Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
དཔལ་འཁོར་ལོ་བདེ་མཆོག་བོང་བུའི་ཞལ་ཅན་གྱི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་སྙིང་པོར་དྲིལ་བ་བདེ་ཆེན་ཐིག་ལེ།
   
   
  expand section
   


 
previousདཔལ་འཁོར་ལོ་བདེ་མཆོག་བོང་བུའི་ཞལ་ཅན་གྱི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་སྙིང་པོར་དྲིལ་བ་བདེ་ཆེན་ཐིག་ལེ།next

དཔལ་འཁོར་ལོ་བདེ་མཆོག་བོང་བུའི་ཞལ་ཅན་གྱི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་སྙིང་པོར་དྲིལ་བ་བདེ་ཆེན་ཐིག་ལེ།


JKT007_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་བདེ་མཆོག་བོང་བུའི་ཞལ་ཅན་གྱི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་སྙིང་པོར་དྲིལ་བ་བདེ་ཆེན་ཐིག་ལེ་ཞེས་བྱ་བ་བཞུགས་སོ།།


JKT007_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི། བརྟན་གཡོའི་དངོས་ཀུན་ལྷན་སྐྱེས་དྲྭ་བ་རུ། །སྡོམ་མཛད་བླ་མ་ཧེ་རུ་ཀ་དཔལ་ལ། །བཏུད་ནས་བདེ་ཆེན་ཕྲ་མོའི་ཐིག་ལེ་ཡི། །མན་ངག་གྲུབ་པའི་ཞལ་ལུང་སྙིང་པོར་སྤེལ། །འདི་ལ་གཉིས། ལོ་རྒྱུས་དང་། གདམས་པ་དངོས་སོ། །དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། དེས་མངོན་སུམ་དུ་རྗེས་སུ་བཟུང་བ་ནི་བལ་ཡུལ་ཡེ་རང་གི་པཎྜི་ཏ་སྐལ་ལྡན་བཟང་པོ་སྟེ། དེས་སྐྱེ་དགུ་ཀུན་དགའི་འཚོ་བ་བཟང་པོ་ལ་གནང་། དེས་གྲུབ་པའི་དབང་ཕྱུག་ཆེན་པོ་མ་ཧཱ་བོ་དྷི་ལ་གནང་། དེ་ལས་གྲུབ་ཆེན་བསམ་གཏན་འོད་ཟེར་གྱིས་གསན། དེ་ལས་རྗེ་རྡོ་རྗེ་འཆང་གི་ཐུགས་སྲས་གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་


JKT007_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གསན་པ་ཡིན་ཏེ། དེའང་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མངའ་རིས་གློ་བོའི་ཕྱོགས་སུ་ལན་གསུམ་ཕེབས་པའི་རྗེས་མའི་སྐབས། གློ་བོའི་བར་ཚིགས་ལུང་ཐུར་གྱི་སྣེ་ཚེ་གྲུམ་ཟེར་བ་ན། བླ་མ་བསམ་གཏན་འོད་ཟེར་བ་ཞིག་བལ་པོའི་གྲུབ་ཆེན་མ་ཧཱ་བདྷི་ལ་བོང་ཞལ་ཅན་གྱི་དབང་དང་གདམས་ངག་གསན་ནས་ལོ་ལྔ་བཅུ་རྩ་གསུམ་དུ་བསྐྱེད་རིམ་ཐུན་གཉིས་སུ་བསྒོམ་ཞིང་། རྫོགས་རིམ་ཞར་བྱུང་རྣམས་མ་ཆག་པར་མཛད། སྙིང་པོ་ཡི་གེ་བདུན་པ་དུང་ཕྱུར་གསུམ་ལྷག་དང་། འཇམ་དཔལ་མཚན་བརྗོད་རྒྱ་སྐད་འབའ་ཞིག་ཏུ་ཁྲི་ཚོ་བརྒྱད་གསུངས་པས་མཚོན་རིམ་གཉིས་ཟབ་མོའི་ཉམས་གཞེས་ལ་རྩེ་གཅིག་ཏུ་བརྩོན་པས་གྲུབ་པའི་གོ་འཕང་མཐོན་པོར་


JKT007_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་ཀྱང་། འཕྲལ་སྣང་དུ་ཆང་ལ་འདེབས་པའི་ཕབས་འཚོང་བའི་རྣམ་པར་བཞུགས་པའི་སྦས་པའི་རྣལ་འབྱོར་པ་ཆེན་པོ་ཞིག་ཡོད་པ་རྗེ་རྡོ་རྗེ་འཆང་གིས་གསན་ཏེ། གློ་བོ་བྲག་དཀར་དུ་ཆེད་ཀྱིས་སྤྱན་དྲངས་ཏེ་དབང་གསན་པར་བརྩམ་ནའང་འབུལ་མ་ནུས་པར་སླར་རང་གནས་སུ་གཤེགས། དེའི་ཚེ་རྡོ་རྗེ་འཆང་གི་ཞལ་ནས་འདིའི་རྒྱུན་ཆད་དུ་རང་ཕོངས་པས་ངོས་ལ་བསྐུར་མི་ནུས་ནའང་། ངེད་ཀྱི་སློབ་མ་འདི་གསུམ་ལ་བསྐུར་གསུངས་ནས། བྱམས་གླིང་ཆོས་རྗེ་དཔལ་ལྡན་པ། གུ་གེ་པཎྜི་ཏ། བླ་མ་རྒྱལ་སྲས་པ་གསུམ་ལ་གནང་སྦྱིན་བཟང་པོ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བརྫོང་བར་མཛད་པས། ཁོང་གིས་ཀྱང་དབང་དང་གདམས་ངག་ལེགས་པར་གསུངས། དེ་ལས་གུ་གེ་པཎྜི་ཏས་མངོན་དཀྱིལ་ཡི་གེར་བཀོད་ཅིང་། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་དང་། ཆོས་རྗེ་ནམ་མཁའ་བརྟན་པ་སོགས་ལ་གནང་བ་ནས་བཟུང་ད་ལྟའི་བར་དུ་དབང་བཀའ་རྣམ་པར་དག་པའི་རྒྱུན་མ་ནུབ་པར་བྱུང་། གདམས་ངག་འཁྲིད་ཀྱི་རིམ་པ་ནི། གློ་བོ་མཁན་ཆེན་ལས་འཇམ་པའི་དབྱངས་ཀུན་དགའ་གྲོལ་མཆོག་གིས་གསན། དེ་ཡན་ཆད་སྙན་བརྒྱུད་དུ་བཞུགས་པ་ལ། རྗེ་འདིས་ཟིན་བྲིས་གསལ་བར་གནང་ཞིང་དེའི་སྙིང་པོ་བསྡུས་ཏེ་ཁྲིད་བརྒྱའི་གླེགས་བམ་དུའང་བཀོད་པས་ཁྲིད་ལུང་གི་བརྒྱུད་པ་བར་མ་ཆད་པར་བྱུང་བ་


JKT007_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །གཉིས་པ་གདམས་པ་དངོས་ལ་གཉིས། རྟེན་བསྐྱེད་རིམ་དང་། བརྟེན་པ་རྫོགས་པའི་རིམ་པའོ། །དང་པོ་ནི། དབང་གིས་སྨིན་ཅིང་དམ་ཚིག་དང་ལྡན་པས། གནས་དབེན་པར་བདེ་བའི་གདན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། བསྐྱེད་རིམ་གྱི་མངོན་རྟོགས་རྒྱས་པར་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་སྒྲུབ་ཐབས་ཕྲིན་ལས་མཐའ་ཡས་ལྟར་བསྒོམ། བསྡུ་ན་སྐྱབས་སེམས་ཚད་མེད་བཞི་བསྒོམ་པས་བསོད་ནམས་དང་། ཆོས་ཐམས་ཅད་རང་གི་སེམས་ཙམ་དུ་ཤེས་པར་བྱས་ལ། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷ་ཝ་ཤུདྡྷོཉ་ཧཾ། སེམས་དེའང་གསལ་བ་དང་མ་བྲལ་བའི་སྟོང་པ་ཉིད་དུ་དམིགས་ལ། ཨོཾ་ཤུ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉ་ཧཾ། ཞེས་བརྗོད་པས་ཡེ་ཤེས་ཀྱི་ཚོགས་བསག །སྟོང་པའི་ངང་ལས་ཁམས་གསུམ་དང་རང་གི་སེམས་ཉིད་ཧཱུཾ་སྔོན་པོའི་རྣམ་པས་ནམ་མཁའ་ལ་གནས་པར་གྱུར། རང་ཉིད་གང་དུ་གནས་པའི་གོ་སར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་ཨཱ་ལི་ཕྲག་གཉིས་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་དཀར་པོ་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ། ཀཱ་ལི་དང་། ཡ་ར་ལ་ཝ་ཌ་ཌྷ་ཕྲག་གཉིས་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་


JKT007_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས། དེ་གཉིས་ཀྱི་བར་དུ་རྒྱུ་རྡོ་རྗེ་སེམས་དཔའི་བདག་ཉིད་ཧཱུཾ་ཡིག་དཀར་པོ་འོད་ཟེར་ལྔ་འཕྲོ་བ་སོ་སོར་རྟོག་པའི་ཡེ་ཤེས། སླར་ཡང་ནམ་མཁར་གནས་པའི་ཧཱུྃ་ཡིག་ནཱ་དའི་བར་དུ་འདུས་ཏེ། ནཱ་ད་དེ་། ཉིད་རྒྱུའི་ཧཱུྃ་ཡིག་ལ་ཐིམ། ཐམས་ཅད་གཅིག་ཏུ་གྱུར་པ་བྱ་བ་ནན་ཏན་གྱི་ཡེ་ཤེས། དེ་ལས་སྐུ་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་བདག་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་ཞིང་། ཉི་མ་འབུམ་གྱི་འོད་ཅན་མཚན་དཔེས་བརྒྱན་པ། ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་བོང་བུའི་གདོང་ཅན་སྔོན་པོ་ཁྲག་གིས་བྱུགས་ཤིང་འཇིགས་པར་མཛད་པ། གཡས་དཀར། གཡོན་དམར་བ། སྤྱན་གསུམ་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་ཤིང་རལ་པའི་ཐོར་ཅོག་ལ་ཡིད་བཞིན་གྱི་ནོར་བུ། གཡོན་ཕྱོགས་སུ་ཟླ་བ་ཕྱེད་པ་དང་། དཔྲལ་བར་སྣ་ཚོགས་རྡོ་རྗེས་མཛེས་པ། ཐོད་པ་སྐམ་པོ་ལྔ་ལྔས་དབུ་བརྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུས་དོ་ཤལ་བྱས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང་། འོག་མ་གཉིས་ཀྱིས་མིའི་པགས་པ་འཛིན་ཅིང་གོས་སུ་གྱོན་པ། གཡས་འོག་མས་མདུང་རྩེ་གསུམ། གཡོན་འོག་མས་ཐོད་པ་དང་ཁ་ཊཾ་ག་འཛིན་པས་དགོས་འདོད་ཐམས་ཅད་སྩོལ་བ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོ་དང་།


JKT007_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

་གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་མགོ་བོ་བལྟབ་ནས་མནན་པ། སྒེག་པ་དཔའ་བ་མི་སྡུག་པ་སྟེ་སྐུའི་ཉམས་གསུམ། རྒོད་ཅིང་དྲག་ཤུལ་འཇིགས་སུ་རུང་བ་སྟེ་གསུང་གི་ཉམས་གསུམ། སྙིང་རྗེ་རྔམས་དང་ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་སྟེ་གར་གྱི་ཉམས་དགུ་དང་ལྡན་ཞིང་། རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་རྣམ་པར་གྲོལ་བ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ། སྐུ་མདོག་དམར་མོ་བོང་བུའི་ཞལ་ཅན། ཞལ་ནས་ཁྲག་འཛག་པ། ཕྱག་གཉིས་ཀྱིས་གཡས་རྩེ་གསུམ་འཕྱར་ཞིང་། གཡོན་ཐོད་ཁྲག་འཛིན་པ་ཡབ་ཀྱི་མགུལ་ནས་འཁྱུད་པ། གཅེར་བུ་སྐྲ་གྲོལ་ཞིང་། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འཁྲིལ་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་མཛེས་པ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ༔ ཐུགས་ཀའི་སྟོད་དུ་ཧཱུྃ། དབུས་སུ་རང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཡབ་ལ་ཧཱུཾ་སྔོན་པོ། ཡུམ་ལ་བོ་དམར་པོ། ཡབ་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་ཨོ་ཧ་དཀར་པོ་རྡོ་རྗེ་སེམས་དཔའི་ངོ་བོ། གཞན་རྣམས་སུ་ཉི་མ་ལ་གནས་པའི་མགོ་བོར་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད་ཀྱི་ངོ་བོ། སྤྱི་གཙུག་ཏུ་སཱ་ཧཱ་ཧུ་དམར་པོ་པདྨ་གར་དབང་གི་ངོ་བོ། ཕྲག་པ་གཉིས་སུ་བོ་ཥཊ་ཧེ་


JKT007_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཧེ་རུ་ཀའི་ངོ་བོ། མིག་གཉིས་སུ་ཧཱུཾ་ཧཱུཾ་ཧོ་དམར་སེར་རྡོ་རྗེ་ཉི་མའི་ངོ་བོ། ཡན་ལག་ཐམས་ཅད་དེ་ཚིག་ཆེན་བརྒྱད་དུ་ཕཊ་ཧཾ་ལྗང་གུ་རྟ་མཆོག་གི་ངོ་བོ། ཡུམ་གྱི་གནས་རྣམས་སུ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ། ལྟེ་བར་ཨོཾ་བི་དམར་མོ་ཕག་མོའི་ངོ་བོ། སྙིང་གར་ཧཾ་ཡཾ་སྟོན་མོ་གཤིན་རྗེ་མ། ཁར་གྱི་མོ་དཀར་མོ་རྨོངས་བྱེད་མ། མགོ་བོར་གྱི་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧུ་ཧཱུྃ་ལྗང་གུ་སྐག་བྱེད་མ། ཡན་ལག་ཐམས་ཅད་དེ་ཚིག་ཆེན་བརྒྱད་པོ་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ་རྣམས་སུ་གྱུར། འབར་བའི་ཕྱག་རྒྱ་དང་། ཕོ་ཞེས་པས་ཕྱོགས་བཅུའི་འཇིག་རྟེན་དང་། ཡུལ་ཉི་ཤུ་རྩ་བཞིར་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎཱ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནི་ས་པ་རི་ཝཱ་ར་ཨཧཱུྃ་ནས། ཤཔྟའི་བར་གྱིས་མཆོད། ཛཧཱུྃ་བཾ་ཧོ༔ ཞེས་པས་དམ་ཚིག་པ་དང་དབྱེར་མེད་དུ་དགུག་གཞུག་བཅིང་ཞིང་དགྱེས་པར་བསམ། དེའི་བདེ་བ་ལ་ཅུང་ཟད་མཉམ་པར་བཞག་ཅིང་། ཨོ་ཡོ་ག་ཤུདྡྷསརྦ་དྷརྨཱཎཡོ་ག་ཤུདྡྷོཉ་ཧཾ། ཆོས་ཐམས་ཅད་ཐབས་ཤེས་དབྱེར་མེད་ཀྱི་རྣལ་འབྱོར་དུ་དག་ལ་བདག་ཀྱང་དེའི་ངོ་བོར་དག་གོ་ཞེས་ང་རྒྱལ་བཟུང་། ལག་གཉིས་རྣམ་ལྔ་འདོད་བསྐོར་དང་འཁྱུད་རྒྱ་བྱ། སླར་ཡང་ཕོ་ཞེས་པས། དབང་གི་ལྷ་འཁོར་ལོ་བདེ་མཆོག་གི་


JKT007_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར་བས། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་གང་། བདེ་བ་ཆེན་པོའི་རང་བཞིན་དབང་ཐམས་ཅད་ཐོབ། དབང་ལྷ་རྣམས་ཀྱང་བདག་ལ་ཐིམ། ཆུ་ལྷག་མ་ཡར་ལུད་པ་ལས་ཡབ་ལ་མི་བསྐྱོད་པ་དང་། ཡུམ་ལ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། དངོས་སུ་བཤམ་པའི་མཆོད་པ་ཡོད་ན་བྱིན་གྱིས་རླབས། གང་ལྟར་ཡང་། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་སྔགས་དང་ཕྱག་རྒྱས་ཕྱི་མཆོད་འབུལ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་མྱང་། ཡབ་ཡུམ་གྱི་རྐང་བརྒྱད་དམ། ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། དེ་ནས་ལྷའི་ང་རྒྱལ་དང་། རྣམ་པའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་བཟུང་ཞིང་། སྣང་བ་ཐམས་ཅད་ལྷར་ཤར་བའི་གསལ་


JKT007_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ལ་ངེས་པ་བརྟན་པོ་མ་སྐྱེས་ཀྱི་བར་དུ་འབད་དེ་བསྒོམ། དེས་སྐྱོ་ན་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀའི་ཧཱུཾ་གི་ནཱ་ད་ལས་སྔགས་ཀྱི་ཕྲེང་བ་བྱུང་། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སོང་སྟེ། ཨ་བ་དྷཱ་ཏིའི་ལམ་ནས་སྟེང་དུ་བྱུང་། ཡུམ་གྱི་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས། ནཱ་ད་ལ་ཐིམ་ཞིང་། སླར་ཡང་ནཱ་དཱ་ལས་བྱུང་སྟེ་རྒྱུན་མི་འཆད་པར་འཁོར་བ་ལས་བདེ་བ་ཆེན་པོའི་ཡེ་ཤེས་བརྟན་པར་བསམས་ལ། ཨོ་ཧཱིཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་ཡི་གེ་བདུན་པ་ཁོ་ན་བཟླ། ཡང་རང་གི་ལྟེ་བར་ཟླ་བ་ལ་གནས་པའི་ཧཱུྃ་དམར་སྐྱའི་ནཱ་ད་ལས་རླུང་ཕྱིར་འབྱུང་བ་ཧཱུྃ་གི་རང་བཞིན་དུ་བྱུང་། དེ་ལས་དཔལ་ཧེ་རུ་ཀ་ཡབ་ཡུམ་དཔག་ཏུ་མེད་པ་སྤྲོས་ཏེ་འགྲོ་བའི་དོན་བྱས་ནང་དུ་འཇུག་པ་ཨོཾ་གྱི་རང་བཞིན་གྱིས་ཞུགས། ནཱ་ད་ལ་ཐིམ་གནས་པ་ཨཱའི་རང་བཞིན་དུ་བསྒོམ་ལ་ཅུང་ཟད་ཁ་སྦྱར་བའི་ཚུལ་དུ་བཟུང་ངོ་། །ཐུན་བསྡུ་བ་ནི། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དངོས་གྲུབ་གསོལ། དག་དྲན་རྒྱས་པར་བྱ་བའམ། །བྲི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཧེ་ཞེས་རྒྱུ་སོགས་སྟོང་པ་ཉིད། །རུ་ཡིག་བཀོད་པ་དང་བྲལ་བ། །ཀ་ཞེས་གང་དུའང་མི་གནས་པའོ། །ཞེས་འོད་གསལ་བ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་ཐར་གྱི་བདག་ཉིད་


JKT007_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཧེ་རུ་ཀའི་ངེས་དོན་གྱི་དག་པ་དྲན་པར་བྱ། སྤྲོ་ན་གཏོར་མ་འབུལ། སྤྱོད་ལམ་ལ་འཇུག་པ་ན། སྣོད་བཅུད་ཐམས་ཅད་དག་པའི་གཞལ་ཡས་ཁང་དང་ལྷར་བལྟས་ལ། སྣང་གྲགས་རྟོག་གསུམ་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་ངོ་བོར་ལམ་དུ་ཁྱེར་བར་བྱའོ། །གཉིས་པ་ལ་གཉིས། གོ་དོན་མདོར་བསྟན་པ་དང་། བསྒོམ་དོན་རྒྱས་པ་བཤད་པའོ། །དང་པོ་ནི། དཔལ་འཁོར་ལོ་སྡོམ་པ་ངེས་པར་བརྗོད་པའི་རྒྱུད་ལས། དབང་པོ་གཡོ་བའི་རྟ་ཀུན་ནང་དུ་ངེས་སྦྱར་བའི། ཞེས་མིག་སོགས་སྒོ་ལྔ་ནས་ཕྱི་རོལ་དུ་རྣམ་རྟོག་སྐྱེ་བའི་རླུང་འགོག་པ་སྟེ་ངོ་བོ་སོར་སྡུད་ཡིན་ལ། ཡང་། ཡེ་ཤེས་རྒྱལ་བ་མ་ལུས་འདུས་པའི་སྣོད་གྱུར་པ། ཁམས་གསུམ་སྐྱེད་པར་བྱེད་པ་ཉིད་དུ་ཉེར་འགྲོ་བ། མཐོང་བ་མཁའ་དང་འདྲ་བ་དྲི་མེད་དཔལ་དུ་གྱུར། ཅེས་སྐྱེ་འགྱུར་གྱི་འཆར་སྒོ་གཉིས་མེད་ཡེ་ཤེས་དེ་ཉིད། སྨིག་རྒྱུ་ལ་སོགས་པའི་རྟགས་ཅན་ཡེ་ཤེས་ཀྱི་སྣང་བ་ཀུན་ཁྱབ་བསམ་གཏན་གྱི་ལམ་བསྟན་པ་ཡིན་ནོ། །གཉིས་པ་ལ་གསུམ། རྩ་བའི་དམིགས་པ། ཡན་ལག་གི་དམིགས་པ། དོན་བསྡུ་བའོ། །དང་པོ་ནི། གོང་དུ་ཇི་སྐད་བསྟན་པ་ལྟར་བསྐྱེད་རིམ་བཟླས་པའི་བར་སྔོན་དུ་བཏང་། དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་ཕྱིའི་སྣོད་བཅུད་ཐམས་ཅད་རང་གི་ལུས་ལ་བསྡུ། ཡུམ་ཡང་སྣའི་སྒོ་གཡོན་ནས་རང་


JKT007_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྙིང་གར་བསྡུ། རང་ཉིད་ཕྱག་གཉིས་པར་བསྡུས་པའི་སྤྱི་བོར་བླ་མ་བསྒོམས་ལ། མོས་གུས་དྲག་ཏུ་བྱ་ཞིང་། བདག་གི་རྒྱུད་ལ་ཡང་དག་པའི་ཏིང་ངེ་འཛིན་བསྐྱེད་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་སྙིང་གི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་སྲན་མ་ཕྱེད་ཚལ་ཙམ་གྱི་སྟེང་དུ་རང་གི་ཤེས་པ་ཐིག་ལེ་དཀར་དམར་ཡུངས་འབྲུ་འབྲིང་པོ་ཙམ་ཞིག་ཏུ་བསམ་ལ་དེ་ལ་སེམས་བཟུང་། རིམ་གྱིས་རླུང་ཁ་སྦྱར་འཇམ་པོ་བྱ། གོམས་ནས་སེམས་ཟིན་པ་དང་ཡིད་གཞན་དུ་མི་འཕྲོ་ཞིང་སེམས་རྩེ་གཅིག་ཏུ་གནས་པ་དང་བདེ་གསལ་གྱི་ཏིང་ངེ་འཛིན་སྐྱེའོ། །གཉིས་པ་ལ་བདུན་ལས། དང་པོ་མིག་གི་རྣམ་ཤེས་ལ་དམིགས་ཤིང་བསྒོམ་པ་ནི། རྩ་བའི་དམིགས་པ་ལ་གསལ་སྣང་བརྟན་པོ་རྙེད་པ་ན། སྔོན་འགྲོ་སྔ་མ་ལྟར་བྱས་ལ། དངོས་གཞི་མིག་གི་འབྲས་བུ་གཉིས་ཀྱི་ནང་དུ་ཟླ་བ་ལ་གནས་པའི་ཐིག་ལེ་དཀར་པོ་ཤིན་ཏུ་ཕྲ་བ་རེ་བསྒོམས་ཏེ་མིག་བཙུམས་ལ་ཡིད་གཟུང་། ཅུང་ཟད་ཟིན་པ་དང་གཟུགས་སྣ་ཚོགས་ལ་བལྟ་ཞིང་། ཐིག་ལེ་ལ་ཡིད་གཏད་དེ་གཞན་དུ་སེམས་འཕྲོར་མི་གཞུག་གོ །དེ་གོམས་པས་ཐིག་ལེའི་རྣམ་པ་གསལ་ཞིང་གཟུགས་གང་མཐོང་བའི་སྟེང་དུ་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང་། ཐིག་ལེ་དེ་སྙིང་གར་བསྡུས་ལ་སྙིང་གའི་ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམ།


JKT007_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་བཞག་པས་ཏིང་ངེ་འཛིན་མཆོག་སྐྱེའོ། །གཉིས་པ་རྣ་བའི་རྣམ་ཤེས་ལ་དམིགས་ཤིང་བསྒོམ་པ་ནི། དེའི་རྗེས་ལ་རྣ་བར་སྤྲོ་སྟེ་སྔོན་འགྲོ་སྔར་ལྟར་བསྒོམས་ལ། དངོས་གཞི་རྣ་བ་གཉིས་ཀྱི་ནང་དུ་ཟླ་བ་ལ་གནས་པའི་ཐིག་ལེ་སྔོན་པོ་གཉིས་བསྒོམ་ལ་སྒྲ་མེད་པའི་ཕྱོགས་སུ་ཡིད་གཟུང་། ཅུང་ཟད་ཟིན་པ་དང་སྒྲ་སྣ་ཚོགས་མཉན་ཞིང་ཐིག་ལེ་ལ་ཡིད་གཏད་དེ། གཞན་དུ་སེམས་འཕྲོར་མི་གཞུག །དེ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་སྒྲ་གང་ཐོས་པའི་སྟེང་དུ་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང་། ཐིག་ལེ་དེ་སྙིང་གའི་ཐིག་ལེ་ལ་བསྡུས་པས་ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམ། མཉམ་པར་བཞག་པས་ཏིང་ངེ་འཛིན་མཆོག་སྐྱེའོ། །གསུམ་པ་སྣའི་རྣམ་ཤེས་ལ་དམིགས་ཤིང་བསྒོམ་པ་ནི། དེའི་རྗེས་ལ་སྣར་སྤྲོ་ཞིང་སྔོན་འགྲོ་སྔར་ལྟར་བསྒོམས་ལ་དངོས་གཞི་ལ་སྣ་བུག་སོ་སོའམ། བུ་གའི་འདོམས་སོའི་ནང་དུ་ཟླ་བའི་སྟེང་དུ་ཐིག་ལེ་སེར་པོར་བསྒོམ་ལ་དྲི་མི་བྲོ་བའི་སར་ཡིད་གཟུང་། ཅུང་ཟད་ཟིན་པ་དང་དྲི་སྣ་ཚོགས་བསྣམས་ཤིང་ཐིག་ལེ་ལ་ཡིད་གཏད་དེ་གཞན་དུ་སེམས་འཕྲོར་མི་གཞུག དེ་ལ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་དྲི་གང་ཚོར་གྱི་སྟེང་དུ་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང་། ཐིག་ལེ་དེ་ཉིད་སྙིང་གའི་ཐིག་ལེ་ལ་བསྡུས་པས། ཐིག་ལེ་དེ་སྔར་བས་ཀྱང་


JKT007_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཞིང་འབར་བར་བསྒོམས་ལ་མཉམ་པར་བཞག་པས་ཏིང་ངེ་འཛིན་མཆོག་སྐྱེའོ། །བཞི་པ་ལྕེའི་རྣམ་ཤེས་ལ་དམིགས་ཤིང་བསྒོམ་པ་ནི། དེའི་རྗེས་ལ་ལྕེར་སྤྲོ་ཏེ། སྔོན་འགྲོ་སྔར་ལྟར་བསྒོམས་ལ་དངོས་གཞི་ལ་ལྕེའི་རྩ་བར་ཟླ་བའི་སྟེང་དུ་ཐིག་ལེ་དམར་པོ་བསྒོམས་ལ། རོ་མི་མྱང་བར་ཡིད་གཟུང་། ཅུང་ཟད་ཟིན་པ་དང་རོ་སྣ་ཚོགས་མྱོང་ཞིང་། ཐིག་ལེ་ལ་ཡིད་གཏད་དེ་གཞན་དུ་སེམས་འཕྲོར་མི་གཞུག །དེ་ལ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་རོ་གང་མྱོང་བའི་སྟེང་དུ་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང་། ཐིག་ལེ་དེ་སྙིང་གའི་ཐིག་ལེ་ལ་བསྡུས་ལ། ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམ་ནས་མཉམ་པར་བཞག་པས་ཏིང་ངེ་འཛིན་མཆོག་སྐྱེའོ། །ལྔ་པ་ལུས་ཀྱི་རྣམ་ཤེས་ལ་དམིགས་ཤིང་བསྒོམ་པ་ནི། དེའི་རྗེས་ལ་ལུས་ལ་སྤྲོ་ཏེ་སྔོན་འགྲོ་སྔར་ལྟར་བསྒོམ་ལ། དངོས་གཞི་ལ། གསང་བ གནས་ཀྱི་རྩའི་ནང་ངམ། དཔྲལ་བར་ཟླ་བའི་སྟེང་དུ་ཐིག་ལེ་ལྗང་གུ་བསྒོམ་ལ། གང་ལ་ཡང་མི་རེག་པར་ཡིད་གཟུང་། ཅུང་ཟད་ཟིན་པ་དང་རེག་བྱ་སྣ་ཚོགས་ལ་རེག་ཅིང་མྱང་ལ་ཐིག་ལེ་ལ་ཡིད་གཏད་དེ་གཞན་དུ་སེམས་འཕྲོར་མི་གཞུག །དེ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་རེག་བྱ་གང་ལ་རེག་པའི་སྟེང་དུ་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང་། ཐིག་ལེ་དེ་སྙིང་གའི་ཐིག་ལེ་ལ་བསྡུས་པས།


JKT007_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམས་ནས་མཉམ་པར་བཞག་པས་ཏིང་ངེ་འཛིན་མཆོག་སྐྱེའོ། །དྲུག་པ་ཡིད་ཤེས་ལ་དམིགས་ཤིང་བསྒོམ་པ་ནི། དེའི་རྗེས་ལ་ཀུན་ཏུ་གཡོ་བའི་ཡིད་ལ་དམིགས་ཤིང་བསྒོམས་ཏེ། སྔོན་འགྲོ་སྔར་ལྟར་བསྒོམས་ལ། དངོས་གཞི་ལ་སྙིང་གའི་ཐིག་ལེ་དཀར་དམར་གྱི་སྟེང་དུ་དེ་ལས་ཕྲ་བའི་ཐིག་ལེ་དམར་སྐྱ་ཞིག་བསྒོམས་ལ་ཤིན་ཏུ་དབེན་པའི་གནས་སུ་ཡིད་བཟུང་ངོ་། །ཅུང་ཟད་ཟིན་པ་དང་འདུ་འཛི་དང་བཅས་པའི་གནས་སུ་བསྒོམས་ཤིང་། གང་ལ་ཡིད་འཕྲོ་བའི་ཡུལ་དང་རྣམ་རྟོག་དེ་ཉིད་ཐིག་ལེ་དམར་སྐྱ་དེ་ལ་བསྟིམ་ཞིང་ཡིད་གཟུང་ངོ་། །དེ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་རྟོག་པ་མི་སྐྱེ་བའམ། ཅུང་ཟད་སྐྱེས་ཀྱང་རང་ཡལ་དུ་འགྱུར་རོ། །དེ་ལ་ཅུང་ཟད་བརྟན་པ་ཐོབ་པ་དང་། ཐིག་ལེ་དེ་འོག་གི་ཐིག་ལེ་དཀར་དམར་ལ་ཐིམ་པས། ཐིག་ལེ་དེ་སྔ་མ་དེ་བས་ཀྱང་གསལ་ཞིང་འབར་བར་གྱུར་པར་བསྒོམ་ལ་མཉམ་པར་བཞག་པས་ཞི་གནས་ཀྱི་ཏིང་ངེ་འཛིན་མཆོག་སྐྱེའོ། །བདུན་པ་ཉོན་ཡིད་ལ་དམིགས་ཤིང་བསྒོམ་པ་ནི། དེའི་རྗེས་ལ་ཉོན་མོངས་པ་དང་བཅས་པའི་ཡིད་ལ་དམིགས་ཤིང་བསྒོམ་སྟེ། སྔོན་འགྲོ་སྔར་ལྟར་བསྒོམས་ལ། དངོས་གཞི་ལ་སྙིང་གའི་ཐིག་ལེ་དཀར་དམར་གྱི་སྟེང་དུ་དམར་སྐྱ། དེའི་སྟེང་དུ་ཐིག་ལེ་སྔོན་པོ་ཞིག་བསྒོམས་ལ། ཤིན་ཏུ་དབེན་པའི་གནས་སུ་ཡིད་གཟུང་ངོ་། །


JKT007_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཟིན་པ་དང་། ཉོན་མོངས་པ་སྣ་ཚོགས་སྐྱེ་བའི་ཡུལ་དང་བཅས་པའི་གནས་སུ་བསྒོམ་ཞིང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་སྐྱེ་བའི་ཡུལ་དང་། ཉོན་མོངས་པ་ཀུན་ཏུ་རྒྱུ་བ་ཉིད་ཐིག་ལེ་སྔོན་པོ་ལ་བསྟིམ་ཞིང་ཡིད་གཟུང་ངོ་། །དེ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་། ཉོན་མོངས་པ་མི་སྐྱེ་བའམ། ཅུང་ཟད་སྐྱེས་ཀྱང་རང་ཡལ་དུ་འགྱུར་རོ། །དེ་ལ་ཅུང་ཟད་བརྟན་པ་ཐོབ་པ་དང་། །ཐིག་ལེ་དེ་འོག་གི་ཐིག་ལེ་དམར་སྐྱ་ལ་ཐིམ། དེ་ཡང་འོག་གི་ཐིག་ལེ་དཀར་དམར་ལ་ཐིམ། དེ་ཡང་ཟླ་བ་ལ་ཐིམ། ཟླ་བ་ཡང་ནམ་མཁའ་ལ་སྤྲིན་ཡལ་བ་ལྟར་ཡལ་ནས་སྟོང་པ་ལ་མཉམ་པར་བཞག་པས་ཞི་གནས་མཆོག་སྐྱེའོ། །མཐར་མཉམ་བཞག་ལས་ལྡང་བའི་ཚེ། སྐད་ཅིག་གིས་ཟླ་བ་དང་ཐིག་ལེ་རྣམས་རིམ་གྱིས་གྲུབ་པར་བལྟ་ཞིང་། རང་ཧེ་རུ་ཀ་དང་། ཕྱིའི་ཆོས་རྣམས་ཀྱང་སྣང་བཞིན་དུ་རང་བཞིན་མེད་པར་བལྟས་ལ་ལྡང་ངོ་། །དེ་ལྟར་སོ་སོའི་རྟགས་མ་བྱུང་གི་བར་དུ་བསྒོམ་ཞིང་། མཐར་ཕྱིན་པ་ན་སྟོང་པ་ཞི་གནས་དང་། བདེ་གསལ་ལྷག་མཐོང་གི་ཏིང་ངེ་འཛིན་སྐྱེས་ནས། ཏིང་ངེ་འཛིན་གྱི་རྒྱུན་དེས་མཐོང་ལམ་གྱི་ཡེ་ཤེས་སྐྱེ་བས་སངས་རྒྱས་ཉིད་འགྲུབ་པར་འགྱུར་རོ། །གསུམ་པ་དོན་བསྡུ་བ་ནི། མདོར་ན་སྦྱོང་བའི་ཚུལ་དབང་པོའི་སྒོ་རྣམས་ལ་སོར་སྡུད་ཀྱི་ཏིང་ངེ་འཛིན་རབ་བཀྲམས་སུ་སྦྱངས་ནས་དངོས་གཞི་མི་ཤིགས་པའི་ཐིག་ལེ་ཉིད་ལ་རྩལ་


JKT007_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཏོན་ནས་འཇོག་པ་སྟེ། རྟག་ཏུ་སྙིང་ལ་གནས་པ་ཡི། ཐིག་ལེ་གཅིག་པོ་ཡི་གེ་མེད། སྐྱེས་བུས་དེ་ནི་སྒོམ་གྱུར་ན། ཡེ་ཤེས་སྐྱེ་བར་འགྱུར་བའི་མཆོག །ཅེས་གསུངས་པའི་གནད་ཀྱི་དོན་ཡིན་པས་ན། གཙོ་བོར་དམིགས་པའི་སྤྲོས་པ་གཞན་སྤངས་ནས་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་མཐར་ལྟེ་བར་གནས་པའི་རྩ་བོང་གདོང་འཁྱིལ་པ་འདྲ་བ་ལས་གཏུམ་མོའི་མེ་ལྕེ་སྦྲུལ་གྱི་ལྕེ་ལྟར་འཁྱུགས་པ་བྱུང་། རྩ་དབུ་མའི་ནང་ཐམས་ཅད་གང་ཞིང་ཁྱབ་པར་བསམ་ལ་རླུང་བུམ་པ་ཅན་ཁ་སྦྱར་ལ་གནད་དུ་བསྣུན། རྗེས་ཐོབ་ཀུན་ཏུའང་ཚོགས་དྲུག་གི་སྣང་བར་གང་ཤར་ཐམས་ཅད་དངོས་གཞིའི་ཉམས་མྱོང་གི་རྩིས་ཟིན་པར་བྱས་ཏེ་ལམ་དུ་ཁྱེར་བ་ལ་འབད་པར་བྱའོ། །རྒྱུད་ལས་ལེགས་གསུངས་གྲུབ་པའི་མྱོང་བས་བརྒྱན། །ཚིག་ཉུང་དོན་ཟབ་དཔལ་ལྡན་བདེ་བ་མཆོག །བོང་བུའི་ཞལ་ཅན་བསྐྱེད་རྫོགས་པ་ལ་བརྟེན་ནས། །འགྲོ་ཀུན་ཧེ་རུ་ཀ་དཔལ་ཉིད་གྱུར་ཅིག །པཎ་ཆེན་གྲགས་པ་རྒྱལ་མཚན་གྱི་སྒྲུབ་ཐབས་དང་། འཇམ་མགོན་ཀུན་དགའ་གྲོལ་མཆོག་གི་རྫོགས་རིམ་ཞལ་ཤེས་ཀྱི་ཁྲིད་ཡིག་སོགས་ཀྱི་དགོངས་པ་ལྟར་བྱ་བྲལ་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དག་ཅིང་གསལ་བ་བྲིས་པ་དགེ་ལེགས་ཀྱི་སྣང་བས་ཕན་བདེའི་པདྨོ་དུས་རྟག་ཏུ་རྒྱས་པར་གྱུར་ཅིག། །།དགེའོ། །བཀྲ་ཤིས་སོ།།


previousདཔལ་འཁོར་ལོ་བདེ་མཆོག་བོང་བུའི་ཞལ་ཅན་གྱི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་སྙིང་པོར་དྲིལ་བ་བདེ་ཆེན་ཐིག་ལེ།next