Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
ཚོགས་གླུ།
   
   
   
   
   
  expand section
   


 
previousཚོགས་གླུ། next

ཚོགས་གླུ།


JKT007_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འཁོར་སྐབས་རྡོ་རྗེའི་གླུ་ནི། ཀོལླ་ཨི་རེ་ཊི་ཨ་བོ་ལཱ། །མུ་གླུ་ནི་རེ་ཀཀྐོ་ལཱ། །གྷ་ཎ་ཀྲི་སེ་ཊ་ཧོ་བཛྫ་ཨི། །ཀ་རུ་ཎི་ཀི་ཨ་ཨི་ན་རོ་ལཱ། །ཏ་ཧིཾ་བ་ལ་ཁཛྫ་ཨ། །ག་ཌ་མ་ཨ་ཎ་སི་ཛྫ་ཨ་ཨི། ། ཧ་ལེ་ཀཱ་ལིཉྫར་བ་ཎི་ཨ་ཨི། །དུ་དྷུ་ར་བཛྫ་ཨ་ཨི། །ཙ་ཨུ་པ་མ་ཀཙྪ་རི་སིཧཱ། །ཀ་སྤུ་ར་ལ་ཨི་ཨ་ཨི། །མཱ་ལ་ཨིན་དྷ་ཎ་སཱ་ལི་ཛ། །ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི། །ཕོ་ཁཎ་ཁེ་ཊ་ཀར་སྟེ། །ཤུདྡྷ་ཨ་ཤུ་དྷ་ཎྞ་མུ་ཎི་ཨ་ཨི། །ནི་རཾ་ཤུ་ཨཾ་ག་ཙ་ཌ་ཝི། །ཏ་ཧིཾ་ཛ་ས་ར་བ་བ་ཎི་ཨ་ཨི། །མ་ལ་ཨ་ཛེ་ཀུནྡྲ་རུ་པཱ་ར་ཨི། །ཌིནི་མ་ཏ་ཧིཎྜ་བཛྫ་ཨ་ཨི། །ཅེས་དགྱེས་རྡོར་རྩ་བའི་རྒྱུད་རྟག་པ་གཉིས་པ་ལས་གསུངས་སོ། ༈ །སྐོང་བཤགས་ནི། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་རྡོ་རྗེ་སྤྱན། །ཚོགས་ཞིང་དམ་པ་འཁོར་བཅས་རྣམས། །བརྩེ་བས་བདག་ལ་དགོངས་སུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །ཉོན་མོངས་དུག་ལྔའི་དབང་གྱུར་པས། །འདོད་ལོག་ཚེ་འདིའི་བྱ་བ་ཡིས། །སྒོ་གསུམ་ཉིན་མཚན་ཀུན་གཡེངས་པས། །ཕྱི་ནང་གསང་བ་མཐར་ཐུག་གི། །བསྙེན་སྒྲུབ་བཟླས་བརྗོད་ཚོགས་གཏོར་རྣམས། །ཆག་དང་ཆུང་དང་ཉམས་ལ་སོགས། །སྐུ་གསུང་ཐུགས་དང་འགལ་བ་ཡི། །རྩ་བ་དང་ནི་ཡན་ལག་གི །དམ་ཚིག་ཉམས་ཆགས་ཉེས་ལྟུང་ནི། །འཁོར་བ་ངན་སོང་རྒྱུར་གྱུར་ཅིང་། མཐོ་རིས་ཐར་


JKT007_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གེགས་གྱུར་རྣམས། །གནོང་འགྱོད་དྲག་པོའི་སེམས་ཀྱིས་ནི། །མ་ལུས་བདག་གིས་མཐོལ་ལོ་བཤགས། །སླན་ཆད་སྡོམ་ཞིང་དག་པར་བགྱི། །བརྩེ་བས་བྱིན་གྱིས་བརླབ་ཏུ་གསོལ། དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །ཕྱི་ནང་གསང་བ་མཐར་ཐུག་གི །འདོད་ཡོན་རྣམས་ལྔའི་མཆོད་སྤྲིན་ནི། །བཀོད་པ་མཆོག་གྱུར་ཀུན་ཚང་ཞིང་། །ས་དང་བར་སྣང་ཁྱབ་པ་ཡིས། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་རྡོ་རྗེ་སྤྱན། །འཁོར་དང་བཅས་པ་ཐམས་ཅད་ཀྱི། །ཐུགས་བཞེད་རྣམ་དག་གྲུབ་གྱུར་ཅིག །ཐུགས་བསམས་རྣམ་དག་རྫོགས་གྱུར་ཅིག །ཐུགས་དམ་གཉེན་པོ་བསྐངས་གྱུར་ཅིག །ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །མཁྱེན་བརྩེ་མཐུ་སྟོབས་ནུས་པ་དང་། །རྫུ་འཕྲུལ་དྲག་ཤུལ་རྒྱས་གྱུར་ཅིག །ཁྱེད་ཀྱི་ཐུགས་དམ་སྐོང་གྱུར་ནས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །དམ་ཚིག་ཉམས་ཆག་བསྐང་དུ་གསོལ། །དམ་ཚིག་ཉམས་ཆག་བསྐངས་ནས་ཀྱང་། །བརྩེ་བ་ཆེན་པོས་རྗེས་བཟུང་ནས། །འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ། །ཚངས་དབྱངས་གསུང་གི་དངོས་གྲུབ་སྩོལ། །འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ། །ཡོན་ཏན་རེ་སྐོང་དངོས་གྲུབ་སྩོལ། །ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩོལ། །མདོར་ན་མཆོག་དང་ཐུན་མོང་གི །དངོས་གྲུབ་མ་ལུས་ཁྱེད་ཀྱིས་སྩོལ། །སྔོན་ལས་འཕྲལ་རྐྱེན་


JKT007_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི། །བར་ཆད་མ་ལུས་ཁྱེད་ཀྱིས་སོལ། །དེང་ནས་བྱང་ཆུབ་མ་ཐོབ་བར། །བློ་འགེལ་ལྟོས་གྱུར་རེ་ས་དང་། །སྐྱབས་གནས་གཞན་ན་མ་མཆིས་པས། །མཁྱེན་བརྩེ་ནུས་ལྡན་ཁྱེད་རྣམས་ཀྱིས། །བདག་ཅག་འཁོར་དང་བཅས་པ་རྣམས། །བརྩེ་བས་འབྲལ་མེད་བསྐྱང་དུ་གསོལ། །ཞེས་གྲུབ་ཆེན་གཙང་སྨྱོན་ཧེ་རུ་ཀས་མཛད་པའི་ལས་བྱང་ལས་བྱུང་བའོ།། ༈ །།བཀྲ་ཤིས་ནི། ཨོཾ་ཨཱཿཧཱུྃ། སྐུ་གསུམ་མངོན་གྱུར་རྡོ་རྗེ་འཆང་། །བདེ་གསལ་མི་རྟོགས་དང་ལས་ནི། །ཁམས་གསུམ་འགྲོ་བའི་དོན་མཛད་པའི། །བཀའ་རྒྱུད་བླ་མའི་བཀྲ་ཤིས་ཤོག །ཆོས་དབྱིངས་སྲིད་ཞིའི་ངོ་བོ་ཉིད། །དཀྱིལ་འཁོར་ལྷའི་རྣམ་པར་ཤར། །དྲན་པས་དངོས་གྲུབ་གཉིས་འབྱུང་བའི། །ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག །བླ་མེད་རྒྱལ་བའི་འཁྲིལ་སྦྱོར་ཡུམ། །འགྲོ་ཀུན་དགེ་ལེགས་བསྒྲུབ་མཛད་མ། །རྣལ་འབྱོར་ཉམས་རྟོགས་སྐྱེད་པའི་སྲིང་། །མ་སྲིང་མཁའ་འགྲོའི་བཀྲ་ཤིས་ཤོག །ཆོས་ཉིད་ཞི་བའི་ངང་བཞུགས་ཀྱང་། །བསྟན་དགྲ་སྒྲོལ་ཕྱིར་དྲག་ཤུལ་ཅན། །རྣལ་འབྱོར་འཕྲིན་ལས་ཀུན་བསྒྲུབ་པའི། །ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །བླ་མའི་བཀའ་ལས་དབང་བཞིའི་དོན། །ཡེངས་མེད་ཉམས་ལེན་དམ་ཚིག་བསྲུང་། །རང་བས་བླ་མ་མཆེད་ལྕམ་གཅེས། །རྡོ་རྗེ་སྤུན་གྱི་བཀྲ་ཤིས་ཤོག །གདོད་ནས་སྟོང་པ་ཆོས་ཀྱི་སྐུ། །


JKT007_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞི་གང་དུའང་མ་གྲུབ་ཅིང་། །རང་ངོ་ཤེས་པས་རང་སར་གྲོལ། །ཡེ་ཤེས་སེམས་ཀྱི་བཀྲ་ཤིས་ཤོག །ཅེས་པའང་གཙང་སྨྱོན་ཧེ་རུ་ཀས་མཛད་པའི་ལས་བྱང་ལས་སོ།། #div1 བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལུགས་ཀྱི་ཡི་དམ་དང་ཆོས་སྲུང་གི་གཏོར་འབུལ་ཤིན་ཏུ་བསྡུས་པ། བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལུགས་ཀྱི་ཡི་དམ་དང་ཆོས་སྲུང་གི་གཏོར་འབུལ་ཤིན་ཏུ་བསྡུས་པ་བཞུགས་སོ། །ཨོཾ་སྭ་སྟི། །ཡི་དམ་དང་ཆོས་སྲུང་གི་གཏོར་བསྔོ་བསྡུས་པ་ནི། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁའི་ཀློང་། །དྲི་མེད་པདྨ་ཉི་ཟླ་རོ་གདན་སྟེང་། །རྒྱལ་ཀུན་ངོ་བོ་འཁོར་ལོ་སྡོམ་པ་ནི། །ཤེས་རབ་འཁྲིལ་སྦྱོར་རྡོ་རྗེ་ཕག་མོར་བཅས། །དབུ་གཙུག་རིགས་བདག་རྡོ་རྗེ་འཆང་ཆེན་ལ། །རྩ་བརྒྱུད་དཔལ་ལྡན་བླ་མའི་ཚོགས་ཀྱིས་བསྐོར། །འོག་ཕྱོགས་ཞིང་བཅུ་བསྒྲལ་བའི་གདན་སྟེང་དུ། །མ་ཧཱ་ཀཱ་ལ་ཁྲག་འཐུང་ཕྱག་བཞི་པ། །འདོད་ཁམས་མ་མོ་དུད་སོལ་དབང་ཕྱུག་མ། །བཀའ་སྡོད་བཅས་དང་དམ་ཅན་རྒྱ་མཚོའི་ཚོགས། །གཟི་བརྗིད་དྲག་རྩལ་འབར་བའི་སྐུ་རུ་གསལ། །དེ་ཡི་གཡོན་ཕྱོགས་བཀྲ་ཤིས་ཚེ་རིང་མ། །མཆེད་ལྔ་འཁོར་ཚོགས་རང་རང་བཞོན་པར་བཅས། །མཚར་སྡུག་འོད་ཆགས་ཞི་འཛུམ་སྒེག་པའི་ཉམས། །ཀུན་ཀྱང་གནས་གསུམ་ཡི་གེ་གསུམ་གྱིས་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། བཛྲ་ས་མཱ་ཛ༔ པདྨ་ཀ་མ་ལཱ་ཡ་སྟེ། གཏོར་མ་ལས་སྔགས་ཀྱིས་བསང་སྦྱངས་བྱས་ལ།


JKT007_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཡུག་བཅས་པའི་བྷནྡྷའི་སྣོད་བཟང་དུ། །གཏོར་རྫས་ངོ་བོ་ཤ་ལྔ་བདུད་རྩི་ལྔ། །སྨན་རག་དམ་རྫས་ཚོགས་ཀྱི་མཆོད་པར་བཅས། །ཉེས་པའི་སྐྱོན་བྲལ་ཡེ་ཤེས་བདུད་རྩི་མཆོག །མགྲོན་རིགས་མཉེས་བྱེད་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཧཱུཾ། ལན་གསུམ། རྒྱལ་ཀུན་ཡབ་གྱུར་བཅོམ་ལྡན་བདེ་བའི་མཆོག །ཤེས་རབ་དབྱིངས་ཡུམ་རྡོ་རྗེ་རྣལ་འབྱོར་མ། །དཔལ་ལྡན་རྩ་བ་བརྒྱུད་པའི་བླ་མ་ལ། །དམ་རྫས་སྨན་རག་གཏོར་མའི་མཆོད་པར་འབུལ། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །བགེགས་འཇོམས་རྒྱལ་བའི་བསྟན་བསྲུང་ཕྱག་བཞི་པ། །དོན་ལྡན་རྒྱལ་བ་ཀུན་ཡུམ་དཔལ་ལྷ་མོ། །མཐུ་རྩལ་མྱུར་ལ་རྣོ་བའི་བཀའ་སྲུང་ཚོགས། །བསྟན་དགྲ་བསྒྲལ་བའི་ཤ་ཁྲག་མཆོད་པར་འབུལ། །དགྱེས་པར་བཞེས་ལ་ཕྲིན་ལས་ཀུན་འགྲུབ་མཛོད། །ཕྱི་ལྟར་གཙང་རིགས་ནང་ལྟར་རིག་འཛིན་མ། །གསང་བ་དབྱིངས་ཀྱི་མཁའ་འགྲོ་སྡེ་ལྔ་དང་། །དབྱེར་མེད་བཀྲ་ཤིས་ཚེ་རིང་མཆེད་ལྔ་ལ། །ཟག་མེད་བདུད་རྩིའི་གཏོར་མའི་མཆོད་པ་འབུལ། །ཚེ་སྲིངས་དཔལ་སྐྱེད་ལོངས་སྤྱོད་སྙན་གྲགས་སྤེལ། །ཁྱད་པར་རྡོ་རྗེ་ཐེག་པའི་བཤད་སྒྲུབ་བསྟན། །དེར་འཛིན་འཁོར་སློབ་བཅས་པ་རབ་དར་ཞིང་། །ཆོས་དང་མཐུན་པའི་དོན་ཀུན་ཡིད་བཞིན་དུ། །གྲུབ་པའི་ཕྲིན་ལས་གཡེལ་བ་མེད་པར་མཛོད། །བདག་སོགས་


JKT007_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་འཁྲུལ་པའི་དབང་གྱུར་པའི། །འགལ་འཁྲུལ་ཉེས་བྱས་ཚོགས་རྣམས་མཐོལ་ཞིང་བཤགས། །བཟོད་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །དགེ་བ་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །བཛྲ་མུ། ཞེས་པའང་རིག་འཛིན་སྤྲུལ་པའི་སྐུ་འཛམ་གླིང་རྡོ་རྗེའི་གསུང་ལས་བྱུང་བའོ།། །།མངྒ་ལཾ།། །།


previousཚོགས་གླུ། next