Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
དཔལ་འཁོར་ལོ་བདེ་མཆོག་ནག་པོ་པའི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་དྲན་པ་གཅིག་པ།
   
   
   
  expand section
   


 
previousདཔལ་འཁོར་ལོ་བདེ་མཆོག་ནག་པོ་པའི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་དྲན་པ་གཅིག་པ།next

དཔལ་འཁོར་ལོ་བདེ་མཆོག་ནག་པོ་པའི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་དྲན་པ་གཅིག་པ།


JKT007_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་བདེ་མཆོག་ནག་པོ་པའི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་དྲན་པ་གཅིག་པ་བཞུགས་སོ།།


JKT007_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

་ཨོཾ་སྭསྟི་སིདྡྷཾ། ལྷན་སྐྱེས་དྲྭ་བ་བརྟན་གཡོ་ཀུན། །སྡོམ་མཛད་བླ་མ་ཧེ་རུ་ཀར། །བཏུད་ནས་དེ་ཡི་སྒྲུབ་པའི་ཐབས། །དྲན་པ་གཅིག་པའི་རྣལ་འབྱོར་བཤད། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་རྣམ་པར་དག་པའི་སྒྲུབ་པ་པོས། ལས་དང་པོ་པའི་སྐབས་སུ་བསྐྱེད་རིམ་ལ་རིམ་གྱིས་སློབ་པས་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསྒོམ་མི་ནུས་པའམ། རྒྱུན་གྱི་རྣལ་འབྱོར་སོགས་ལ་བསྡུས་པའི་ཚུལ་གྱིས་བསྒོམ་པར་འདོད་པས་དྲན་པ་གཅིག་པའི་རྣལ་འབྱོར་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ནི།


JKT007_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ་མདུན་གྱི་ནམ་མཁར་སྐྱབས་ཡུལ་བླ་མ་འཁོར་ལོ་སྡོམ་པའི་རྣམ་པ་ཅན་སྐྱབས་གནས་ཀུན་འདུས་སུ་གསལ་བའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་སོང་བར་མོས་ལ། སྐྱབས་འགྲོ་དང་། སེམས་བསྐྱེད་རྒྱས་བསྡུས་གང་རུང་བྱ། གཉིས་པ་ལ་གཉིས། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དང་པོ་ནི། ཨོཾ་ཨཱ༔ཧཱུྃ་ཧ་ཧོ་ཧིས་བརླབས་པའི་ནང་མཆོད་གཡོན་པའི་མཐེབ་སྲིན་གྱིས་མྱང་བའམ་མོས་པས། ཤྲཱི་ཧེ་རུ་ཀ་ཨ་ཧཾ། ཞེས་དང་། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་


JKT007_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གང་དུའང་མི་གནས་པའོ། །ཞེས་བརྗོད་ཅིང་དོན་དྲན། རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སེམས་ཡེ་ཤེས་ལྔའི་ངོ་བོ་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་གང་། སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་ཡུམ་དང་བཅས་པའི་སྐུར་གྱུར། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་དང་། འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛས་ཚོགས་ཞིང་སྤྱན་དྲང་། ན་མོ་གུ་རུ་བྷྱ༔ ན་མའི་ཙཀྲ་སམྦྷ་ར་མཎྜ་ལེ་བྷུས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦྷ་ར་མཎྜལ་ས་པ་རི་ཝཱ་ར་ཨརྒྱུ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་གྱིས་རྒྱུན་བཤགས་བྱ། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ་མོ། །གཉིས་པ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷསརྦ་དྷམསྭ་བྷཱ་བ་ཤུདྡྷོཉ་ཧཾ། ཨོཾ་ཤུན་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉ་ཧཾ། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་སྟོང་པ་ཉིད་དུ་བསམས་ལ་མཉམ་པར་གཞག་གོ། །གཉིས་པ་དངོས་གཞི་ལ་གཉིས། ལྷ་བསྒོམ་པ་དང་། སྔགས་བཟླ་བའོ། །དང་པོ་ལ་བཞི། བསྙེན་པ་དང་། ཉེ་བར་སྒྲུབ་པ་དང་། སྒྲུབ་པ་དང་། སྒྲུབ་པ་


JKT007_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའོ། །དང་པོ་ནི། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་རང་གི་སེམས་ཉིད་ཀྱི་ངོ་བོ་ནཱ་ད། དེ་ལས་ཐིག་ལེ། དེ་ལས་ཟླ་ཚེས། དེ་ལས་ཧའི་མགོ་བོ། ཁོག་པ། ཞབས་ཀྱུ་སྟེ་ཧཱུྃ་གི་བར་དུ་གྲུབ་པ་ལས་འོག་ཏུ་པོ་འཕྲོས་པས་པདྨ། དེའི་སྟེང་དུ་རི་འཕྲོས་པས་ཉི་མ། དེའི་སྟེང་དུ་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་སངས་རྒྱས་ཀྱི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་གཡོན་སྐོར་གྱིས། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རི་རཱི། ལི་ལཱི། ཨེ་ཨེ། ཨོ་ཨཽ། ཨཾ་ཨ༔ ཕྲག་གཉིས་བརྗོད། ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་གཡས་སྐོར་གྱིས། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་དྷ། ཕྲག་གཉིས་བརྗོད། ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀྱི་བར་དུ་ཧཱུྃ་དང་ཨོཾ་ལས་རྡོ་རྗེ་དང་གྲི་གུག་ཧཱུྃ་དང་ཨོཾ་གིས་མཚན་པ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས། ནམ་མཁར་གནས་པའི་ཧཱུཾ་ཡིག་དང་། ཉི་ཟླ་ཕྱག་མཚན་ས་བོན་དང་བཅས་པ་རོ་གཅིག་ཏུ་འདྲེས་པ་ལས་བྱ་བ་ནན་ཏན་གྱི་ཡེ་ཤེས། དེ་ལས་སྐུ་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་བདག་ཉིད་དཔལ་འཁོར་ལོ་བདེ་མཆོག་


JKT007_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་བའི་ཞལ་སྔོན་པོ། གཡོན་ཞལ་དམར་བ། རྒྱབ་ཞལ་སེར་བ། གཡས་ཞལ་དཀར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་། མཆེ་བ་བཞི་བཞི་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་བརྒྱངས་ཏེ་འཛིན་པ། གཡས་ཀྱི་གསུམ་པ་ན་ཌ་མ་རུ། བཞི་པ་ན་དགྲ་སྣ། ལྔ་པ་ན་མདུང་རྩེ་གསུམ་པ། དྲུག་པ་ན་གྲི་གུག །གཡོན་གྱི་གསུམ་པ་ན་རྡོ་རྗེས་མཚན་པའི་ཁ་ཊཾ་ག །བཞི་པ་ན་རྡོ་རྗེའི་ཞགས་པ། ལྔ་པ་ན་ཁྲག་གིས་གང་བའི་ཐོད་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། །ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོའི་ནུ་མའི་སྟེང་དང་། གཡོན་བསྐུམས་པས་འཇིགས་བྱེད་ནག་པོའི་མགོ་བོ་བལྟབས་ནས་མནན་པ། རལ་བའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེར་ཡིད་བཞིན་གྱི་ནོར་བུས་སྤྲས་ཤིང་གཡོན་ན་ཚེས་གཅིག་གི་ཟླ་བ་དང་། མཚོགས་མའི་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། སྒེག་པ་དཔའ་བ་མི་སྡུག་པ། །དགོད་ཅིང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་ཡི། །


JKT007_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གར་དགུའི་རོ་དང་ལྡན་པ་ཉིད། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡོན་པས་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡས་པས་སྡིགས་མཛུབ་དང་བཅས་པའི་གྲི་གུག་གིས་ཕྱོགས་ཐམས་ཅད་དུ་བསྡིགས་པར་མཛད་པ། གཅེར་བུ་སྐྲ་གྲོལ་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། ཞབས་གཡས་བསྐུམས་ཞིང་གཡོན་བརྐྱངས་པས་ཡབ་ལ་འཁྱུད་པ། ཡབ་ཡུམ་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེ་ནས་ཞལ་བཞི་ལ་གཡོན་སྐོར་དུ་དམིགས་ལ། ཨོཾ་སུམྦྷ་སོགས་ཞལ་བཞི་པའི་སྔགས་ཚན་པ་གཅིག་དང་། སྐུ་རིལ་པོ་ལ་དམིགས་ནས། ཨོཾ་དྷརྨ་དྷ་ཏུ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾ། ཞེས་བརྗོད། གཉིས་པ་ཉེར་སྒྲུབ་ནི། གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཡབ་ཀྱི་སྙིང་གར་ཨོཾ་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ཨོཾ་མ་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་ཨོཾ་སྭཱ་ཧཱ་ཧུ་དམར་པོ་པདྨ་གར་གྱི་དབང་ཕྱུག །ཕྲག་པ་| གཉིས་སུ་ཨོ་བོ་ཥ་ཊ་ཧེ་ནག་པོ་ཧེ་རུ་ཀ་མིག་གཉིས་སུ་ཨོཾ་ཧཱུཾ་ཧཱུཾ་ཧོ་དམར་པོ་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ཨོཾ་ཕཊ་ཕཊ་ཧཾ་ལྗང་གུ་རྟ་མཆོག །ཡུམ་གྱི་ལྟེ་བར་ཨོཾ་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཨོཾ་ཧཾ་


JKT007_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཨོ་ཧྲི་མཾ་དཀར་མོ་རྨོངས་བྱེད་མ། སྤྱི་བོར་ཨོཾ་ཧཱུྃ་ཧཱུྃ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཨོཾ་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཚིགས་ཆེན་བརྒྱད་ལ་ཨོཾ་ཕཊ་ཕཊ་ལྗང་གུ་ཙཎྜི་ཀཱ་སྟེ་ཡབ་ཀྱི་གནས་སུ་ཡུམ་དང་། ཡུམ་གྱི་གནས་སུ་ཡབ་གཉིས་སུ་མེད་པར་གྱུར། ཅེས་བརྗོད། །གསུམ་པ་སྒྲུབ་པ་ནི། ཡབ་ཀྱི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་པོ་ཐུགས་རྡོ་རྗེ། མགྲིན་པར་ཨོཾ་ཧཱིཧ་ཧ་ཧུ་ཧཱུྃ་ཕཊ་དམར་པོ་གསུང་རྡོ་རྗེ། དཔྲལ་བར་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ་དཀར་པོ་སྐུ་རྡོ་རྗེ། ཡུམ་གྱི་སྙིང་གར་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ་སྭཱ་ཧཱ་སྔོན་པོ་ཐུགས་རྡོ་རྗེ། མགྲིན་པར་ཨོ་ཙོ་རཱི་ཧཱུྃ་ཧཱུྃ་ཕཊ་དམར་པོ་གསུང་རྡོ་རྗེ། དཔྲལ་བར་ཨོཾ་བཛྲ་བེ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ་སྭཱ་ཧཱ་དཀར་པོ་སྐུ་རྡོ་རྗེ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་ཨོཾ་དཀར་པོ་རྣམ་པར་སྣང་མཛད། མགྲིན་པར་ཨཱཿདམར་པོ་འོད་དཔག་མེད། སྙིང་གར་ཧཱུཾ་སྔོན་པོ་མི་བསྐྱོད་པ། ལྟེ་བར་སྭ་སེར་པོ་རིན་ཆེན་འབྱུང་ལྡན། བརླ་རྩར་ཧྭ་ལྗང་གུ་དོན་གྲུབ་ཏུ་བསམ། བཞི་པ་སྒྲུབ་པ་ཆེན་པོ་ནི། འབར་བའི་ཕྱག་རྒྱ་དང་། ཕོ་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་རྣམ་པར་ཕོ་བཛྲ་ས་མཱ་ཛ༔ ཨོཾ་སརྦ་ཏ་ཐཱ་


JKT007_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜལ་ས་པ་རི་ཝཱ་ར་ཨགྷཾ་པྲ་ཏི་ཙྪ་སྭཱ་ཧཱ། པཱ་ཏྱཾ་པྲ་ཏཱི་ཙྪ་སྭཱ་ཧཱ། བཛྲ་པུབྦེ་ཨཱཿཧཱུྃ་སོགས་ནས། ཤཔྟ་ཨཱཿཧཱུྃ་བར་གྱིས་མཆོད་ནས། ཛཧཱུྃ་བཾ་ཧོས་བསྟིམ། པད་ཀོར་དང་བཅས་པས་འཁྱུད་རྒྱ་བྱས་ནས་ཨོ་ཡོ་ག་ཤུདྡྷསརྦ་དྷརྨཱ་ཡོ་ག་ཤུདྡྷོཉ་ཧཾ། ཕོ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དབང་བསྐུར་གྱི་ལྷ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་མདུན་གྱི་ནམ་མཁར་བྱོན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སོགས་གོང་ལྟར་གྱིས་མཆོད། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་ཡབ་ཡུམ་གཉིས་ཀ་ལ་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །དེ་ནས་ཞར་བྱུང་མཆོད་པ་བྱ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜལ་ས་པ་རི་ཝཱ་ར་ཨརྒྱུ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ་སྭཱ་ཧཱས་ནང་མཆོད། ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བས་མཉེས་པར་བསམ་ལ། ཨོཾ་སརྦ་ཏ་


JKT007_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉ་ཧཾ། ཞེས་བརྗོད་པ་གསང་མཆོད་དོ། །དེ་ལྟ་བུའི་ལྷ་སྐུའི་ང་རྒྱལ་དང་གསལ་སྣང་ལ་རྩེ་གཅིག་ཏུ་སེམས་གཟུང་། དེས་སྐྱོ་ན། གཉིས་པ་སྔགས་བཟླ་བ་ནི།། ཡབ་ཀྱི་ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་བྱུང་། ཡབ་ཀྱི་ཞལ་ནས་འཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་དེ་ཡུམ་གྱི་པདྨ་ནས་འཐོན། ཡབ་ཀྱི་རྡོ་རྗེའི་ལམ་ནས་ཞུགས་ནས་སྐུའི་དབྱིབས་བརྒྱུད་ཧཱུྃ་ལ་ཐིམ་པའི་ཚུལ་གྱིས་རྒྱུན་མི་འཆད་པར་འཁོར་བ་ལས་འོད་ཟེར་འཕྲོས་པས་བདེ་བ་ཆེན་པོའི་ཡེ་ཤེས་བསྐུལ་ཞིང་བརྟན་པར་བསམས་ལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀི་ནི་ཛཱ་ལ་སམྦ་རཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཡབ་ཡུམ་གྱི་སྙིང་པོ་གཉིས་མེད་གཙོ་བོར་བཟླ། རྩ་སྔགས་དང་ཉེ་སྙིང་བཟླ་བར་འདོད་ན་སྒྲུབ་ཐབས་རྒྱས་པ་རྣམས་སུ་ཤེས། མཐར་ཐལ་མོ་སྦྱར་ཏེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དཔལ་འཁོར་ལོ་བདེ་མཆོག་གི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་གདབ་ཅིང་། ཧེ་རུ་ཀའི་ཡི་གེ་བརྒྱ་པས་སྔགས་ཀྱི་བྱིན་རླབས་བརྟན་པར་བྱ། རྫོགས་རིམ་བསྒོམ་ན་ཁྲིད་ཡིག་ལས་ཤེས་སོ། །


JKT007_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྗེས་ནི། རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཨོ་ཨོ་ཧ། ཨོཾ་ན་མ་ཧི། ཨོཾ་སྭཱ་ཧཱ་ཧུ། ཨོ་བོ་ཥ་ཊ་ཧེ། ཨོ་ཧཱུཾ་ཧཱུཾ་ཧོ། ཨོཾ་ཕཊ་ཧཾ། ཨོ་ཨོ་ཐཾ། ཨོཾ་ཧཾ་ཡོ། ཨོ་བཱི་མོ། ཨོ་ཧཱུཾ་ཧཱུཾ། ཨོཾ་ཧཱུྃ་ཧཱུྃ། ཨོཾ་ཕཊ་ཕཊ། ཅེས་པས་ཡབ་ཡུམ་གྱི་གོ་ཆ་དང་། ཕྱག་རྒྱ་དང་བཅས་ཨོ་སུམྦྷ་སོགས་ཞལ་བཞི་པའི་སྔགས་ལན་གཉིས་བརྗོད་པས་ཚམ་རྔམས་སྔགས་ཀྱིས་བསྲུངས་ནས། སྣང་གྲགས་རྟོགས་གསུམ་ལྷ་སྔགས་ཡེ་ཤེས་སུ་ཤེས་པའི་ངང་། དགེ་བ་འདི་ཡིས་མྱུར་དུ་བདག །འཁོར་ལོ་བདེ་མཆོག་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་གདུགས་དང་རྒྱལ་མཚན་ཐོགས་ནས་ཀྱང་། །རོལ་མོ་གླུ་དབྱངས་སིལ་སྙན་སོགས་མཆོད་ནས། །མཁའ་ལ་སྤྱོད་པའི་གནས་སུ་འཁྲིད་པར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་ཆོས་གསུང་ཡང་ཚད་མའི་མཆོག་ཡིན་པས། །བདེན་པ་དེས་ཀྱང་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པར་བྱའོ། །བདེ་མཆོག་འཁོར་ལོའི་སྒྲུབ་པའི་ཐབས། །ནག་པོ་སྤྱོད་པའི་རྗེས་འབྲངས་ཏེ། །དྲན་པ་གཅིག་པ་འདི་སྦྱར་བའི། །དགེ་བས་དོན་གཉིས་གྲུབ་གྱུར་ཅིག །ཅེས་པའང་འཇམ་


JKT007_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བརྩེ་ཆེན་སྙིང་པོ་བརྒྱུད་འཛིན་དང་བཅས་པའི་གསུང་རབ་ཀྱི་དགོངས་དོན་ལྟར་བྲིས་པ་དགེ་ལེགས་སུ་གྱུར་ཅིག། ༈ །།དཔལ་འཁོར་ལོ་བདེ་མཆོག་ནག་པོ་པའི་ལུགས་ཀྱི་བསྐྱེད་རྫོགས་མདོར་བསྡུས་བདེ་ཆེན་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། བདེ་ཆེན་གཅིག་པུའི་ཉམས་ཀྱིས་དུ་མའི་གར། །སྲིད་དང་ཞི་བའི་ཐིག་ལེར་ཡོངས་བསྒྱུར་བ། །བླ་མ་འཁོར་ལོ་སྡོམ་པ་ལ་བཏུད་ནས། །བསྐྱེད་རྫོགས་སྙིང་པོའི་གདམས་པ་ཅུང་ཟད་དབྱེ། འདི་ལ་གཉིས། རྟེན་བསྐྱེད་པའི་རིམ་པ་དང་། བརྟེན་པ་རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས། མངོན་རྟོགས་ལག་ཏུ་བླང་བའི་ཚུལ་དང་། །བསྐྱེད་རིམ་གྱི་མན་ངག་ཅུང་ཟད་བཤད་པའོ། །དང་པོ་ལ་གཉིས། མཉམ་པར་བཞག་པའི་རྣལ་འབྱོར་དང་། །མཉམ་པར་མ་བཞག་པའི་རྣལ་འབྱོར་རོ། །དང་པོ་ལ་བ གཉིས། རྒྱུ་ཚོགས་གཉིས་བསག་པ་དང་། འབྲས་བུ་ལྷ་བསྐྱེད་པའོ། །དང་པོ་ལ་གཉིས་ལས། དང་པོ་བསོད་ནམས་ཀྱི་ཚོགས་བསག་པ་ནི། མདང་ནུབ་མོ་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་འོད་གསལ་བའི་ངང་དང་གཉིད་ཀྱི་སྣང་བ་རོ་གཅིག་ཏུ་བསྲེས་ལ་མཉམ་པར་བཞག་པའི་རྒྱུན་ལས། ཐོ་རངས་རང་བཞིན་དབྱིངས་ཀྱི་རྣལ་འབྱོར་མའི་དབང་ཕྱུག་སྣ་ཚོགས་པས་ཌཱ་མ་རུའི་སྒྲ་དབྱངས་ཀར་ཀར་ལ་


JKT007_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་སྔགས་ཀྱི་སྒྲ་བསྒྲགས་པས་བསྐུལ་ཏེ་ལྡང་། རྣལ་འབྱོར་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱ། བདེ་བའི་གདན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད། མདུན་གྱི་ནམ་མཁར་སྐྱབས་ཡུལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་བའི་རྣམ་པར་གསལ་བཏབ་ལ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་ཀྱི་མཐར་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་


JKT007_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སྤྲོ་ན་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་སྒོམ་བཟླས་མ་རྒྱུད་སྤྱི་ལྟར་བྱ། དེ་ནས་དཀའ་བ་གསུམ་ལ་འཇུག་པ་ནི། རང་ཉིད་གཞིའི་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ། གཉུག་མའི་ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བའི་སྐུ་ཅན། ཤྲཱི་ཧེ་རུ་ཀ་ཨ་ཧཾ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །སྙིང་གར་ཟླ་བ་ལ་གནས་པའི་ཧཱུྃ་ལས་འོད་ཟེར་ལྔའི་ལྕགས་ཀྱུས་འོག་མིན་ནས་བདེ་མཆོག་ཟླ འཁོར་ལོའི་དཀྱིལ་འཁོར་བླ་མའི་སྣང་བ་དང་གཅིག་མིན་གཉིས་སུ་མ་མཆིས་པའི་རྣམ་པ་ཐ་དད་པའི་གཟུགས་བརྙན་ནམ་མཁའི་ཁམས་ཁྱབ་པའི་ཡེ་ཤེས་ཀྱི་སྣང་བར་སད་པར་གྱུར། ན་མོ་གུ་རུ་བྷྱ༔ ན་མའི་ཧེ་རུ་ཀ་ཙཀྲ་སམྦ་རཾ་མཎྜ་ལེ་བྷྱ༔ ཨོཾ་བཛྲ་པུལླེ། དྷུ་པེ། དཱི་པེ། གནྡྷེ། ནེ་ཝིདྷཱ། ཤཔྟ་ཨཱཧཱུཾ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ནས། །སངས་རྒྱས་འགྲུབ་པར་ཤོག་ཅེས་རྒྱུན་བཤགས་ལན་གསུམ་བརྗོད་དོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་བསཾག་པ་ནི། སྭ་བྷཱ་བས་ཡུལ་དང་ཡུལ་ཅན་སྣ་ཚོགས་པའི་ཞེན་རྟོག་སྦྱང་། གཟུང་བའི་ཡུལ་དང་བྲལ་བ་རང་གི་སེམས་ཀྱི་ངོ་བོར་ཤར། ཤུནྱ་ཏཱས་གཟུང་བ་


JKT007_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་ན་འཛིན་པ་མི་གྲུབ་པས། གཟུང་འཛིན་གཉིས་དང་བྲལ་བའི་ཡེ་ཤེས་ལ་བརྡ་སྦྱར་ནས། གཉིས་པ་འབྲས་བུ་ལྷ་བསྐྱེད་པ་ལ་གཉིས། རྟེན་བསྐྱེད་པ་དང་། བརྟེན་པ་བསྐྱེད་པའོ། །དང་པོ་ལ་གཉིས་ལས། དང་པོ་སྲུང་བའི་འཁོར་ལོ་བསྒོམ་པ་ནི། ངང་དེ་ཉིད་ལས་ནཱ་དང་། དེ་ཡས་རིམས་སུ་སྣང་བའི་དབྱིངས་ལས་ཧཱུཾ་ཡིག་ལྗང་སྔོན། པད་ཉི་ལ་གནས་པའི་སྒྲ་ལས་སོན་པའི་སུམྦྷའི་སྔགས་ལས། ཤར་དང་སྟེང་དུ་ཁྲ་གདོང་། བྱང་དུ་འུག་གདོང་། ནུབ་དང་འོག་ཏུ་ཁྱི་གདོང་། ལྷོར་ཕག་གདོང་། ཤར་ལྷོར་གཤིན་རྗེ་བརྟན་མ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་རྣམས་དམར་མོ་དྲེགས་ཤིང་ཁྲོས་པའི་སྐུ། ལྕགས་ཀྱུ་དང་ཞགས་པ་ཐོགས་པས་ཕྱོགས་སྐྱོང་གིས་མཚོན་པའི་བགེགས་བཀུག་ནས་ཕུར་བུས་བཏབ་སྟེ་བར་ཆད་ཀྱི་སྒོ་ཐམས་ཅད་བསྲུང་བར་མཛད། ཕྱོགས་སྐྱོང་གི་རོ་ལས་བསྒྲུབས་པའི་ཐུན་མོང་གི་སྲུང་འཁོར་རྡོ་རྗེའི་ས་གཞི། ར་བ། དྲྭ་བ། གུར་བླ་རེ། མདའ་དྲྭ། ཡེ་ཤེས་ཀྱི་མེ་རི་དང་བཅས་པའི་དབུས་སུ། གཉིས་པ་གཞལ་ཡས་ཁང་བསྐྱེད་པ་ནི། ཆོས་འབྱུང་ནང་དུ་ལུགས་ལྡོག་གི་འབྱུང་བཞི་རི་རབ་ཐིག་ལེ་དང་བཅས་པ་འདྲེས་པ་ལས་བྱུང་བའི་ལུགས་འབྱུང་གི་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ། ཡེ་ཤེས་རིན་པོ་ཆེ་སྣ་


JKT007_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི། སྒོ་བཞི། རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་ནང་གི་ལྷ་སྣམ་ཕྱོགས་མདོག་གི་དབུས་སུ། ཨིནྡྲ་ནི་ལའི་ས་གཞི་ལ་གནས་པའི་འཁོར་ལོ་རིམ་པ་གསུམ་པོ་མཆོད་རྟེན་བང་རིམ་བཞི་པའི་ཚུལ་དུ་གནས་པ། རྡོ་རྗེ་དང་པདྨ་དང་འཁོར་ལོའི་ར་བ་ཀ་བ་གདུང་དང་བཅས་པའི་ཐོག་ཕུབས་ཅན་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། གྲི་གུག་གི་ར་བ་ཀ་བ་གདུང་ཐོག་ཕུབས་དང་བཅས་པའི་སྟེང་དུ། རིན་པོ་ཆེའི་གདུང་བཞིས་མིག་མང་རིས་སུ་བྲེས་བའི་དབུས་ཕྱུར་བུར་གྱུར་པའི་རྩེར་ནོར་བུའི་ཏོག་གིས་སྤྲས་པའི་ལྷ་གནས་སོ་སོར་པདྨ་ཉི་མ་རོའི་གདན་དང་། དབུས་སུ་འཇིགས་བྱེད་ཕོ་མོའི་གདན། །གཉིས་པ་ལྷ་བསྐྱེད་པ་ལ་གསུམ། དང་པོའི་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་གོ། དང་པོ་ལ་བཞི། བསྙེན་པ། ཉེ་བར་སྒྲུབ་པ། སྒྲུབ་པ། སྒྲུབ་པ་ཆེན་པོའོ། །དང་པོ་ལ་གཉིས་ལས། དང་པོ་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་ནི། དེའི་སྟེང་དུ་ཨཱ་ལི་ལས་ཟླ་བ་མེ་ལོང་ཡེ་ཤེས། ཀཱ་ལི་ལས་ཉི་ཧཱུྃ་ཨོཾ་གིས་མཚན་པ་སོར་རྟོག་ཡེ་ཤེས། ཐམས་ཅད་འདྲེས་པ་བྱ་གྲུབ་ཡེ་ཤེས། ཡོངས་སུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་རྒྱ་རྡོ་རྗེ་འཛིན་པ་དཀར་པོ་


JKT007_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་བཞི་ཕྱག་བཞི་པ། དང་པོའི་ཕྱག་རྡོ་རྗེ་དྲིལ་བུ་དང་། འོག་མའི་གཡས་འཆི་བ་ལས་རྒྱལ་བའི་ཁ་ཊཾ་ག་བསྣམས་པ། གཡོན་ནི་ཐོད་པའི་མཆོད་ཡོན་གྱིས་ཡབ་ཡུམ་ཞལ་གཅིག་ཏུ་བསྲེས་པ། ཡུམ་ཕག་མོ་དམར་མོ་ལ་འཁྱུད་པའི་སྐུ་ཅན། གཉིས་པ་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་ལ་བཞི་ལས། དང་པོ་ཡེ་ཤེས་པ་བཞུ་བ་ནི། ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་བྱང་ཆུབ་ཀྱི་སེམས་ཐིག་ལེར་གྱུར། གཉིས་པ་གླུས་བསྐུལ་བ་ནི། ཐིག་ལེ་ཉིད་ལས་འཕྲོས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐུལ། ༀ་མ་ཧཱ་སུ་ཁ་བཛྲ་ས་ཏཱ་ཛ༔ཛཧཱུྃ་བཾ་ཧོ༔ སུ་ར་ཏི་ཧཱུཾ། དྲི་ཤྱ་ཧོ། གསུམ་པ་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་དངོས་ནི། སྐུལ་བྱེད་རྣམས་ཐིག་ལེ་ལ་ཐིམ་པས། ཧཱུྃ་དང་ཨ་ལས་འབྲས་བུའི་སྟོན་པ་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་ཞལ་སྐུ་ལུས་དང་མཚུངས་པ་སྔོ། གཡོན་དམར། རྒྱབ་སེར། གཡས་དཀར། ཞལ་རེ་རེ་བཞིན་སྤྱན་གསུམ་དང་ལྡན་པ་རྣམ་པར་འགྱུར་པའི་ཞལ་ཅན་མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོའི་པགས་རློན་སྟོད་གཡོགས་སུ་འཕྱར་བ། གསུམ་པ་གཉིས་ཀྱིས་ཌཱ་མ་རུ་དང་ཁ་ཊཾ་ག །བཞི་པ་གཉིས་ཀྱིས་དགྲ་སྟ་དང་ཞགས་པ། ལྔ་པ་གཉིས་ཀྱིས་རྩེ་གསུམ་དང་ཐོད་


JKT007_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག །དྲུག་པ་གཉིས་ཀྱིས་གྲི་གུག་དང་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། ཞབས་གཡས་བརྐྱངས་པས་དུས་མཚན་དང་། གཡོན་བསྐུམས་པས་འཇིགས་བྱེད་མནན་པ། རལ་པའི་ཐོར་ཅོག་བཅིངས་བའི་རྩེར་ཡིད་བཞིན་ནོར་བུ། གཡོན་ངོས་ན་ཚེས་གཅིག་གི་ཟླ་བ། མཚོགས་མའི་སྟེང་ན་སྣ་ཚོགས་རྡོ་རྗེ། དབུ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབ་གྲོལ་བ། གར་དགུའི་ཉམས་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། དབུ་སྐྲ་སིལ་བུ་འཐུར་དུ་གྲོལ་ཞིང་མཆེ་བའི་སྨྱུ་གུ་ཅུང་ཟད་གཙིགས་པ། གཡས་རྡོ་རྗེས་མཚན་པའི་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་ཐོད་ཁྲག་རྒྱབ་ཞལ་དུ་སྟོབ་པ། ཞབས་གཡོན་བརྐྱངས་པས་ཡབ་དང་མཉམ་པར་སྦྱོར་ཞིང་། གཡས་བསྐུམས་པས་ཡབ་ལ་འཁྲིལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །བཞི་པ་དེ་བརྟན་པའི་ཡན་ལག་ཏུ་བྱིན་གྱིས་བརླབ་པ་ནི། རང་གི་ཞལ་བཞི་ནས་གསུང་བར་མོས་ལ་ཨོཾ་སུཾ་བྷ་ནི་སོགས་སྐུ་ཡོངས་རྫོགས་ལ་དམིགས་ཏེ། ཨོཾ་དྷམཉྫཱདྷཱ་ཏུ་སྭ་བྷ་བ་ཨཱཏྨ་ཀོཉ་ཧཾ། གཉིས་


JKT007_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉེ་བར་སྒྲུབ་པ་དཔའ་བོ་དང་དཔའ་མོའི་གོ་ཆ་བགོ་བ་ནི། ཡབ་ཀྱི་གནས་སུ་དཔའ་བོའི་གོ་ཆ། ཡུམ་གྱི་གནས་སུ་དཔའ་མོའི་གོ་ཆ་རྣམས་ཟླ་བའི་གདན་ལ་ལྷ་ཉིད་ཡིག་འབྲུའི་གཟུགས་སུ་གནས་པ་ནི། ཡབ་ཀྱི་སྙིང་གར་ཨོཾ་ཨེ་ཧ་དཀར་པོ། མགོ་བོར་ཨོཾ་ན་མ་ཧི་སེར་པོ། སྤྱི་གཙུག་ཏུ་ཨོཾ་སྭཱ་ཧཱ་ཧཱུྃ་དམར་པོ། །ཕྲག་པ་གཉིས་སུ་ཨོ་བོ་ཥ་ཊ་ཧེ་ནག་པོ། མིག་གཉིས་སུ་ཨོཾ་ཧུཾ་ཧཱུཾ་ཧོ་དམར་སེར། ཚིགས་ཆེན་བརྒྱད་ལ་ཨོ་ཕཊ་ཕཊ་ཧཾ་ལྗང་གུ། ཡུམ་གྱི་སྤྱི་བོར་ཨོཾ་ཨོཾ་བཾ་དམར་མོ། སྙིང་གར་ཨོཾ་ཧཾ་ཡཾ་སྔོན་མོ། ཁར་ཨོཾ་ཧཱུཾ་མཾ་དཀར་མོ། དཔྲལ་བར་ཨོཾ་ཧཱུྃ་ཧཱུྃ་སེར་མོ། སྤྱི་གཙུག་ཏུ་ཨོཾ་ཧཱུྃ་ཧཱུྃ་ལྗང་གུ། ཚིགས་ཆེན་བརྒྱད་ལ་ཨོཾ་ཕཊ་ཕཊ་དུད་ཀ་སྟེ་ཡབ་ཀྱི་གནས་སུ་ཡུམ་དང་། ཡུམ་གྱི་གནས་སུའང་ཡབ་གཉིས་སུ་མེད་པར་གྱུར། གསུམ་པ་སྒྲུབ་པ་ལ་གསུམ་ལས། དང་པོ་ཡབ་བྱིན་གྱིས་བརླབ་པ་ནི། ཡབ་ཀྱི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུཾ་སྔོན་པོ་ཐུགས་རྡོ་རྗེ། ལྐོག་མར་ཨོཾ་ཧཱུྃཧ་ཧ་ཧཱུྃ་ཧཱུྃ་ཕཊ་དམར་པོ་གསུང་རྡོ་རྗེ། དཔྲལ་བར་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ་དཀར་པོ་སྐུ་རྡོ་རྗེ། །གཉིས་པ་ཡུམ་བྱིན་གྱིས་བརླབ་པ་ནི། ཡུམ་གྱི་སྙིང་གར་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ནག་པོ་ཐུགས་རྡོ་རྗེ་མ། ལྐོག་མར་ཨོ་ཙོ་རི་ཧཱུྃ་ཧཱུྃ་ཕཊ་དམར་པོ་གསུང་རྡོ་རྗེ་མ། དཔྲལ་བར་ཨོཾ་བཛྲ་བེ་རོ་ཙ་ནི་ཡེ་ཧཱུཾ་


JKT007_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕཊ་སྭཱ་ཧཱ་དཀར་པོ་སྐུ་རྡོ་རྗེ་མ། །གསུམ་པ་རང་བྱིན་གྱིས་བརླབ་པ་ནི། གཉིས་ཀའི་སྤྱི་བོར་ཨོཾ་དཀར་པོ། སྙིང་གར་ཧཱུཾ་སྔོན་པོ། ཟེའུ་འབྲུ་ལ་ཨཱདམར་པོ། ལྟེ་བར་སྭ་སེར་པོ། བརླར་ཧཱ་ལྗང་གུ་རྣམས་རིགས་ལྔའི་ངོ་བོར་གྱུར། །བཞི་པ་སྒྲུབ་པ་ཆེན་པོ་ལ་བཞི་ལས། དང་པོ་ཡེ་ཤེས་པ་དགུག་ཅིང་བསྟིམ་པ་ནི། འབར་བའི་ཕྱག་རྒྱ་དང་བཅས། ཕོ། རང་གི་སྙིང་གའི་འོད་ཀྱིས་དཔལ་བདེ་མཆོག་འཁོར་ལོ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པ་ལ། སྤྲོ་ན། ཨོཾ་བཛྲ་པུཉྫ་སོགས་ཀྱིས་མཆོད། ཛཧཱུྃ་བཾ་ཧོགཉིས་སུ་མེད་པར་ཐིམ། ཨོ་ཡོ་ག་ཤུདྡྷསརྦ་དྷམ་ཡོ་ག་ཤུདྡྷོཉ་ཧཾ། །ཞེས་བརྗོད་ཅིང་འཁྱུད་རྒྱ་བྱ། གཉིས་པ་དབང་བསྐུར་ཞིང་རྒྱས་གདབ་པ་ནི། ཕོ། སླར་ཡང་སྙིང་གའི་འོད་ཟེར་གྱིས་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། །པུཉྫ་སོགས། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། བུམ་ཆུས་དབང་བསྐུར་ལྷག་མ་ཡར་ལུད་པ་ལས། ཡབ་ལ་མི་བསྐྱོད་པ་ཡུམ་ལ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། གསུམ་པ་མཆོད་པ་ནི། ཨོཾ་བཛྲ་ཨགྷཾ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། བཞི་པ་མཁའ་གསང་བརླབ་པ་ནི། དེ་ནས་ཧཱུྃ་ལས་བྱུང་བའི་ཡབ་ཀྱི་རྡོ་རྗེ་དང་། ཨ་ལས་བྱུང་བའི་ཡུམ་གྱི་པདྨ་


JKT007_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་ཞུགས། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ལ་བཞི། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་གཞུག་པ། དབང་བསྐུར་བ། མཆོད་པ་བྱ་བའོ། །དང་པོ་ལ་གསུམ་ལས། དང་པོ་དེ་བཞིན་གཤེགས་པ་སྤྱན་དྲངས་ཏེ་འོད་དུ་བཞུ་བ་ནི། རྗེས་ཆགས་ཀྱིས་བསྐུལ་བ་ལས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས། ཡབ་ཀྱི་སྨིན་མཚམས་གནད་ཀྱི་སྒོ་ནས་བྱོན། ཐུགས་ཀར་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད། ཡུམ་གྱི་མཁར་སོན། ཡབ་ཀྱི་ཐིག་ལེ་དང་ཡུམ་གྱི་རཀྟ་འདྲེས་པ་ལས། གཉིས་པ་ལྷ་དང་ཡི་གེ་གསལ་བ་ནི། མཁའ་གསང་དུ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྐད་ཅིག་གིས་གསལ་བར་གྱུར། རང་ཉིད་གཙོ་འཁོར་གསལ་བའི་སྙིང་གར་རྩ་ཨ་ཝ་དྷུ་ཏི་རོ་རྐྱང་གཉིས་ཀྱིས་དཀྲིས་པ་ཧཱུཾ་གི་དབྱིབས་ཅན། ཕྱོགས་བཞིར་ཚྭ་ཏཱ་པཱ་ལཾ། མཚམས་བཞིར་བདུད་རྩི་འབབ་པའི་རྩ་བཞི། སྤྱི་བོ་ནས་པུས་མོའི་བར་ལ། བུ་ཛཱ་ཨོ་ཨ། གོ་རཱ་དེ་མཱ། ཀཱ་ཨོ་ཏྲི་ཀོ། ཀ་ལ་ཀཱ་ཧི། པྲ་གྲི་སོ་སུ། ནཱ་སི་མ་ཀུ། ལུས་ཀྱི་སྒོ་བརྒྱད་ལ་སྙིང་གའི་ཕྱི་སྐོར་དང་འབྲེལ་བའི་ཧཱུྃ་བརྒྱད་གསལ་བར་གྱུར། གསུམ་པ་སོ་སོར་བསྟིམ་ཞིང་འགོད་པ་ནི། མཁའ་ནང་གི་ཡབ་ཡུམ་རྡོ་རྗེའི་ལམ་ནས་ཡར་དྲངས། སྙིང་གའི་ཧཱུྃ་དང་ལྟེ་བའི་ཨོཾ་ལ་ཐིམ་པས་གཙོ་བོ་ཡབ་ཡུམ་ཞལ་སྦྱོར་བ་ནང་གི་འཁོར་ལོའི་མགོན་པོར་གྱུར། །


JKT007_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ནང་གི་སྙིང་པོའི་རྣལ་འབྱོར་མ་བཞི་རྡོ་རྗེའི་ལམ་ནས་ཡར་དྲངས། སྙིང་གའི་རྩ་འདབ་ཀྱི་ཡིག་འབྲུ་བཞི་ལ་རེག་པས་ནང་གི་རྣལ་འབྱོར་མ་བཞིར་གྱུར། རེག་མཁན་བཞི་པོ་སོ་སོའི་གནས་ནས་ཕྱིར་འཕྲོས་པས་ཕྱོགས་བཞིའི་པད་འདབ་ལ་འཁོད་པ་ནི། ནང་དང་ཕྱིའི་ཤར་དུ་མཁའ་འགྲོ་མ་སྔོ་སྐྱ། བྱང་དུ་ལཱ་མཱ་ལྗང་སེར། ནུབ་ཏུ་ཁཎྜ་རོ་ཧཱི་དམར་སེར། ལྷོར་གཟུགས་ཅན་མ་དཀར་སེར། བཞི་ཀའང་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ། དབུ་སྐྲ་ཕྱེད་གྱེན་བརྫེས་ལ་སངས་རྒྱས་ཀྱི་གཟུགས་ཀྱིས་མཚན་པ། གཡས་གྲི་གུག་འཕྱར་ཐབས། གཡོན་པའི་ཐོད་པ་སོ་སོའི་ནང་དུ་གླང་པོ་ཆེ་དང་། ཅེ་སྤྱང་། རྟ། བ་ལང་དང་བཅས་པའི་ཤ་ཁྲག་གིས་གང་བ་འཛིན་པ། ཐོད་སྐམ་ལྔས་དབུ་བརྒྱན་པ། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། གཅེར་བུ་གཡས་བརྐྱངས་པའི་གར་སྟབས་ཀྱིས་རོའི་གདན་ལ་བཞུགས་པའོ། །མཁའ་ནང་གི་ཐོད་པ་བཞི་ཡར་དྲངས་རྩ་བཞི་ལ་རེག་པས་ནང་དང་། རེག་མཁན་བཞི་ཕྱིར་འཕྲོས་པས་ནང་དང་ཕྱིའི་མཚམས་བཞིར་ཐོད་པ་བདུད་རྩིས་གང་བ་བཞི། མཁའ་ནང་གི་འཁོར་ལོ་གསུམ་ཡར་བྱོན། རེག་པའི་རྐྱེན་གྱིས་རྩ་ཁམས་དཔའ་བོར་མཁའ་འགྲོར་གྱུར་ནས་ཕྱིར་འཕྲོས་པ་སོ་སོའི་གདན་ལ་འཁོད་པ་ནི། སྤྱི་བོ་དང་ཐུགས་འཁོར་གྱི་ཤར་རྩིབས་སུ་པུ་ལླི་ར་མ་ལ་ཡར་ཁཎྜ་


JKT007_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་པཱ་ལ་དང་རབ་གཏུམ་མ། སྤྱི་གཙུག་དང་བྱང་རྩིབས་ཛཱ་ལནྡྷ་རར་མ་ཧཱ་ཀཾ་ཀཱ་ལ་དང་གཏུམ་པའི་མིག་ཅན་མ། རྣ་བ་གཡས་པ་དང་ནུབ་རྩིབས་ཨོ་ཌི་ཡཱ་ནར་ཀཾ་ཀཱ་ལ་དང་འོད་ལྡན་མ། ལྷག་པ་དང་ལྷོ་རྩིབས་ཨཆུ་ཏར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། རྣ་བ་གཡོན་པ་དང་ཤར་ལྷོ་གོ་དཱ་ཝཱ་རིར་སཱུ་ར་ཝཱི་ར་དང་བརྟན་པའི་བློ་ཅན་མ། སྨིན་དབུས་དང་ལྷོ་ནུབ་རཱ་མེ་ཤྭ་རཱིར་འོད་དཔག་མེད་དང་མིའུ་ཐུང་མ། མིག་གཉིས་དང་ནུབ་བྱང་དེ་ཝི་ཀོ་ཊར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། ཕྲག་པ་གཉིས་དང་བྱང་ཤར་མཱ་ལ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཐུགས་འཁོར་གྱི་ཡབ་ཡུམ་སྔོན་པོ་བརྒྱད་པ་སྟེང་སྤྱོད་ཅིང་ཐུགས་ཀྱི་གསང་བའི་རང་བཞིན། མཆན་ཁུང་གཉིས་དང་གསུང་འཁོར་གྱི་ཤར་རྩིབས་ཀཱ་མ་རཱུ་པར་ཨོཾ་གུ་རི་དང་ཨེ་རཱ་ཝ་ཏཱི། ནུ་མ་གཉིས་དང་བྱང་ཆིབ་ཨོ་ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ལྟོ་བ་དང་ནུབ་རྩིབས་ཏྲི་ཤ་ཀུ་ནར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་དང་ལྷོ་རྩིབས་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། ཁ་དང་ཤར་ལྷོ་ཀ་ལིངྐར་རབ་ཏུ་བཟང་པོ་དང་ཤུ་མ་དེ་ཝཱི། མགྲིན་པ་དང་ལྷོ་ནུབ་ལམྦྷ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། །སྙིང་ག་དང་ནུབ་བྱང་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་ན་མ། འདོམས་བར་དང་བྱང་ཤར་ཧི་མཱ་ལ་ཡར་མིག་མི་བཟང་དང་


JKT007_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་གྲྭ་ན་སྟེ་གསུང་འཁོར་གྱི་ཡབ་ཡུམ་དམར་པོ་བརྒྱད་ས་བླར་སྤྱོད་ཅིང་གསུང་གི་རང་བཞིན། མཚན་མ་དང་སྐུའི་འཁོར་ལོའི་ཤར་རྩིབས་ཕྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལམ་དང་བྱང་རྩིབས་གྲི་ཧེ་དེ་བར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱུཾ། བརླ་གཉིས་དང་ནུབ་རྩིབས་སོ་རཱ་ཋར་རྟ་མགྲིན་དང་ཤོཎྜི་ནཱི། བྱིན་པ་གཉིས་དང་ལྷོ་རྩིབས་སུ་ཝཎ་དཱི་པར་ནམ་མཁའ་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། སོར་མོ་བཅུ་དྲུག་དང་ཤར་ལྷོ་ནཱ་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་གཉིས་དང་ལྷོ་ནུབ་སིནྡྷཱར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། མཐེ་བོང་བཞི་དང་ནུབ་བྱང་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། པུས་མོ་གཉིས་དང་བྱང་ཤར་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་སྐུ་འཁོར་བ་བརྒྱད་དཀར་པོ་ས་འོག་སྤྱོད་ཅིང་སྐུའི་རང་བཞིན། དཔའ་བོ་ཐམས་ཅད་རྡོ་རྗེ་དང་དྲིལ་བུ། རྒྱན་ཆ་ལུགས་ཧེ་རུ་ཀ་དང་མཚུངས་པ། དཔའ་མོ་རྣམས་གྲི་གུག་དང་ཐོད་ཁྲག་རྒྱན་ཆ་ལུགས་རྡོ་རྗེ་ཕག་མོ་དང་མཚུངས་པའོ། །མཁའ་ནང་གི་སྒོ་མཚམས་མ་བརྒྱད་ཡར་བྱོན། ཕྱི་ནང་གི་ཕྱོགས་སྲུང་དུ་བཞུགས་པ་ནི། ཁ་དང་ཕྱིའི་ཤར་སྒོར་ཁྭ་གདོང་མ་སྔོ་སྐྱ། སྣ་བུག་དང་བྱང་སྒོར་འུག་གདོང་མ་ལྗང་སེར། ཆུ་སོ་དང་ནུབ་སྒོར་ཁྱི་གདོང་མ་དམར་སེར། བཤང་ལམ་དང་ལྷོ་སྒོར་ཕག་


JKT007_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་མ་དཀར་སེར། མིག་གཡས་པ་དང་ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར། མིག་གཡོན་པ་དང་ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར། རྣ་བ་གཡས་པ་དང་ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་། རྣ་བ་གཡོན་པ་དང་བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ། ཐམས་ཅད་ཀྱང་རྒྱན་དང་ཆ་ལུགས་སྙིང་པོའི་རྣལ་འབྱོར་མ་བཞིན་ནོ། ། མཁའ་ནང་གི་གཞལ་ཡས་ཁང་སྲུང་འཁོར་དང་བཅས་པ་ཕྱི་དཀྱིལ་དང་། ལུས་ལ་ཐིམ་པས་དེ་དང་དེའི་རྣམ་པར་གྱུར། དེ་ཉིད་བྱིན་གྱིས་བརླབ་པའི་ཕྱིར་ཕོ་ཉ་གསུམ་བསྲེ་བ་ནི། བདག་གིས་བསྒོམ་པའི་ལྷ་དྲུག་ཅུ་རྩ་བཞི་དང་། ཕྱི་རོལ་ཛམྦུའི་གླིང་། འོག་མིན་གྱི་ལྷ་ཚོགས་གཉིས་སུ་མེད་པ་རྡོ་རྗེའི་རང་བཞིན་ནོ། །ཨོཾ་ཨཱཎཱཧཱུྃ་སརྦ་ཝཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷཱ་བ་ཨཱཏྨ་ཀོཉ་ཧཾ། ཞེས་ལན་གསུམ་དང་། སླར་ཡང་། ཨོཾ་བཛྲ་ཤུདྡྷསརྦ་དྷརྨཱབཛྲ་ཤུདྡྷོཉ་ཧཾ། ཞེས་རྡོ་རྗེའི་དག་པ་དྲན་པར་བྱའོ། །གཉིས་པ་ཡེ་ཤེས་པ་གཞུག་པ་ནི། འབར་བའི་རྒྱ་དང་། ཕོ་གྱིས་ཡེ་ཤེས་པ་སྤྱན་དྲངས། ཛཧཱུྃ་བཾ་ཧོ༔ ལན་ལྔས་གཉིས་སུ་མེད་པར་ཐིམ། ཨོ་ཡོ་ག་ཤུདྡྷསརྦ་དྷརྨཱཡོ་ག་ཤུདྡྷོཉ་ཧཾ་ཞེས་དང་། རྣམ་ལྔ་འདོད་སྐོར་སྔོན་དུ་འགྲོ་བས་འཁྱུད་རྒྱ་བྱ་ཞིང་ང་རྒྱལ་གཟུང་ངོ་། །གསུམ་པ་དབང་བསྐུར་བ་ནི། ཕོ། ནམ་མཁའ་གང་བའི་


JKT007_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ཀྱིས་དབང་བསྐུར། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ཡབ་ཡུམ་གྱི་རིགས་བདག་རྡོ་རྗེ་སེམས་དཔར་གྱུར་ཅིང་། ཤར་དང་ཤར་ལྷོ་པ་ལ་རྣམ་སྣང་། ལྷོ་དང་ལྷོ་ནུབ་པ་ལ་རིན་འབྱུང་། ནུབ་དང་ནུབ་བྱང་པ་ལ་འོད་དཔག་མེད། བྱང་དང་བྱང་ཤར་པ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན། བཞི་པ་མཆོད་པ་དྲུག་ནི། ལྷ་རྣམས་གསལ་གདབ་ཅིང་། ཧཱུྃ་ཁཾ་མཱ་ཏཱི་པཾ་ལཾ། པུ་ཛ་ཨོ་ཨ། གོ་ར་དེ་མཱ། ཀ་ཨོ་ཏྲི་ཀོ །ཀ་ལ་ཀཱ་ཧི། པྲ་གྲི་སོ་སུ། ན་སི་མ་ཀུ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་སྔགས་མཆོད་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བ་ར་མཎྜལ་ཙཀྲ་སརྦ་ཝཱི་ར་ཡོ་གི་ནི་ས་པ་རི་ཝཱ་ར་ཨརྒྱུ་ནས། ཤཔྟ་པྲ་ཏཱི་ཙྪ་ཨཱཧཱུཾ། ཞེས་ཕྱི་མཆོད་དང་། ནང་མཆོད་ཨོཾ་ཨཱཿཧཱུྃ་གིས་ལན་མང་དུ་འབུལ། བདག་གིས་བདུད་རྩི་མྱང་བས་ཕྱི་ནང་གི་ལྷ་ཐམས་ཅད་མཉེས་པར་བསམ་པ་ནི། མཉེས་པའི་མཆོད་པ་དང་། གང་བའི་ཕྱག་རྒྱ་དཔྲལ་བར་འཆའ་ཞིང་། ཨོཾ་སརྦ་བིདྱཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ། ཞེས་ཡིད་བྱུང་གི་མཆོད་པ་དང་། ཅང་ཏེའུའི་སྒྲ་དང་བཅས། ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ་ཧུ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀ་ཝཱཀྐི་བན་ནི་བྷ་ཡ་ཧུ་ཧཱུྃ་ཕཊ། ༀ་ཛ་ཊ་མུ་ཀུ་ཊོ་ཊ་ཊ་ཡ་ཧུཾ་ཧཱུྃ་ཕཊ། ཨོཾ་དཾཥཱ་ཀཱ་རཱ་ཡོ་གྲ་བྷི་ཥན་མུ་ཁཱ་ཡ་ཧུ་ཧཱུྃ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷ་སུ་རཱ་ཡ་ཧུཾ་ཧཱུྃ་ཕཊ། ཨོཾ་ས་ར་ཤུ་པ་ཤོདྱ་ཏ་ཤུ་ལ་ཁ་ཊཾ་དྷ་རི་ཎི་


JKT007_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཧུ་ཧཱུྃ་ཕཊ། ཨོཾ་བྱ་གྷ་ཛི་ནཱམྦ་ར་དྷ་རཱ་ཡ་ཧུ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷུ་མཱནྡྷ་ཀ་ར་ཝ་པུ་ཥཱ་ཡ་ཧུ་ཧཱུྃ་ཕཊ། ཅེས་ཡབ་ཀྱི་རྐང་བརྒྱད་དང་། ༀ་ན་མོ་བྷ་ག་ཝ་ཏེ་བཛྲ་བཱ་རཱ་ཧཱི་ཝཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་ཨཱརྱ་ཨ་པ་ར་ཛི་ཏེ་ཏྲེ་ལོ་ཀྱ་མ་ཏེ་མ་ཧཱ་བིདྱ་ཤུ་རེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མསརྦ་བྷུ་ཏ་བྷ་ཡ་ཝ་ཏེ་མ་ཧཱ་བཛྲ་ཧུ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་བནེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བ་ཤཾ་ཀ་རི་ནི་ཏྲ་བྷ་མ་ཎི་ཧུ་ཧཱུྃ་ཕཊ། ཨོཾ་ན་མཤོ་ཥ་ཎི་རོ་ཥ་ཎི་ཀྲོ་ཟླ དྷ་ནི་ཀ་རཱ་ལི་ནི་ཧུཾ་ཧཱུྃ་ཕཊ། ཨོཾ་ན་མསྡུ་ས་ནེ་མཱ་ར་ཎི་པྲ་བྷེད་ན་ཨ་པ་རཱ་ཛ་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧུཾ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་བཱ་རཱ་ཧཱི་མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུྃ་ཧཱུྃ་ཕཊ། ཅེས་ཡུམ་གྱི་རྐང་བརྒྱད་ཀྱིས་བསྟོད། རྒྱུན་གྱི་རྣལ་འབྱོར་ལ། ཉེར་སྤྱོད། བདུད་རྩི་མཉེས་མཆོད་གསུམ་གྱིས་ཀྱང་རུང་གསུངས་སོ། །གསུམ་པ་ལས་རྒྱལ་མཆོག་ལ། དག་དྲན་རྒྱས་པར་བྱ་བའམ། བསྡུ་ན། བདག་གི་བློ་ལ་སྣང་བའི་ལྷ་སུམ་ཅུ་རྩ་བདུན་པོ་འདི་རྣམས་བྱང་ཕྱོགས་སོ་བདུན་གྱི་ངོ་བོར་རྣམ་པར་དག་ལ། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཀྱང་ལྷ་སུམ་ཅུ་རྩ་བདུན་གྱི་ངོ་བོར་རྣམ་པར་དག་ཙྩཔའོ། །ཞེས་བརྗོད་ཅིང་དོན་དྲན་པར་བྱ། གཉིས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་ལ་བཞི། བཟླས་པ། ཉེར་བསྡུ། སྤྱོད་ལམ། གཏོར་མའི་རྣལ་འབྱོར་རོ། །དང་པོ་ནི། བཟླ་བྱའི་སྔགས་ཀྱི་


JKT007_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་སྔོན་པོ་ཡབ་ཀྱི་ཐུགས་ཀའི་ཧཱུྃ་ལས་བྱུང་། ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། པདྨ་ནས་རྡོ་རྗེའི་ལམ་བརྒྱུད་དེ་ཡབ་ཀྱི་ཐུགས་ཀའི་ཧཱུཾ་ལ་ཐིམ་ཞིང་རྒྱུན་མི་འཆད་པར་འཁོར་བ་ལས་འོད་ཟེར་སྣ་ཚོགས་པ་འཕྲོས་པས་བདེ་བ་ཆེན་པོའི་ཡེ་ཤེས་བརྟན་པར་གྱུར་པའི་མོས་པས་གཙོ་བོར། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀཱི་ནི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ཨོཾ་སརྦ་བུདྡྷ་ཌཱ་ཀཱི་ནི་ཡེ་བཛྲ་ཝཎྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ཡབ་ཡུམ་གྱི་སྙིང་པོ་དང་། ཨོཾ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ༀ་བཛྲ་བེ་རོ་ཙ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ཉེ་སྙིང་དག་ཅི་མང་བཟླ་ཞིང་། མཁའ་འགྲོ་མ་བཞི་ལ། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ༀ་ལཱ་མཱ་ཡེ་ཧུཾ་ཧཱུྃ་ཕཊ། ༀ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རུ་ལི་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ། དེ་ནས་འཁོར་ལོ་གསུམ་ལ་བསྡུ་ན། ཨོཾ་བཱི་ར་བཱི་རི་ཡེ་ཧུཾ་ཧཱུྃ་ཕཊ། ཞེས་བཟླ། ཨོཾ་ཀཱ་ཀཱ་སྱ་ཧཱུྃ་ཧཱུྃ་ཕཊ། ཨོ་ཨུ་ལུ་ཀཱ་སྱ་ཧཱུྃ་ཧཱུྃ་ཕཊ། ཨོ་ཤཱ་ནཱ་སྱ་ཧུ་ཧཱུྃ་ཕཊ། ཨོ་སུ་ཀ་རཱ་སྱ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་ད་དྷི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་རཱུ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལ་མ་དིཊྛི་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཅེས་སྒོ་མཚམས་མ་བརྒྱད་ཀྱི་སྔགས་དང་། གོང་དུ་བཤད་པའི་གོ་ཆའི་སྔགས་རྣམས་ཀྱང་གཙོ་བོ་ཡབ་ཡུམ་གྱི་བཅུ་ཆ་ཙམ་བཟླའོ། །མཇུག་ཏུ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་


JKT007_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཁོར་ལོ་བདེ་མཆོག་གི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་གདབ། ཧེ་རུ་ཀའི་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །གཉིས་པ་ཉེར་བསྡུའི་རྣལ་འབྱོར་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་ཏེ། ཁམས་གསུམ་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ལྷ་ལྷའི་དཀྱིལ་འཁོར་དུ་གྱུར། དེ་སྲུང་བའི་འཁོར་ལོ་ལ་ཐིམ། དེ་དུར་ཁྲོད་བརྒྱད་ལ་ཐིམ། དེ་གཞལ་ཡས་ཁང་ལ། དེ་དམ་ཚིག་གི་འཁོར་ལོ་ལ། དེ་ཡང་སྐུའི་འཁོར་ལོ་ལ། དེ་ཡང་གསུང་གི་འཁོར་ལོ་ལ། དེ་ཡང་ཐུགས་ཀྱི་འཁོར་ལོ་ལ། དེ་ཡང་བདེ་བ་ཆེན་པོའི་འཁོར་ལོ་ལ། དེ་རང་ཉིད་ལ་ཐིམ་སྟེ། ལྷ་རྣམས་ཕྱོགས་གཡོན་བསྐོར་དང་། མཚམས་གཡས་བསྐོར་གྱི་སྣ་བུག་ནས་ཞུགས་ཏེ་སྙིང་གར་ཐིམ། ། གསུམ་པ་སྤྱོད་ལམ་གྱི་རྣལ་འབྱོར། རང་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གྱུར། སྙིང་གར་ཨོཾ་ཨོཾ་ཧ་དཀར་པོ་སོགས་ཡབ་ཡུམ་གྱི་གོ་ཆ་དང་། པཱུ་ཛ་ཨོ་ཨ་སོགས་པའི་གོ་ཆ་ཆེན་པོ་བགོ། སུམྦྷ་ལན་གཉིས་ཀྱིས་ཕྱོགས་བཅིང་། ཡབ་ཀྱི་རྐང་བརྒྱད་ཚར་གཅིག་བརྗོད། བདག་དང་སྣང་བའི་དངོས་པོ་ཐམས་ཅད་འཁོར་ལོ་སྡོམ་པའི་སྐུའི་རང་བཞིན་བརྗོད་པ་དང་གྲགས་པའི་སྒྲ་ཐམས་ཅད་གསུང་གི་རང་


JKT007_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། དྲན་རིག་རྣམ་རྟོག་ཐམས་ཅད་ཐུགས་བདེ་བ་ཆེན་པོའི་རང་བཞིན་དུ་རྣམ་པར་དག་གོ །བདག་གིས་དུས་གསུམ་དགེ་བ་ཅི་བསགས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས། །ཀུན་ཀྱང་རྡོ་རྗེ་འཛིན་པའི་བདག་ཉིད་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་ཆོས་གསུང་ཡང་ཚད་མའི་མཆོག་ཡིན་པས། །བདེན་པ་དེས་ཀྱང་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་སྔགས་པ་ལྷན་ཅིག་གར་བྱེད་ཤོག །ཅེས་པ་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་དག་པ་གསུམ་གྱི་ལམ་ཁྱེར་དང་མ་བྲལ་བར་སྤྱོད་ལམ་ལ་འཇུག་གོ །བཞི་པ་གཏོར་མའི་རྣལ་འབྱོར་ནི། ཤ་ཆང་གི་དམ་རྫས་དང་བཅས་པའི་གཏོར་མ་ཆང་ཆུ་ནང་མཆོད་ཀྱིས་བྲན། སམྦྷས་བསང་། སྭ་བྷཱ་བས་སྦྱངས། བདུད་རྩི་ལྟར་བྱིན་བརླབ་རྒྱས་པར་བྱ་བའམ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲིས་བརླབས། མདུན་གྱི་ནམ་མཁར་སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུར་ཁྲོད་བརྒྱད་དང་བཅས་པ་བཞུགས་པར་གྱུར། ཡེ་ཤེས་འཁོར་ལོར་སྤྱན་དྲངས་པར་བསམ་སྟེ། འབར་བའི་


JKT007_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བཅས་ལ། ཕོ་ཞེས་བརྗོད། ཛཧཱུྃ་བཾ་ཧོ༔ དགུག་གཞུག་ཅིང་དབང་དུ་བྱའོ། །ཨོ་ཡོ་ག་ཤུདྡྷ་སརྦ་དྷརྨཡོ་ག་ཤུདྡྷོཉ་ཧཾ། ཞེས་བརྗོད་འཁྱུད་རྒྱ་བྱ། ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དཀར་པོ་འོད་ཀྱི་སྦུ་གུ་ཅན་ཧཱུྃ་གིས་མཚན་པས་གསོལ་བར་བསམ་ཞིང་། ༀ་ཨ་རལླི་ཧོ༔ ཛ༔ཧཱུྃ་བཾ་ཧོ༔ ས་མ་ཡ་སཱུ་དྲི་ཤྱ་ཧོ། བཛྲ་ཌཱ་ཀི་ནཱི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨི་མཾ་བ་ལིཾ་བྷུཉྫཐཱ་པི་བ་ཐཱ། མ་མ་ཀཱརྨ་སཱདྷ་ཡ། ཨོཾ་ཨཱཿཧཱུྃ་ཕོ་ཕོ་སྭཱ་ཧཱ། ཞེས་ལན་བདུན་སོགས་བརྗོད། ཨོཾ་བཛྲ་ཨརྒྱུ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། རྐང་བརྒྱད་གཉིས་ཀྱིས་བསྟོད། སྲིད་པ་གསུམ་འབར་སོགས་ཀྱིས་འདོད་པའི་དངོས་གྲུབ་ལ་སྨོན་ལམ་གདབ། འཇིག་རྟེན་པའི་གཏོར་མ་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་བཏང་། ཡི་གེ་བརྒྱ་པས་བཟོད་པར་གསོལ། བཛྲ་མུས་འཇིག་རྟེན་པ་གཤེགས། ཨོ་ཡོ་ག་ཤུདྡྷ་སོགས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་རང་གི་ལུས་ལ་ཐིམ་པར་བསམ། བསྔོ་སྨོན་ཤིས་བརྗོད་བྱའོ། །གཞན་ཡང་ཁ་ཟས་བདུད་རྩིར་བྱིན་གྱིས་བརླབ་ལ། གཡོན་པའི་ཀུན་སྤྱོད་ཀྱིས་ནང་གི་བསྲེག་བླུགས་ཀྱི་ཚུལ་དུ་རོལ། ཉལ་བའི་ཚེ་རང་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཡུམ་ཡབ་ལ་ཐིམ། དེའང་ཐུགས་ཀའི་ཧཱུྃ་ནས་ན་བའི་བར་དུ་བསྡུས་ལ་སེམས་བཟུང་མཐར་ནཱ་དའང་མི་དམིགས་པར་བསམ་ལ། འོད་གསལ་རྣམ་པར་མི་རྟོག་


JKT007_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་དུ་ངལ་བསོ། །ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལྡང་སྟེ། བསམ་གཏན་གྱི་གྲོགས་སུ་འགྲོ་ན་དངོས་སམ། དེ་ལྟར་མིན་ཀྱང་ཡིད་ཀྱིས་བསྒོམ་སྟེ་དབང་གི་སྐབས་ལྟར་ཁྲུས་བྱས་ལ་རྣལ་འབྱོར་གྱི་རིམ་པ་ལ་འཇུག །བསྙེན་པ་བྱེད་ན་མཚམས་དམ་པར་བཅད། ཇི་སྐད་བཤད་པའི་མངོན་རྟོགས་ཐུན་བཞིའམ་གསུམ་སོགས་སུ་བསྒོམ། བཟླས་པའི་མགོར་ཕྲེང་བ་བྱིན་གྱིས་བརླབས་ཏེ། སུམ་བྷ་བདུན་ཙམ་བཟླ། དེ་ནས་རྩ་སྔགས་དང་། སྙིང་པོ། ཉེ་སྙིང་། འཁོར་སྔགས་ཀྱི་བར་ཚར་གཅིག་བཟླས་རྗེས། ཐོག་མར་སྙིང་པོ་ཁོ་ན་ལ་གྲངས་བཟུང་། ཐུན་གྲོལ་ཁར་ཀྱང་སུམ་བྷ་བདུན་ཙམ་དང་། ཡིག་བརྒྱ་ལན་གསུམ་བཟླས་ནས་ཉེར་བསྡུ་སོགས་ལ་འཇུག །གྲངས་སྙིང་པོ་དང་། ཉེ་སྙིང་ལ་འབུམ་ཕྲག་བཞི། །འཁོར་སྔགས་ཁྲི་ཕྲག་བཞི་བཟླ་བའམ། སྙིང་པོ་ཁོ་ན་འབུམ་ཕྲག་བཞི་དང་། གཞན་རྣམས་ཅི་རིགས་པ་བཟླས་པས་ཀྱང་ལས་རུང་ཙམ་དུ་འགྱུར་རོ། །དེ་ལྟར་མངོན་རྟོགས་ཀྱི་ངག་འདོན་ཤིན་ཏུ་བསྡུས་པའི་ཚུལ་གྱིས་བསྟན་ཟིན་ནས། འཕྲོས་དོན་ཅུང་ཟད་བརྗོད་ན། རྒྱུ་རྡོ་རྗེ་འཛིན་པ་ཞལ་བཞི་ཕྱག་བཞི་པར་རྒྱ་གཞུང་རང་གི་དངོས་བསྟན་ལས་གསལ་བར་འབྱུང་། ཡུམ་སྐུ་མདོག་དཀར་མོར་བྱས་ཀྱང་འགལ་བ་མེད་མོད། གཉན་གྱི་འགྲེལ་བ་མུ་ཏིག་ཕྲེང་བ་དང་། ས་ཆེན་གྱི་གཞུང་འགྲེལ་གྱི་དཔེ་དག་པ་


JKT007_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལས་དམར་པོར་གསུངས་ཤིང་། ཉི་མའི་ཆོས་དག་པ་དང་། ཐབས་ཤེས་ཕན་ཚུན་རྒྱས་བཏབ་པ་དང་། སྲིད་པའི་འདོད་ཆགས་འཇོམས་པ་མཚོན་པའི་ཕྱིར་བླ་མའི་མན་ངག་གིས་ཀྱང་དམར་པོར་བཞེད། རིགས་བདག་ཡབ་ལ་མི་བསྐྱོད་པ་དང་། ཡུམ་ལ་རྣམ་སྣང་དུ་བྱེད་པ་ཡོད་ཀྱང་། ས་ཆེན་གྱི་གསུང་ལས་འབྱུང་བ་ལྟར་འདིར་དང་པོའི་སྦྱོར་བའི་སྐབས་སུ་མི་བསྐྱོད་པ་དང་། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་དབང་གི་ཆུ་རྒྱུན་གྱིས་རེག་པ་ལ་བརྟེན་ནས་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་སེམས་དཔར་གནས་བསྒྱུར། ལུས་དཀྱིལ་སྐབས། མཁའ་ནང་གི་གཙོ་བོ་ཡབ་ཡུམ་ཡར་དྲངས། ཡབ་སྙིང་གའི་ཧཱུྃ་དང་། ཡུམ་ལྟེ་བའི་ཨོཾ་ལ་ཐིམ་པས་སོ་སོའི་སྐུར་གྱུར་པ་སྙིང་གའི་དབུས་སུ་ཞལ་སྦྱོར་དུ་བཞུགས་པར་བསྒོམ་པ་ནི་མན་ངག་གི་གནད་ཡིན། སྒོ་མཚམས་མ་བརྒྱད་སྙིང་གའི་ཕྱི་བསྐོར་གྱི་རྩ་འདབ་བརྒྱད་དང་། ཕྱོགས་ལ་འགོད་པ་སོགས་ཀྱང་སྤྱིར་འགལ་བ་མེད་མོད། འོན་ཀྱང་འདིར་ས་ཆེན་གྱི་རིམ་བཞི་ལམ་སློང་སོགས་ཀྱི་དགོངས་པ་ལྟར། སྙིང་གའི་རྩ་འདབ་བརྒྱད་དང་འབྲེལ་བའི་ཕྱིའི་བུ་ག་བརྒྱད་ལ་འགོད་པ་ཉིད་ལེགས་ཞེས་གསུངས་སོ། །གཉིས་པ་བསྐྱེད་རིམ་གྱི་མན་ངག་ཅུང་ཟད་བཤད་པ་ནི། སྤྱིར་གོང་དུ་བཤད་པའི་མངོན་པར་རྟོགས་པ་ཤར་བསྒོམ་དང་། བསྙེན་པ་བྱ་བ་སོགས་མོས་བསྒོམ་ཙམ་


JKT007_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནའང་། མངོན་གྱུར་གྱི་བསྒོམ་པ་ལ་འཇུག་པའི་སྔོན་དུ་འགྲོ་ཞིང་། བར་ཆད་ཞི་བ་དང་། ཚོགས་རྫོགས་པ་སོགས་དགོས་པ་ཁྱད་པར་ཅན་ཡོད་པས་ཅི་ནུས་སུ་བསླབ་པར་བྱ། འདིར་མངོན་གྱུར་དུ་བསྒོམ་པའི་ཚུལ་མདོ་ཙམ་བཤད་ན་གསུམ། ལྷའི་རྣལ་འབྱོར་ལ་བསླབ་པའི་ཐབས། ལོབས་པའི་ཚད། བརྟན་པའི་དུས་སོ། །དང་པོ་ལ། རྣམ་པ་ལ་བསླབ་པ། གོ་རིམ་ལ་བསླབ་པ། ཐུན་མཚམས་ལ་བསླབ་པའོ། །དང་པོ་རྣམ་པ་ལ་བསླབ་པ་ནི། བྲིས་སྐུ་མཚར་བ་ཞིག་མེ་ལོང་ལ་སོགས་པའི་འོད་དང་ལྡན་པར་བྱས་ལ། རང་ཉིད་དེ་ལ་གདོང་ཕྱོགས་པའི་ཚུལ་གྱིས་བདེ་བའི་གདན་ལ་འཁོད་དེ། ཇི་སྐད་བཤད་པའི་མངོན་པར་རྟོགས་པ་དག་པ་དྲན་པའི་བར་དུ་ཤར་བསྒོམ་གྱི་ཚུལ་གྱིས་བསྒོམ་ལ་ཅུང་ཟད་ངལ་བསོ། །དེ་ནས་བྲིས་སྐུ་ལ་ཆུ་སྲང་གཉིས་གསུམ་དུ་སེམས་མ་ཡེངས་ཤིང་མིག་རྩེ་གཅིག་ཏུ་བལྟ། ཡང་དེ་ཁའི་རྣམ་པ་ཡིད་ལ་འཆར་བར་བྱས་ཏེ་ཅུང་ཟད་བསྒོམ། དེ་ལྟར་བལྟ་བ་དང་བསྒོམ་པ་སྤེལ་མར་བྱས་པས་དབང་པོ་རབ་འབྲིང་ཐ་གསུམ་གྱི་འཆར་ཚུལ་འབྱུང་བས་དེ་དང་མཐུན་པར་བསླབ། གཉིས་པ་གོ་རིམ་ལ་བསླབ་པ་ནི། །དང་པོ་རིམ་པར་བསླབ་པ་ཡིན་ཏེ། གཙོ་བོ་ལ་གསལ་ན་ཡུམ་གསལ་གདབ་པ་སོགས་ལྷ་རྣམས་ལ་རིམ་གྱིས་བསླབ་པ་དང་། གཞལ་མེད་ཁང་དང་། དུར་ཁྲོད་དང་། སྲུང་བའི་


JKT007_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་བར་དུ་རེ་རེ་བཞིན་དུ་སྦྱངས། སོ་སོ་ལ་བརྟན་པ་ཐོབ་ན་ཉིས་སྡེབས་གསུམ་སྡེབས་བྱེད་ཀྱིན་སྦྱངས། མཐར་འཁོར་ལོ་མ་ལུས་པ་ཅིག་ཅར་གསལ་བའི་བར་དུ་སྦྱངས། གཉིས་པ་མ་ངེས་པར་བསླབ་པ་ནི། རེས་འགའ་ལྷ་ཉུང་ངུ་དཀྱིལ་འཁོར་རྒྱ་ཆུང་ངུ་ལ་བསླབ། རེས་འགའ་ལྷ་མང་བ་དཀྱིལ་འཁོར་རྒྱ་ཆེ་བ་ལ་བསླབ། དེ་བཞིན་དུ་སྐུ་མདོག་མ་ངེས་པ་དང་། སྐུའི་ཚད་མ་ངེས་པ་དང་ཞལ་ཕྱག་བཞུགས་ཚུལ་སོགས་ཀྱང་མ་ངེས་པ་ལ་བསླབ་པ་དང་། མང་པོ་ཉུང་ངུར་བསྡུ་བ་དང་། ཉུང་ངུ་མང་པོར་སྤེལ་བ་སོགས་སྤྲོ་བསྡུ་སྣ་ཚོགས་ལ་བསླབ་པས་དེ་དག་སོ་སོའི་ཐད་ཀར་གསལ་སྣང་ཐོབ་པ་ན། གོ་རིམ་ལ་ལོབས་པ་ཡིན་ཅིང་། འོན་ཀྱང་དེ་དག་བརྟན་པར་བྱ་བའི་ཕྱིར་ཡུན་བསྲིང་སྟེ་བསྐྱར་གྱིན་བསྒོམ་པ་ཡང་བྱའོ། །གསུམ་པ་ཐུན་མཚམས་ལ་བསླབ་པ་ནི། སྔར་གྱི་དེ་དག་ལ་ཅི་རིགས་པར་ལོབས་ནས། ཐུན་བཞི་ལྟ་བུར་བསྒོམ་ཞིང་། དེ་ལ་བརྟན་ན་གཉིས་སྦྲེལ་ཏེ་ཐུན་གཉིས་སུ་བྱ། དེ་ལ་བརྟན་ན་མཚན་རིལ་པོ་ཐུན་གཅིག་ཏུ་བྱས་ནས་བསྒོམ་མོ། །དེ་ལའང་བརྟན་ན་ཉིན་མཚན་སྦྲེལ་ནས་བསྒོམ་པ་སོགས་ལྕེ ལ་རིམ་གྱིས་བསླབ་པས། མཐར་ཞག་མང་པོར་མི་འཚོར་བ་འབྱུང་ངོ་། །དེ་ཡང་ཁམས་སྙོམས་པའི་ཚེ་ཉིན་ཞག་གཅིག་བར་མ་ཆད་པར་མཉམ་གཞག་ཐུན་གཅིག་གི་གནས་པ་བྱུང་ན། རེ་ཞིག་གོ་རིམ་ལ་


JKT007_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལོབས་པར་ཤེས་པར་བྱ། གང་ལྟར་ཡང་ཐུན་ལས་ལྡང་བར་འདོད་ན། བཟླས་པ་དང་ཉེར་བསྡུ་སོགས་ཇི་སྐད་བཤད་པ་བཞིན་བྱའོ། །གཉིས་པ་ལོབས་པའི་ཚད་ལ། མི་མཉམ་པར་ལོབས་པ་དང་། མཉམ་པར་ལོབས་པ་དང་། ལྷག་པར་ལོབས་པ་གསུམ་ཁ་དོག་ལ་ལོབས་པའི་ཚད་ཡིན་ལ། དམིགས་པ་གང་འདོད་དུ་བསྒྱུར་པ་ལ་དབང་འབྱོར་ན། གོ་རིམ་ལ་ལོབས་པའི་ཚད་དང་། དུས་ལ་འཕེན་པ་གང་བཏང་བ་དེ་ཙམ་དུ་གནས་ན་ཐུན་མཚམས་ལ་ལོབས་པའི་ཚད་དོ། །གསུམ་པ་བརྟན་པའི་ཚད་ནི། ཁ་དོག་ལ་བརྟན་པ། དབྱིབས་ལ་བརྟན་པ། གྲངས་ལ་བརྟན་པ། དུས་ལ་བརྟན་པ་ཐོབ་པའི་ཚད་དེ་བཞིའོ། །དེ་ལྟར་ན་སློབ་པའི་ཚུལ་གསུམ། ལོབས་པའི་ཚད་ལྔ། བརྟན་པའི་ཚད་བཞི་སྟེ་བསྐྱེད་རིམ་མངོན་གྱུར་བསྒོམ་པ་མན་ངག་གི་གནད་བཅུ་གཉིས་སོ། །གཉིས་པ་བརྟན་པ་རྫོགས་པའི་རིམ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན། རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་བསྒོམ་བཟླས་བྱ། བླ་མའི་རྣལ་འབྱོར་ནི། རང་གི་མདུན་གྱི་ནམ་མཁར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་མའི་གདན་ལ། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་དཔལ་འཁོར་ལོ་སྡོམ་པའམ། རྗེ་བཙུན་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན། སྐུ་མདོག་དམར་པོ་ཞལ་གཅིག་སྤྱན་གསུམ་


JKT007_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ། གཡས་ཌཱ་མ་རུ། གཡོན་ཐོད་པ་བདུད་རྩིས་གང་བ། གྲུ་མོར་ཤེས་རབ་ཀྱི་རང་བཞིན་ཁ་ཊཾ་ག་དཀར་པོ་བསྣམས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ་ལ་བརྒྱུད་པའི་བླ་མས་བསྐོར་བ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་བཏབ། བླ་མའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་དབང་གསུམ་ལེན་པ་བླ་མའི་རྣལ་འབྱོར་སྤྱི་དང་མཐུན། བླ་མ་འོད་དུ་ཞུ། རང་ལ་ཐིམ་པར་བསམ་པ་དབང་བཞི་ས་བྱ་རྒྱུད་ཀྱི་རིམ་པ། ཉམས་ལེན་སྔགས་ཀྱི་རིམ་པ། སྐྱེ་བ་ཡེ་ཤེས་ཀྱི་རིམ་པ། འབྲས་བུ་གསང་བའི་རིམ་པའོ། །དང་པོ་ནི། རྩ་གསུམ་འཁོར་ལོ་བཞི་ལ་རྒྱུད་ཅེས་བྱ་བ་ལ། དེ་ཉམས་སུ་ལེན་པའི་རིམ་པ་ཡིན་པས། རྒྱུད་ཀྱི་རིམ་པ་ཞེས་བྱའོ། །དེའི་ཚུལ་ནི། བསྐྱེད་རིམ་རྒྱས་པ་དང་འབྲེལ་ན། དཀྱིལ་འཁོར་བསྡུ། ཡུམ་ཡང་འོད་ཟེར་དམར་པོའི་རྣམ་པས་ལྟེ་བའི་ཨཾ་ལ་ཐིམ་སྟེ་རང་ཧེ་རུ་ཀ་ཕྱག་གཉིས་བརྐྱང་པའམ། ཡུམ་མ་བསྡུས་པར་བདེ་མཆོག་ལྷན་སྐྱེས་སུ་བསམ་པ་གང་རུང་བྱ། བསྐྱེད་རིམ་རྒྱས་པ་དང་མ་འབྲེལ་ན་ཇོ་བོ་ནཱ་རོ་ཏ་པའི་མན་ངག་གིས་རང་ཐ་མལ་པའི་སྤྱི་བོར་བླ་མའི་ཕྱག་ལྡུམ་བསྒོམ། གསོལ་བ་བཏབ། འོད་དུ་ཞུ། རང་ལ་ཐིམ་པས་སྐད་ཅིག་གིས་བདེ་མཆོག་ཕྱག་གཉིས་པར་ཝལ་གྱིས་གསལ་བཏབ་སྟེ། བདག་ལ་བླ་མས་དབང་བསྐུར་ཕྱིན་ཆད་ལུས་ཀྱི་


JKT007_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་འཁོར་ལོ་བདེ་མཆོག །ནང་རྩ་ཁམས་རྣམས་དཔའ་བོ་དང་དཔའ་མོའི་བདག་ཉིད་ཡིན་སྙམ་དུ་དྲན་པར་བྱ། སྔ་ཕྱི་དེ་གཉིས་ཅི་བྱས་ཀྱང་། རང་བདེ་མཆོག་ཏུ་གསལ་བའི་སྤྱི་བོ་ནས། ལྟེ་འོག་སོར་བཞིའི་བར་ལ་རྩ་དབུ་མ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བ། ཏིལ་མར་གྱི་མར་མེ་ལྟར་གསལ་བ། པདྨའི་འདབ་མ་ལྟར་ཕྲ་བ་སྟེ་ཆོས་བཞི་ལྡན་མདའ་སྨྱུག་འབྲིང་པོ་ཙམ། བ་ནི་སྲབ་པའི་དོན་ལ་བྱ་ཞིང་དབུ་མ་གསལ་འདེབས་པ་ལ་དམིགས་སྐོར་གཅིག །དེའི་གཡས་སུ་རོ་མ་རཀྟས་གང་བ་བསྒོམ་པ་དམིགས་སྐོར་གཉིས་པ། གཡོན་དུ་རྐྱང་མ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ། བསྒོམ་པ་དམིགས་སྐོར་གསུམ་པ། རྩ་དེ་གསུམ་གཤིབས་ཏེ་མས་སྣེ་དབུ་མ་དང་མཉམ་དུ་ཟུག་པ། རྩ་གསུམ་ཀའི་ཡར་མར་གྱི་སྣེ་གཉིས་བཅད་ཁ་ལྟ་བུ། ལྟེ་བའི་ཐད་དུ་རོ་རྐྱང་གཉིས་དབུ་མའི་ནང་དུ་སོར་གཅིག་ཙམ་སོང་སྟེ་དབུ་མ་དང་བུག་པ་འབྲེལ་བ། དེ་ནས་ཡར་དབུ་མའི་ཕྱི་ནས་སོང་། སྙིང་ག །མགྲིན་པ། སྤྱི་བོ་རྣམས་སུ་ཡང་ལྟེ་བ་དང་འདྲ་བར་སོར་རེ་ཙམ་གྱི་དཔངས་ཚད་དབུ་མའི་ནང་དུ་སོང་ཞིང་བུག་པ་འབྲེལ། རོ་རྐྱང་གཉིས་སྤྱི་བོ་ནས་ཀླད་རྒྱའི་སྟེང་བརྒྱུད་སོང་སྟེ་སྣ་རྩེ་གཡས་གཡོན་དུ་ཟུག་པ། རོ་རྐྱང་གཉིས་དབུ་མའི་ནང་དུ་ཆུད་པ་སོ་སོར་འཁོར་ལོ་བཞི་ཆགས་པ་ནི། ལྟེ་བར་རྩ་འཁོར་ནང་མ་ལ་


JKT007_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་བརྒྱད་དེ་རེ་རེ་ལ་འདབ་ཆུང་བདུན་བདུན་གྱེས་པ་ཕྱི་སྐོར་ལ་འདབ་མ་ལྔ་བཅུ་རྩ་དྲུག །གདུགས་ཀྱི་རྩིབ་མ་ཁ་གྱེན་བསྟན་ལྟ་བུར་བསྒོམ་པ་ལ་དམིགས་སྐོར་བཞི་པ། སྙིང་ག་ཆོས་ཀྱི་འཁོར་ལོ་སྔ། ན་པོ་རྩ་འདབ་བརྒྱད་ཁ་ལྔ་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དམར་པོ་ནང་བསྐོར་རྩ་འདབས་བཞི། དེ་རེ་རེ་ལ་རྩ་འདབ་གསུམ་གསུམ་གྱེས་པ་ཕྱི་སྐོར་བཅུ་གཉིས་ཏེ་རྩ་འདབས་བཅུ་དྲུག་ཁ་གྱེན་བསྟན་བསྒོམ་པ་དམིགས་སྐོར་དྲུག་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དཀར་པོ་རྩ་འདབས་སོ་གཉིས་འཕྲེང་དུ་བསྒྲིགས་པ་ཁ་ཐུར་བསྟན་བསྒོམ་པ་དམིགས་སྐོར་བདུན་པ། དབུ་མའི་མས་སྣར་ཀྟ་དམར་ནག་མེའི་རང་བཞིན་མགོ་ཐུར་བསྟན་དབུ་མའི་མས་སྣར་སྣེ་ཚུད་ཙམ་བསྒོམ་པ་དམིགས་སྐོར་བརྒྱད་པ། ལྟེ་བའི་རྩ་འཁོར་གྱི་དབུས་སུ་ཨོཾ་དམར་པོ་མགོ་གྱེན་བསྟན་བསྒོམ་པ་དགུ་པ། སྙིང་གའི་དབུས་སུ་ཧཱུཾ་སྔོན་པོ་མགོ་ཐུར་བསྟན་བསྒོམ་པ་བཅུ་པ། མགྲིན་པར་ཨོཾ་དམར་པོ་མགོ་གྱེན་བསྟན་བསྒོམ་པ་བཅུ་གཅིག་པ། སྤྱི་བོར་ཧཾ་དཀར་པོ་མགོ་ཐུར་བསྟན་བསྒོམ་པ་བཅུ་གཉིས་པ། རོ་མ་ལ་ཀ་ནས་ཧའི་བར་གསལ་བྱེད་སོ་གསུམ་མམ། ཡང་ན། ང་ཉ་སྤངས་པའི་ཀླུའི་བར་སོ་གཉིས་འདམ་ག་ཡིན་པས་གང་བདེ་བྱ་ཞིང་། ཁ་དོག་དམར་པོ་མགོ་གྱེན་བསྟན་བསྒོམ་པ་དམིགས་སྐོར་བཅུ་གསུམ་པ།


JKT007_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱང་མ་ལ་ཨཱ་ལི་ཚར་གཉིས་ཁ་དོག་དཀར་པོ་མགོ་ཐུར་བསྟན་རྐྱང་མའི་མས་སྣར་ཨ་ནས་ཡས་སྣར་ཨཚེག་དྲག་ཅན་གྱི་བར་བརྩེགས་པར་བསྒོམ་པ་བཅུ་བཞི་པ། ལྟེ་བའི་ནང་སྐོར་གྱི་རྩ་འདབ་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བསྒོམ་པ་བཅོ་ལྔ་པ། ཕྱི་སྐོར་ལ་དབྱངས་གསལ་ལྔ་བཅུ། ཨཱ་ཨཱི་ཨུ་ཨེ་ཨོ་ཨཱརྣམས་ཁ་དོག་དམར་པོ་མགོ་གྱེན་བསྟན་བསྒོམ་པ་བཅུ་དྲུག་པ། སྙིང་གའི་འདབ་མ་བརྒྱད་ལ་ཕྱོགས་ཨཱ་ཨཱི་ཨཱུ་ཨེ་སྟེ་བཞི། མཚམས་བཞིར་གཡས་ནས་བརྩམས་ཏེ་ཡ་ར་ལ་ཝ་རྣམས་ཁ་དོག་སྔོན་པོ་མགོ་ཐུར་བསྟན་བསྒོམ་པ་བཅུ་བདུན་པ། མགྲིན་པའི་ནང་སྐོར་གྱི་རྩ་འདབས་ལ་ཨ་ཨི་ཨུ་ཨེ། ཕྱི་སྐོར་ལ་རི་ལོ་བཞི་སྤངས་པའི་དབྱངས་བཅུ་གཉིས་ཁ་དོག་དམར་པོ་གྱེན་བསྟན་བསྒོམ་པ་བཅོ་བརྒྱད་པ། སྤྱི་བོའི་རྩ་འདབས་ལ་དབྱངས་ཡིག་རྣམས་ཚར་གཉིས་ཁ་དོག་དཀར་པོ་མགོ་ཐུར་བསྟན་བསྒོམ་པ་བཅུ་དགུ་པ། བཤང་སྒོར་རླུང་གི་དཀྱིལ་འཁོར་སྔོ་སྐྱ་ཟླ་གམ་གསལ་བཏབ་སྟེ་ཉི་ཤུ་པ། སེམས་ལྟེ་བའི་ཨོཾ་ལ་གཏད་དེ་བཟུང་བ་ཉེར་གཅིག་པ། རླུང་ཕྱིར་འགྲོ་བ་དང་བསྟུན་རྩ་འཁོར་ཡིག་འབྲུ་རྣམས་མས་ནས་རིམ་པས་གསལ་བཏབ། ནང་དུ་འོང་བའི་ཚེ་ཡས་ནས་རིམ་པས་གསལ་བཏབ། གནས་པའི་ཚེ་ལྟེ་བའི་ཨོཾ་ལ་ཐིམ་པའི་ཚུལ་གྱིས་ཅུང་ཟད་བཞག དེ་ལྟར་ན་རྒྱུད་རིམ་ལ་དམིགས་སྐོར་ཉེར་


JKT007_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སོ། །མཐར་ཕྱིན་པའི་ཚད་ནི་རྩ་གསུམ་འཁོར་ལོ་དྲུག་ཡིད་ལ་གསལ་བར་སྣང་བའོ། །གཉིས་པ་ཉམས་ལེན་སྔགས་ཀྱི་རིམ་པ་ལ། ནང་གི་སྔགས་ནི་ལྟེ་བའི་ཨ་ཡིན་ལ། རིམ་པ་ནི་རིམ་གྱིས་སྦྱར་ཏེ་རང་གི་འཁོར་ལོ་དང་། དེ་བཞིན་གཤེགས་པའི་འཁོར་ལོའི་ཡིག་འབྲུ་རྣམས་བསྲེག་བཞུ་དང་གསོ་བའི་བར་མཐར་ཕྱིན་པའོ། །ཉམས་སུ་བླང་བའི་ཚུལ་གཏུམ་མོ་འཁོར་ལོ་བཞི་ལ་བརྟེན་པ་ནི། རྩ་གསུམ་འཁོར་ལོ་བཞི་ཡིག་འབྲུ་དང་བཅས་བརྒྱུད་རིམ་ལྟར་གསལ་བཏབ་ནས་མདུན་གྱི་ནམ་མཁར་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་རྩ་བའི་བླ་མ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་རྣམ་པར་གསལ་བཏབ། རླུང་བུམ་པ་ཅན་བཟུང་བས་འོག་རླུང་བསྐྱོད། དེས་བཤང་སྒོའི་རླུང་གི་དཀྱིལ་འཁོར་བསྐྱོད་པས་དེའི་རླུང་གིས་ཀྵ་ཡིག་མེར་འབར། རོ་མ་ནས་སོང་། དེས་ལྟེ་བའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལྕགས་བསྲེགས་པ་བཞིན་དུ་བསྲེགས་ཤིང་ༀ་མེར་འབར་བར་བསྒོམ་པ་དམིགས་སྐོར་དང་པོའོ། །ཡང་རོ་མ་ནས་སོང་། སྙིང་གའི་འཁོར་ལོ་བསྲེག་པ་གཉིས་པ། ཡང་རོ་མ་ནས་སོང་། མགྲིན་པའི་འཁོར་ལོ་བསྲེག་པ་གསུམ་པ། ཡང་རོ་མ་ནས་སོང་། སྤྱི་བོའི་འཁོར་ལོ་བསྲེག་པ། བཞི་པ། ཡང་རོ་མ་ནས་བརྒྱུད། སྣ་བུག་གཡས་ནས་སོང་། མདུན་གྱི་འཁོར་ལོ་བདེ་མཆོག་གི་ཤངས་གཡས་ནས་


JKT007_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད། སྐུའི་འཁོར་ལོ་བཞི་ཁྱབ་བཞུ་བརྟུལ་བྱས། བདུད་རྩི་རྣམས་བསྡུས། ཤངས་གཡོན་ནས་བྱུང་། རང་གི་སྣ་བུག་གཡོན་ནས་ཞུགས། རྐྱང་མའི་ལམ་བརྒྱུད། སྤྱི་བོའི་འཁོར་ལོ་བདུད་རྩིས་གང་ཞིང་ཡི་གེ་རྣམས་གསོས་པར་བསྒོམ་པ་ལྔ་པ། རིམ་པས་རྐྱང་མ་བརྒྱུད། མགྲིན་པའི་ཨོ་སོགས་ཡི་གེ་རྣམས་གསོས་པ་དྲུག་པ། རྐྱང་མའི་ལམ་བརྒྱུད། སྙིང་གའི་ཡི་གེ་རྣམས་གསོས་བཏབ་བདུན་པ། དེ་བཞིན་དུ་རྐྱང་མ་ནས་བརྒྱུད། ལྟེ་བའི་ཨོཾ་ལ་ཕོག །ཡི་གེ་ཐམས་ཅད་གསོས་ཤིང་བདུད་རྩིས་གང་། འབར་འཛག་ལ་སེམས་གཏད་པ་བརྒྱད་པ། དེ་ནས་ཡང་རླུང་བཟུང་བས་ཀླུ་མེར་འབར། མེ་ལྕེ་ཕྲ་བ་ཞིག་དབུ་། མའི་ལམ་ནས་སོང་། ལྟེ་བའི་ཨོཾ་ལ་ཕོག་པས་དེ་མེར་འབར། མེ་ལྕེ་རིམ་བཞིན་སོང་། སྙིང་གའི་ཧཱུྃ་ཡིག་བསྲེག་པ་དགུ་པ། མེ་དེ་དབུ་མ་ནས་སོང་། མགྲིན་པའི་ཨོ་བཅོམ་པ་བཅུ་པ། སྤྱི་བོའི་ཧཾ་ལ་ཕོག་པས་བསྲེག་པ་བཅུ་གཅིག་པ། རིམ་བཞིན་བརྒྱུད། སྨིན་མཚམས་གསེར་གྱི་སྒོ་ནས་སོང་། དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱས། བདུད་རྩི་བྱུང་བ་སྤྱི་གཙུག་ཛ་ལནྡྷ་ར་ནས་ཞུགས། ཧཾ་ཡིག་སོགས་སྤྱི་བོའི་ཡི་གེ་རྣམས་བདུད་རྩིས་གང་བ་ཆེས་གསལ་བར་བསྒོམ་པ་བཅུ་གཉིས་པ། གཞན་རྣམས་འདྲ་བ་ལ་མགྲིན་པའི་ཡི་གེ་གསོས་པ་བཅུ་གསུམ་པ། ཡང་བབས། སྙིང་གའི་ཡི་གེ་རྣམས་གསོས་པ་བཅུ་བཞི་


JKT007_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པ། དེ་ལས་ཀྱང་བབས། ལྟེ་བའི་ཡི་གེ་རྣམས་གསོས། ཨཾ་ལ་སེམས་གཏད། བཅོ་ལྔ་པ། དེ་ལྟ་བུ་ཚར་གཅིག་སྔོན་དུ་བཏང་ནས། དེ་ནས་གཏུམ་མོའི་མེ་སྤྱི་བོའི་ཧཾ་གི་བར་འབར། སྙིང་ག་མགྲིན་པ་སྤྱི་བོའི་བར་གྱི་འཁོར་ལོ་ཡིག་འབྲུ་དང་བཅས་པ་བསྲེག་པ་བཅུ་དྲུག་པ། དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་མི་བྱེད་པར་ཧཱུྃ་ལས་བདུད་རྩི་བྱུང་། མགྲིན་པ། སྙིང་ག །ལྟེ་བའི་བར་གྱི་འཁོར་ལོ་དང་ཡིག་འབྲུ་རྣམས་གསོས་དེ་ཀའི་འབར་འཛག་ལ་སེམས་གཏད་དེ་བསྒོམ། བཅུ་བདུན་པའོ། །དེ་ལྟར་ན་སྔགས་རིམ་ལ་དམིགས་སྐོར་བཅུ་བདུན་ནོ། །མཐར་ཕྱིན་པའི་ཚད་ནི། འཕར་གཡོ་ལ་སོགས་པ་འབྱུང་བའོ། །གསུམ་པ་སྐྱེ་བ་ཡེ་ཤེས་ཀྱི་རིམ་པ་ནི། ཡེ་ཤེས་ནི་དགའ་བ་བཅུ་དྲུག་གི་མཐར་ལྷན་སྐྱེས་ཉམས་སུ་མྱོང་བ། རིམ་པ་ནི་རྡོ་རྗེ་ནོར་བུར་བདེ་བ་ལ་བསྒོམ་པ་ནས་མཛོད་སྤུར་བདེ་བ་བསྒོམ་པའི་བར་རོ། །ཉམས་སུ་བླང་བའི་ཚུལ་ནི། སྔགས་རིམ་གྱི་གཏུམ་མོའི་དམིགས་པ་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་དང་བཅས་པ་ཚར་གཅིག་ཉམས་སུ་བླང་ནས། དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་མི་བྱེད་པར་གཏུམ་མོའི་སྤྱི་བོའི་ཧཾ་གི་བར་འབར་བས་ཧཾ་བདུད་རྩིར་ཞུ། མགྲིན་པའི་ཨོ་ལ་ཐིམ། དམིགས་སྐོར་གཅིག །དེ་ཡང་ཞུ། སྙིང་གའི་ཧཱུྃ་ལ་ཐིམ་པ་གཉིས་པ། དེ་ཡང་ཞུ། ལྟེ་


JKT007_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཨོཾ་ལ་ཐིམ་པ་གསུམ་པ། དེ་ཡང་ཞུ་དཀར་དམར་འདྲེས་པའི་ཐིག་ལེ་དེ་རྡོ་རྗེ་ནོར་བུའི་རྩེར་སླེབས་ལ་སེམས་གཟུང་བ་བཞི་པ། ཐུན་འཇོག་ཀར་སྤྱི་བོའི་ཧཾ་ལ་ཐིམ་པར་བསྒོམ་པ་ལྔ་པ། ནོར་བུའི་རྩེ་མོར་བཟུང་བས་དེར་བདེ་བས་བརྒྱལ་བ་ལྟ་བུ་བྱུང་ཚེ་ཡར་རྡོ་རྗེའི་སྐེད་པ་ཙམ་དུ་དྲངས་པ་དྲུག་པ། དེར་ཡང་བདེ་བ་མི་བཟོད་པ་བྱུང་ཚེ་ཡར་རྡོ་རྗེའི་རྩ་བར་དྲངས་པ་བདུན་པ། ཡང་ཡར་ལྟེ་འོག་ཏུ་དྲངས་པ་བརྒྱད་པ། ཡང་ཡར་ལྟེ་བར་དྲངས་པ་དགུ་པ། དེ་བཞིན་དུ་ལྟེ་བ་ནས་སྙིང་གའི་བར་ལ་ཆ་བཞིར་བྱས་ཏེ་ཡར་རིམ་བཞིན་དུ་དྲངས། བཅུ་པ་ནས་བཅུ་གསུམ་པའི་བར་རོ། །དེ་བཞིན་དུ་སྙིང་ག་ནས་མགྲིན་པའི་བར་ལ་བཞི། དམིགས་སྐོར་བཅུ་བདུན་པའི་བར་རོ། །མགྲིན་པ་ནས་སྤྱི་བོའི་བར་ལ་བཞི། དམིགས་སྐོར་ཉེར་གཅིག་པའི་བར་རོ། །དེ་རྣམས་སུ་སེམས་འཛིན་ཅིང་ཁྱད་པར་འཁོར་ལོ་བཞིའི་གཙོ་བོར་སེམས་གཏོད་དེ་ཉེར་གཉིས་པའོ། །མདོར་ན་ཡས་བབས་ལ་བཞི་དང་། མས་བརྟན་ལ་དགའ་བ་བཅུ་དྲུག་གི་རྗེས་དྲན་བཅུ་དྲུག་གོ། དེ་ལྟར་ན་ཡེ་ཤེས་ཀྱི་རིམ་པ་ལ་དམིགས་སྐོར་ཉེར་གཉིས་སོ། །མཐར་ཕྱིན་པའི་བདག་གི་རྒྱད་བདེ་བས་མྱོས་པ་ལ་སོགས་པའོ། །བཞི་པ་འབྲས་བུ་གསང་བའི་རིམ་པ་ནི། གསང་བ་ནི་སྲོག་འཛིན་གྱི་རླུང་། རིམ་པ་ནི་རླུང་སྒོན་རྣམས་རིམ་གྱིས་སེལ་བ། ཇི་ལྟར་ཉམས་སུ་བླང་བའི་


JKT007_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་སྔགས་རིམ་འཁོར་ལོ་བཞི་ལྡན་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་དང་བཅས་པ་ཚར་གཅིག་ཉམས་སུ་བླངས་ནས། དེ་ནས་གཏུམ་མོའི་མེ་སྤྱི་བོའི་ཧཾ་གི་བར་འབར་བས་ཧཾ་བདུད་རྩིའི་རང་བཞིན་དུ་ཞུ། མགྲིན་པའི་ཨོཾ་ལ་ཐིམ་པར་བསམས་ཏེ་སེམས་འཛིན་པ་དམིགས་སྐོར་དང་པོ། །ༀ་ཡང་ཞུ། སྙིང་གའི་ཧཱུྃ་ལ་ཐིམ་པ་ལ་སེམས་གཏོད་དེ་དམིགས་སྐོར་གཉིས་པ། དེ་ལས་ཀྱང་དྭངས་མ་བྱུང་། ལྟེ་བའི་ཨོ་ལ་ཐིམ་པར་བསམས་ལ་དེ་ལ་སེམས་འཛིན་པ་དམིགས་སྐོར་གསུམ་པ། དེ་ནས་ཁམས་གསུམ་ཐམས་ཅད་འོད་དུ་ལྟེམ་ཞུ། རང་ལ་ཐིམ་པར་བསམ། དེ་ཙམ་ལ་སེམས་གཏད་པ་བཞི་པ། དེ་ཡང་ཡལ། སྙིང་གའི་ཧཱུྃ་དང་ལྟེ་བའི་ཨཾ། དེ་གཉིས་ཀྱི་འཁོར་གྱི་དབུ་མ་དང་བཅས་པ་ཙམ་ལ་སེམས་གཏད་དེ་ལྔ་པ། དེ་གཉིས་ཀྱང་འོད་དཀར་དམར་དུ་ཞུ། དཀར་དམར་འདྲེས་པའི་ཐིག་ལེ་ལ་སེམས་གཏད་པ་དྲུག་པ། དེ་ཡང་གློག་ཡལ་བ་བཞིན་ཡལ་སོང་། དེ་ཀའི་ངང་ལ་མཉམ་པར་འཇོག་ཅིང་རླུང་བུམ་པ་ཅན་འཛིན། བདུན་པའོ། །དེ་ལྟར་ན་གསང་རིམ་ལ་དམིགས་སྐོར་བདུན་ནོ། །མཐར་ཕྱིན་པའི་ཚད་ནི། ལུས་རས་བལ་གྱི་འདབ་མ་ལྟར་ཡང་བ་དང་། སྨིག་རྒྱུ་ལ་སོགས་པའི་རྟགས་ལྔ་མཐོང་བའོ། །དེ་ལྟ་བུའི་རིམ་པ་བཞིའི་དམིགས་པའི་རྣམ་གྲངས་ཀུན་དྲིལ་དམིགས་སྐོར་དྲུག་ཅུ་རྩ་བརྒྱད་དོ། །དེ་ནས་རང་


JKT007_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྐད་ཅིག་ཙམ་གྱིས་ཧེ་རུ་ཀར་ཝལ་གྱིས་བསམས་ལ། དེའི་སྣའི་བུག་པ་གཉིས་ཙམ་མ་གཏོགས་པར་བར་ཀ་བ་མེད་པ་སྒོང་སྟོང་པ་ལྟ་བུ་སྲབ་མོ་ཞིག་ཏུ་བསྒོམ། རླུང་ནང་དུ་འོང་བ་དང་མཉམ་དུ་དེར་རླུང་ལྗང་སྔོན་ཤས་ཆེ་བས་ལྗང་ནག་དུད་པ་ལྟ་བུ་ཞིག་དལ་བུས་བྱུང་། ལུས་ཀྱི་ནང་དུ་སོང་བས་ལུས་ཀྱི་ནང་ཐམས་ཅད་རིམ་གྱིས་གང་སྟེ་ནང་ཆུང་ངུ་དུད་པས་ཁེངས་པ་ལྟ་བུ་ཞིག་ཏུ་བསྒོམ། འདི་གེགས་སེལ་ཡིན་ཀྱང་དམིགས་པ་ཕྱི་མ་འདི་དང་སྤྲེལ་ནས་དང་པོ་ཉིད་ནས་བསྒོམས་པས་རྩ་རླུང་གི་ཟུག་མི་འབྱུང་ཞིང་ཡོན་ཏན་ཁྱད་པར་སྐྱེ་བའི་དགོས་པ་ཡོད་དོ། །གསུམ་པ་རྗེས་ལ་གཉིས། ཐུན་གྱི་མཇུག་བསྡུ་བ་དང་། ཁྲིད་ཀྱི་རྗེས་བསྐྱང་བའོ། །དང་པོ་ནི། དེ་ལྟར་བསྒོམ་པའི་ཐུན་ཐམས་ཅད་ཀྱི་མཐར་བསྐྱེད་རིམ་རྒྱས་པ་དང་འབྲེལ་ནས་བཟླས་པ་དང་ཉེར་བསྡུ་སོགས་ཇི་སྐད་བཤད་པ་བཞིན་མཐར་དབྱུང་། མ་འབྲེལ་ན་དགེ་བ་བསྔོ་ཞིང་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ། ཐུན་མཚམས་ཐམས་ཅད་དུའང་དངོས་གཞིའི་ཉམས་མྱོང་གི་རྩི་དང་མ་བྲལ་བར་སྤྱོད་ལམ་དགེ་བའི་བྱ་བས་དུས་འདའ་བར་བྱའོ། །གཉིས་པ་ནི། ཉམས་མྱོང་སྐྱེས་རིམ་བཞིན་བླ་མ་དམ་པའི་སྤྱན་སྔར་ཞུས་ལ་སྒྲོ་འདོགས་བཅད། འབྱུང་བཞི་ལ་འཁྲུགས་པ་དང་། ཉམས་སྣ་ཚོགས་པའི་གེགས་བསལ་ཞིང་། སྤྱོད་པ་གསུམ་གྱིས་བོགས་དབྱུང་བས་གསང་


JKT007_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

་རིམ་གྱི་རྟོགས་པ་རྫོགས་པ་ན་འཕགས་ལམ་ས་དང་པོ་ཐོབ་ཅིང་། སླར་ཡང་ཟུང་དུ་འཇུག་པའི་རྣལ་འབྱོར་ལ་བརྩོན་པས་སློབ་པའི་ཟུང་འཇུག་མཐར་ཕྱིན་ནས། སྐུ་གསུམ་ཡན་ལག་བདུན་དང་ལྡན་པའི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་རེག་པར་འགྱུར་བ་ཡིན་ནོ། །དྲན་པས་དངོས་གྲུབ་ཆར་འབེབས་ལྷག་པའི་ལྷ། །འཁོར་ལོ་བདེ་མཆོག་བསྐྱེད་རྫོགས་ལམ་གྱི་ཕུལ། །བདེ་ཆེན་ཡེ་ཤེས་གྲུབ་པའི་སྙིང་པོའི་དཔྱིད། །འདིས་ཀྱང་འགྲོ་ཀུན་ཧེ་རུ་ཀར་གྱུར་ཅིག །ཅེས་པའང་སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པ་བསམ་བཞིན་དུ་སྲིད་བ་ཉེ་བར་བཟུང་བ་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་གི་གསུང་རབ་བསྐྱེད་རིམ་མདོར་བསྡུས་སུ་བྱ་བའི་ཚུལ་ལ་རྗེ་རང་ཉིད་ཀྱི་ཞལ་ལུང་སྒྲུབ་ཐབས་རྒྱས་པའི་ས་བཅད་སོགས་སྦྱར་ཞིང་། རྫོགས་རིམ་གྱི་དམིགས་པ་རྣམས་རྗེ་བཙུན་སཾ མཆོག་གི་སྤྲུལ་པའི་སྐུ་ཀུན་དགའ་སྙིང་པོའི་ཞལ་གྱི་བདུད་རྩི་ཟིན་བྲིས་སུ་བཏབ་པ་ཇི་ལྟ་བ་བཞིན་དག་ཅིང་གསལ་བར་བྱ་བྲལ་བ་མང་དུ་ཐོས་པའི་གཟུགས་བརྙན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།མངྒ་ལཾ།།


previousདཔལ་འཁོར་ལོ་བདེ་མཆོག་ནག་པོ་པའི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་དྲན་པ་གཅིག་པ།next