྱས་པའི་རིལ་བུ། ཤར་དུ་དྲི་ཆེན་ཨ་རུ་རས་རྟ་བྱས་པའི་རིལ་བུ། ལྷོར་ཤ་ཆེན་གྱི་དྭངས་ཀླད་པ་མ་ཙནྡན་གྱིས་རྟ་བྱས་པའི་རིལ་བུ། ནུབ་ཏུ་རཀྟ་སིནྡྲ་རས་རྟ་བྱས་པའི་རིལ་བུ། བྱང་དུ་དྲི་ཆུ་གུ་གུལ་དཀར་པོས་རྟ་བྱས་པའི་རིལ་བུ་དང་། བར་མཚམས་སུ་འབྲས་བུ་གསུམ། ཚ་བ་གསུམ། བཟང་དྲུག་རྣམས་ཅུང་ཟད་རེ་བཞག །གལ་ཏེ་ཡུལ་དུས་ཀྱི་སྟོབས་ཀྱིས་ཤ་ལྔ་དང་བདུད་རྩི་ལྔ་དངོས་སུ་མ་འབྱོར་བའམ། སྦྱངས་རྟོགས་སྦར་བའི་ནུས་པ་དམན་པས་བཏང་མ་ནུས་ན། བླ་མ་གོང་མའི་ཕབས་རྒྱུན་ཚད་ལྡན་སེལ་མེད་ལ་གཞི་བྱས་ནས་སོ་སོའི་རྟ་རྣམས་ཀྱིས་བུངས་བསྐྱེད་པས་ཀྱང་རུང་ངོ་། །གང་ལྟར་ཡང་དེའི་མདུན་དུ་གཏོར་མཆོད་དང་། ཚོགས་ཀྱི་ཡོ་བྱད་


JKT007_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འདུ་བྱའོ། །གཉིས་པ་དངོས་གཞི་ནི། རང་ཉིད་སྐད་ཅིག་གིས་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་སྐུར་གྱུར་པར་བསམས་ལ་སྔོན་གཏོར་བཏང་། སྒྲུབ་རྫས་རྣམས་ལ་སྦྱོང་བ་གསུམ་སྔོན་དུ་འགྲོ་བས་བགེགས་བསྐྲད། སུམྦྷ་དྲག་ཏུ་བརྗོད། གུ་གུལ་གྱིས་བདུག །སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། ཁྲུས་གསོལ་རྒྱས་པར་ཐུན་ཕྱི་མ་ཐམས་ཅད་ལ་སྲུང་འཁོར་གསལ་བཏབ་པ་ཙམ་ལ་སྦྱོང་ཁྲུས་སོགས་མི་དགོས་བྱ། དེ་ནས་སྐྱབས་སེམས་ཚད་མེད། །རྡོར་སེམས་བསྒོམ་བཟླས། བླ་མའི་རྣལ་འབྱོར། ཡན་ལག་བདུན་པ། དབང་བཞི་བླངས་པ་བཅས་ཀྱི་རྗེས་ལྷན་སྐྱེས་ཡབ་ཡུམ་བདག་བསྐྱེད་གསལ་བཏབ། བཟླས་པ་ཅི་རིགས་པར་བྱས་ལ། མདུན་རྟེན་སུམྦྷས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་༤ སྟེང་དུ་དབུས་སུ་མིའི་ཤ་དང་བྱང་སེམས། ཤར་དུ་བ་ལང་གི་ཤ་དང་དྲི་ཆེན། ལྷོར་ཁྱིའི་ཤ་དང་ཀླད་པ། ནུབ་ཏུ་རྟའི་ཤ་དང་རཀྟ། བྱང་དུ་གླང་པོ་ཆེའི་ཤ་དང་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་སྦྱང་བྱའི་ཡི་གེ་དབུས་སུ་ན་ཤུ། ཤར་དུ་གོ་བི། ལྷོར་ཀུ་མ། ནུབ་ཏུ་ད་ར། བྱང་དུ་ཧ་མུ། དེ་རྣམས་ཀྱི་སྟེང་དུ་སྦྱོང་བྱེད་རིགས་ལྔ་ཡབ་ཡུམ་གྱི་ས་བོན་དབུས་སུ་ཧཱུྃ་མྲྀ། ཤར་དུ་ཨོཾ་ལཾ། ལྷོར་སྭཱ་མཱི། ནུབ་ཏུ་ཨཱཧཱུཾ།


JKT007_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་ཧཱ་ཏཱི་རྣམས་འོད་ཟེར་འབར་བར་གྱུར། རང་འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པ་ཡབ་ཡུམ་གྱི་མཁའ་གསང་རྡོ་རྗེ་དང་པདྨར་གསལ་ཞིང་སྔགས་ཀྱི་ཡི་གེས་མཚན་པ་དང་བཅས་པས་གཉིས་སུ་མེད་པའི་སྦྱོར་བས་སྙོམ་པར་ཞུགས། ཡུམ་གྱི་ཁམས་ལྔའི་དང་མ་ཐིག་ལེ་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ་བ་མཁའ་ནང་དུ་བབས། དེ་ཉིད་རྡོ་རྗེའི་ལམ་བརྒྱུད་རང་གི་རྩ་དབུ་མ་ནས་ཞུགས་ཏེ་སྤྱི་བོར་སོན་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཚངས་པའི་སྒོ་ནས་མཁའ་ཁྱབ་ཏུ་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། དེ་ཐམས་ཅད་ཐོད་པའི་སྟེང་གི་ནམ་མཁར་སྤྱན་དྲངས། གཉིས་སུ་མེད་པའི་སྦྱོར་བ་མཛད་པའི་མཁའ་གསང་ནས་བྱང་ཆུབ་སེམས་ཀྱི་བདུད་རྩི་དཀར་དམར་དཔག་ཏུ་མེད་པ་བབས་ཏེ་ཡིག་འབྲུ་རྣམས་ལ་ཐིམ། ཡིག་འབྲུ་རྣམས་ཀྱང་འོད་དུ་ཞུ་ནས་ཤ་ལྔ་བདུད་རྩི་ལྔ་ལ་ཐིམ་པས། བདུད་རྩི་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟར་དཀར་ལ་དམར་བའི་མདངས་ཆགས་པ། མཐོང་ཐོས་དྲན་རེག་ཙམ་གྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱོང་ཞིང་། ཟག་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བའི་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཅེས་གསལ་བཏབ་


JKT007_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཀུཎྜ་ལི་མ་ཧཱ་པཉྩ་ཨཾ། ཨོ་མྲྀ་ཏ་ཧཱུཾ། ཞེས་ཐུན་རེ་ལ་སྟོང་ཕྲག་རེ་བཟླ་ཞིང་། ཐུན་བཞིར་ཉམས་སུ་བླང་། ཐུན་ཐ་མ་ལ་མཆོད་གཏོར་བྱིན་རླབས་སྔོན་དུ་འགྲོ་བས། གཏོར་མགྲོན་སྤྱན་|དྲངས་ལ་གཏོར་མ་དང་། ཚོགས་མཆོད་འབུལ། སྐོང་བཤགས་དང་། ལྷག་མ་བཏང་སོགས་དཀྱུས་ལྟར་བྱ། དེ་ནི་གཞུང་གི་དངོས་བསྟན་ཡིན་ལ། རྒྱས་པར་སྤྲོ་ན་བདུད་རྩིའི་སྟེགས་ཀྱི་སྟེང་ངམ་མདུན་རྒྱབ་གང་བདེར་བདེ་མཆོག་ལྷན་སྐྱེས་ཀྱི་དཀྱིལ་འཁོར་བཤམས་ལ། ཐུན་གཉིས་སམ་ཐ་མར་བདུད་རྩི་བསྒྲུབས་ཟིན་པའི་རྗེས། བུམ་བསྐྱེད། མདུན་བསྐྱེད། བདག་འཇུག །གཏོར་ཚོགས་སོགས་སྒྲུབ་མཆོད་ལྟར་རྒྱས་པར་བྱ་ཞིང་། གང་ལྟར་ཡང་ཐུན་ཐམས་ཅད་ཀྱི་མཐར། ཐོད་པའི་ཁ་གཅོད་རྡོ་རྗེ་རྒྱ་གྲམ་གྱིས་བཀབ་པར་བསམས་ལ་དར་དམར་པོས་གཡོགས། སུམྦྷས་བསྲུང་ལ་བཞག །བདག་བསྐྱེད་ཀྱི་མཇུག་གི་བྱ་བ་བསྔོ་སྨོན་ཤིས་བརྗོད་སོགས་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་བསྟེན་ཚུལ་ཕན་ཡོན་དང་བཅས་པ་ནི། དེ་ལྟར་རྩེ་གཅིག་ཏུ་བརྩོན་པས་བདུད་རྩི་ལ་དུ་བ་འཐུལ་བའམ། དྲི་ཞིམ་པོས་ཁྱབ་པ་སོགས་རྟགས་ཁྱད་པར་ཅན་བྱུང་ན་དངོས་གྲུབ་བླང་བར་བྱ་སྟེ། ཐོ་རངས་ཀྱི་ཆར་སྐྱབས་སེམས་ནས་བརྩམས་ཏེ་བདག་བསྐྱེད། བདུད་རྩི་སྒྲུབ་པ། ཚོགས་མཆོད་ཡན་སྲོད་ཐུན་གྱི་སྐབས་ལྟར་བྱས་ལ།


JKT007_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་སྣོད་ལག་གཡས་སུ་བླངས་ཏེ། །དཀྱིལ་ཆོག་ལས་འབྱུང་བ་ལྟར་ཕུད་བླ་མ་ཡི་དམ་སོགས་ལ་ཕུལ་བའི་མཐར། བདུད་རྩི་ལས་བཅུད་དྭང་མ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ཏེ། སྤྱི་མགྲིན་སྙིང་ཁར་གཏུག་ཅིང་། ཨོཾ་ཨཱཿཧཱུྃ་གིས་ཅུང་ཟད་མྱོང་བས་རྩ་ཁམས་ཐམས་ཅད་བདེ་བས་ཚིམ་པར་བསམས་ལ་དཀྱིལ་འཁོར་གྱི་དབུས་སུ་བཞག །ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད་ཅིང་ལྷག་མ་བཏང་བ་སོགས་དཀྱུས་བཞིན་དང་བསྔོ་སྨོན་ཤིས་བརྗོད་རྒྱ་ཆེར་བྱ། སླར་རྫས་དེ་རྣམས་བསྡུས་ལ་བྱིན་གྱིས་བརླབས་པའི་ཆང་དང་སྦྱར་ཏེ་རིལ་བུ་བྲ་བའི་རིལ་མ་ཙམ་དྲིལ། རིལ་ཆགས་འཐེམ་པར་བྱས་ལ། ཁྲུས་གསོལ་དང་རབ་གནས་བརྟན་བཞུགས་བཅས་ཤིས་བརྗོད་ཀྱི་མེ་ཏོག་འཐོར། །ལྕགས་ཀྱི་པར་བུ་འཆང་ཞིང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས་ཚུལ་བཞིན་དུ་བསྟེན་པའི་ཡོན་ཏན་ནི། དཔལ་སྡོམ་པ་འབྱུང་བའི་རྒྱུད་ལས། སྔགས་བཟླས་དེ་བཞིན་བསམ་གཏན་དང་། འདོད་པ་ཀུན་གྱི་འབྲས་འབྱུང་ཞིང་། །ལུས་ཀྱི་བཅུད་ཀྱིས་ལེན་དང་ནི། །རྡོ་རྗེ་གསུམ་མཆོག་སྒྲུབ་པར་བྱེད། །ཅེས་སོགས་རྒྱ་ཆེར་གསུངས་པ་ལྟར། ལུས་ལ་འཆང་བ་ཙམ་གྱིས་དཔའ་བོ་དང་མཁའ་འགྲོ་


JKT007_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རང་བཞིན་གྱིས་འདུ་ཞིང་བྱིན་གྱིས་བརླབས། བསྟེན་པ་ཙམ་གྱིས་དེ་ཐམས་ཅད་མཉེས་ཤིང་རྩ་རླུང་ཐིག་ལེ་ལས་སུ་རུང་བས་གནས་སྐབས་ནད་གདོན་བར་ཆད་ཞི། ཚེ་བསོད་ཉམས་རྟོགས་རྒྱས། དངོས་གྲུབ་གང་འདོད་པ་འགྲུབ། ཁྱད་པར་བཅུད་ལེན་གྱི་མཆོག་ཏུ་འགྱུར། མཐར་ཐུག་བདེ་བ་ཆེན་པོའི་ཡེ་ཤེས་རྩོལ་མེད་དུ་སྐྱེ་ཞིང་དཔལ་བདེ་མཆོག་འཁོར་ལོའི་རྡོ་རྗེ་གསུམ་གྱི་གོ་འཕང་ལ་རེག་པར་འགྱུར་བ་ནི་ངེས་པའོ། །ཞེས་དཔལ་འཁོར་ལོ་སྡོམ་པ་རས་ཆུང་སྙན་བརྒྱུད་ལུགས་ཀྱི་བདུད་རྩི་རིལ་བུ་སྒྲུབ་པའི་ཚུལ་ཉུང་གསལ་སྙིང་པོར་དྲིལ་བ་སྟེ། །འདིས་ཀྱང་སེམས་ཅན་ཐམས་ཅད་ཤཱི་ཧེ་རུ་ཀ་རྟག་པ་དམ་པའི་གོ་འཕང་ལ་རེག་པར་གྱུར་ཅིག། །།


previousབདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལུགས་ཀྱི་བདུད་རྩི་རིལ་བུའི་སྒྲུབ་ཐབས་ཡེ་ཤེས་མཆོག་སྟེར།next