Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལུགས་ཀྱི་སྦྱིན་སྲེག་གི་ཆོ་ག་མདོར་བསྡུས་པ།
   
   
   
   
   
   
   
   
   
  expand section
   


 
previousབདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལུགས་ཀྱི་སྦྱིན་སྲེག་གི་ཆོ་ག་མདོར་བསྡུས་པ།next

བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལུགས་ཀྱི་སྦྱིན་སྲེག་གི་ཆོ་ག་མདོར་བསྡུས་པ།


JKT007_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལུགས་ཀྱི་སྦྱིན་སྲེག་གི་ཆོ་ག་མདོར་བསྡུས་པ་བཞུགས་སོ།། །།


JKT007_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་ཀུ་རུ་ཙ་ཀྲ་སམྦརཱ་ཡ། དཔལ་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལུགས་ཀྱི་ཞི་བའི་སྦྱིན་སྲེག་མདོར་བསྡུས་ཏེ་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། དང་པོ་ནི། གཞི་མ་དུལ་བ་ཡིན་ན་ས་ཆོག་སྤྱི་ལྟར་སྔོན་དུ་འགྲོ་བས་དཀར་ཞིང་འཇམ་པའི་ས་ལ་སྟེགས་བུ་གྲུ་བཞི་པའི་དབུས་སུ་ཁྲུ་གང་ཟླུམ་པོར་བསྐོར་བའི་ལྟེ་བར་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་གདན་ལ་ཚོམ་བུ་མཐིང་ནག་གཅིག་བཀོད། དེའི་ཕྱི་རོལ་ཏུ་ཁ་ཁྱེར་སོར་བཞི་ལ་འཁོར་ལོ་དང་མུ་རན་སོར་བཞི་པའི་སུམ་གཉིས་ལ་དྲྭ་ཕྱེད་དང་། སུམ་ཆ་ལ་པུ་ཤུའི་རི་མོ་བྲི། དེའི་ཕྱིར་སོར་བཞི་གྲུ་བཞིར་བྱས་པའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པའི་ཁ་ཁྱེར་གྱི་སྟེང་ནས་འོ་མ་ཅན་གྱི་བུད་


JKT007_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཟླུམ་པོར་བརྩིགས་པའི་ཤར་ལྷོར་ཏིང་ལོ་མེ་ཚང་དང་བཅས་པ་བཞག །རང་གི་གཡོན་དུ་གཏོར་མ་གཉིས་དང་ཉེར་སྤྱོད་སོགས་ཀྱི་ཡོ་བྱད་དང་བཅས། གཡས་སུ་སྲེག་རྫས་ཡམ་ཤིང་མཐོ་གང་པ་དྲི་བཟང་དང་མར་ཁུས་བྱུགས་ལ། མར་ཁུ་ཏིལ་ནག་པོ་རྣམས་བཤམས། གཞན་ཡང་རྡོར་དྲིལ། དགང་བླུགས་སོགས་དགོས་པའི་ཡོ་བྱད་ཀུན་འདུ་བྱ། ཆས་གོས་དཀར་པོ་དང་ལྡན་པས་ཞི་བའི་སེམས་ཀྱིས་ཁ་ཤར་དུ་ཕྱོགས་པས་སྔོན་འགྲོ་གཏོར་མ་དང་། བདག་བསྐྱེད་བཟླས་པ་ཉེར་བསྡུའི་བར་བྱས་ལ་ཐུན་མཚམས་སྤྱི་ལྟར་ལྡང་ངོ་། །གཉིས་པ་སྦྱིན་སྲེག་དངོས་གཞི་ནི། མཆོད་སྲེག་གི་རྫས་རྣམས་ལ་དམིགས་ཏེ། ཁཎྜ་རོ་ཧིས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་


JKT007_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཆོད་རྫས་དང་སྲེག་རྫས་རྣམས་ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་སྐུ་གསུང་ཐུགས་ལ་ཟག་མེད་ཀྱི་བདེ་བ་བསྐྱེད་ནུས་པའི་རྫས་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཧཱུཾ། ལན་གསུམ་ཐབ་བསང་སྦྱངས། སྟོང་པའི་ངང་ལས་ཐབ་ཁུང་ཧཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་ཐབ་དྭངས་ཤིང་ཐོགས་པ་མེད་པ་ཡངས་ཤིང་རྒྱ་ཆེ་བ་མཛེས་ཤིང་ཐུགས་སུ་བྱོན་པའི་བཞུགས་གནས་སུ་གྱུར། དཔལ་འབར་ཐལ་མོ་སྦྱར་བའི་བར་དུ་ཐོགས་ལ་ཐབ་ལ་ལན་གསུམ་བསྐོར་ཞིང་། ཨོཾ་ཨགཱི་ཛྭ་ལ་རཾ། ཞེས་པས་མེ་སྦར། མེ་འབར་བའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མ་དང་འཇིགས་བྱེད་དུས་མཚན་བསྣོལ་བའི་གདན། ཤར་ལྷོའི་གྲར་པད་ཉིའི་གདན་དང་བཅས་པ་གསལ་བར་གྱུར། ཕོ་ཕོ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་། ཤར་ལྷོ་མཚམས་ནས་མེ་ལྷ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛས་སྤྱན་དྲངས། པདྨ་ཀ་མ་ལཱ་ལ་ཧཱུཾ། ཞེས་པས་གདན་འབུལ། ཐབ་ཀྱི་དབུས་སུ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སོགས་ནས། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ་ལ་རྩ་བརྒྱུད་ཀྱི་བླ་མ་ཡི་


JKT007_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་། ཤར་ལྷོའི་གྲར་པད་ཉི་དང་ར་སྐྱེས་ཀྱི་གདན་ལ་དྲང་སྲོང་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་སྐྱབས་སྦྱིན་དང་བཅས་པའི་བགྲང་ཕྲེང་། གཡོན་མཆོག་སྦྱིན་དང་བཅས་པས་སྤྱི་བླུགས་བསྣམས་པ། དྲང་སྲོང་གི་རྒྱན་དང་ཉམས་འགྱུར་ཡོངས་སུ་རྫོགས་ཤིང་། ལྷའི་དྲང་སྲོང་གི་ཚོགས་དུ་མས་བསྐོར་བ། དེ་ཐམས་ཅད་ཀྱང་འོད་ཟེར་དཀར་པོ་འཕྲོ་བ་དང་སྡུད་པའི་སྒོ་ནས་ཞི་བའི་ལས་མཛད་པར་གྱུར། ཅེས་གསལ་གདབ། རྡོར་དྲིལ་དང་བཅས་དགང་བླུགས་ཐོགས་ལ། ཨོཾ་ཨག་ཡེ་སྭཱ་ཧཱ། ལན་བདུན་དང་མར་ཁུས་དགང་བླུགས་བཀང་ལ་ཁ་སྦྱར་ནས་འབུལ་སྟེ། དེ་འདྲ་ལན་གསུམ་གྱིས་བྱོན་སྐྱེམས་འབུལ། ཨོཾ་ཤྲཱི་ཙཀྲ་སམྦྷ་ར་ཨགི་དེ་བ་ས་པ་རི་ཝཱ་ར་ཨརྒྱུ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། ཆོས་དབྱིངས་རྣམ་དག་དབྱིངས་ལས་སོགས་དང་། དཔལ་ལྡན་སངས་རྒྱས་མཁའ་འགྲོ་མ་སོགས་དང་། །འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཁྲོ་བོས་སྤྲོ དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་སྲེག་མཛད་པའི། །གཟི་བརྗིད་མེ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་ནས་ཡམ་ཤིང་། ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱས་བརྒྱ་རྩ་བརྒྱད་ནས་ཉེར་


JKT007_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཡན་གང་འབྱོར་ཕུལ་བའི་མཚམས་སུ། བསྙེན་སྒྲུབ་ཀྱི་ཁ་སྐོང་ཡིན་ན། བདག་གི་སྔགས་མ་དག་པ་དང་ལྷག་ཆད་ཀྱི་ཉེས་ལྟུང་ཐམས་ཅད་ཤཱནྟཾ་ཀུ་རུ་སྭཱ་ཧཱ། ཞེས་དང་། སྤྱིར་བཏང་ལ། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ལྟ་བུའི་སྤེལ་ཚིག་སྦྱར། དེ་བཞིན་དུ་མར་ཁུ། ཨོ་ཨག་ཡེ་སྭཱ་ཧཱ། དང་། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱས་གྲངས་དང་སྤེལ་ཚིག་གོང་མཚུངས་ཕུལ་མཐར། བསྙེན་པའི་ཁ་སྐོང་ལ་སྔགས་བསྙེན་པ་གང་ལ་སོང་བའི་སྔགས་དང་། རྫས་ཏིལ་འབའ་ཞིག་ལ་གྲངས་བཟུང་སྤྱིར་བཏང་ལ་རྫས་སྔགས་དང་། རྫས་ཏིལ་ལོ་གྲངས་བཟུང་ནས་ཁྲི་ཕྲག་ནས་སྟོང་ཕྲག་ཡན་ཇི་ལྟར་རིགས་པ་འབུལ་ལོ། །གྲངས་རྫོགས་པ་དང་གོང་བཞིན་མཆོད་ཅིང་བསྟོད། བཅོམ་ལྡན་འདས་བདག་གི་སྔགས་མ་དག་པ་དང་། ལྷག་ཆད་ཀྱི་ཉེས་ལྟུང་ཐམས་ཅད་ཞི་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། གཏོར་མ། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ལ། ཨོཾ་གུ་རུ་མཎྜལ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་བཛྲ་ཡོ་ག་ཡོ་གི་ནི་ཨགི་དེ་བ་ས་པ་རི་ཝཱ་ར་ཨཱ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། མཆོད་གཏོར་འདོད་གསོལ། ཚོགས་མཆོད་ཡོད་ན་དཀྱིལ་ཆོག་ལྟར་ཕུལ། ལྷག་


JKT007_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཏང་། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཨོ་ཁྱེད་ཀྱི་སོགས་ནས། བཛྲ་མུས། ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་བསམས་ལ་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱ། གསུམ་པ་རྗེས་ནི། ལོང་ཡོད་ན་མེ་རང་ཞིར་འཇོག་ཅིང་། མ་ཁོམས་ན་འོ་མ་དང་བཅས་པའི་དྲི་བཟང་གི་ཆུས་བཏུལ་ལ་རྒྱ་མཚོར་འབབས་པའི་ཆུ་ཀླུང་དུ་དོར། ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཡུམ་བཀའ་ལྷན་ཅིག་སྐྱེས་མའི་སྒོ་ནས་སྦྱིན་སྲེག་བྱེད་པར་འདོད་ནའང་ལྷ་སྔགས་བསྒྱུར་བ་མ་གཏོགས་ཆོ་ག་གོང་བཞིན་བྱས་པས་འགྲུབ་པ་ཉིད་དོ། །ཞེས་པའང་གྲུབ་ཐོབ་གཙང་སྨྱོན་ཆེན་པོས་མཛད་པའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་ལྷུན་གྲུབ་ལས་ཇི་ལྟར་འབྱུང་བ་བཞིན། ངག་འདོན་བཀླག་ཆོག་གི་ཚུལ་དུ་སྦྱར་བའི་དགེ་བས་གྲུབ་གཉིས་ཀྱི་སྣང་བས་ས་གསུམ་ཁྱབ་པར་གྱུར་ཅིག། །།མངྒ་ལཾ། །


previousབདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལུགས་ཀྱི་སྦྱིན་སྲེག་གི་ཆོ་ག་མདོར་བསྡུས་པ།next