Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
དཔལ་འཁོར་ལོ་བདེ་མཆོག་དྲི་བུ་ལུགས་ཀྱི་བསྐྱེད་པའི་རིམ་པའི་ཁྲིད་ཡིག་ཟིན་བྲིས་ཉུང་གསལ།
   
  expand section
   


 
previousདཔལ་འཁོར་ལོ་བདེ་མཆོག་དྲི་བུ་ལུགས་ཀྱི་བསྐྱེད་པའི་རིམ་པའི་ཁྲིད་ཡིག་ཟིན་བྲིས་ཉུང་གསལ།next

དཔལ་འཁོར་ལོ་བདེ་མཆོག་དྲི་བུ་ལུགས་ཀྱི་བསྐྱེད་པའི་རིམ་པའི་ཁྲིད་ཡིག་ཟིན་བྲིས་ཉུང་གསལ།


JKT007_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་བདེ་མཆོག་དྲི་བུ་ལུགས་ཀྱི་བསྐྱེད་པའི་རིམ་པའི་ཁྲིད་ཡིག་ཟིན་བྲིས་ཉུང་གསལ་བཞུགས་སོ།


JKT007_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་བདེ་བ་ཆེན་པོ་དང་། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །ཟུང་འཇུག་འཁོར་ལོ་སྡོམ་པ་དང་། །དབྱེར་མེད་ཁྱབ་བདག་བླ་མས་སྐྱོངས། །དེ་ལ་འདིར་གྲུབ་ཆེན་དྲིལ་བུ་པས་ལེགས་པར་བཀྲལ་བའི་དཔལ་འཁོར་ལོ་སྡོམ་པའི་ཟབ་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་འཆད་པ་ལ་གཉིས། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལོ་རྒྱུས་དང་། ལོ་རྒྱུས་དེ་ལྡན་གྱི་གདམས་པ་དངོས་སོ། །དང་པོ་ནི་གཞན་དུ་ཤེས། །གཉིས་པ་ལ་གཉིས། རྟེན་བསྐྱེད་པའི་རིམ་པ་དང་། བརྟེན་པ་རྫོགས་པའི་རིམ་པའོ། །དང་པོ་ནི། རྟེན་གྱི་གང་ཟག་ངེས་འབྱུང་དང་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་པ། འཁོར་ལོ་སྡོམ་པའི་རྡུལ་ཚོན་དང་ལུས་ཀྱི་དཀྱིལ་འཁོར་དུ་རིམ་པར་སྨིན་ཅིང་


JKT007_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་ལ་གནས་པས་ནུབ་མོ་ཉལ་བའི་རྣལ་འབྱོར་གྱིས་ཉལ་ནས། ཐོ་རངས་ནམ་མཁར་གནས་པའི་དཔའ་བོ་དང་རྣལ་འབྱོར་མས་ཌ་མ་རུའི་སྒྲ་ཡི་གེ་བདུན་པའི་སྔགས་དང་བཅས་པས་གཉིད་ལས་བསླངས་པར་བསམས་ཏེ། ཧེ་རུ་ཀའི་ང་རྒྱལ་དང་བཅས་ནམ་མཁའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་ཕྱག་བྱ། བསམ་གཏན་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱ། བདུད་རྩི་མྱང་། དེ་ནས་སྔོན་འགྲོ་གཏོར་མ་དཀྱིལ་ཆོག་ནས་འབྱུང་བ་ལྟར་བཏང་། དངོས་སུ་བཤམས་པའི་མཆོད་པ་ཡོད་ན་བྱིན་གྱིས་བརླབས་ནས་རྣལ་འབྱོར་ཟབ་མོ་ལ་འཇུག་པར་བྱའོ། །དེ་ལ་གསུམ། རྣལ་འབྱོར་ལ་འཇུག་པའི་སྔོན་འགྲོ། ཞུགས་པའི་རྣལ་འབྱོར་དངོས། རྣལ་འབྱོར་ལས་


JKT007_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་བ་རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས། ཐུན་མོང་དང་། ཁྱད་པར་རོ། །དང་པོ་ལའང་ཐོག་མར་སྐྱབས་སུ་འགྲོ་བ་ནི། གནས་ཡུལ་དག་པའི་ཞིང་ཁམས་ཆེན་པོར་གསལ་བའི་དབུས་སུ། རང་གི་མདུན་གྱི་ནམ་མཁར་སྨིན་མཚམས་ཀྱི་ཐད་ཁྲུ་གང་ཙམ་གྱིས་མཐོ་བར་བླ་མ་ཧེ་རུ་ཀ་ལྷན་སྐྱེས་སམ་ཕྱོགས་བཅུ་གཉིས་པའི་སྐུ་ལ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པ་གསལ་བཏབ་སྟེ། བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ཏེ་སྐྱབས་འགྲོ་བྱ། མཐར་སྐྱབས་ཡུལ་གྱི་སྐུའི་འཁོར་ལོ་དགེ་འདུན་དཀོན་མཆོག་གི་ངོ་བོར་བཞུགས་པ་འོད་དཀར་པོའི་རྣམ་པས་རང་གཞན་གྱི་སྤྱི་བོར་ཐིམ། དེ་བཞིན་དུ་གསུང་འཁོར་ཆོས་དཀོན་མཆོག་འོད་དམར་པོའི་རྣམ་པས་མགྲིན་པར། ཐུགས་འཁོར་སངས་རྒྱས་དཀོན་མཆོག་འོད་སྔོན་པོའི་རྣམ་པས་སྙིང་གར་ཐིམ། མཐར་བླ་མ་ཧེ་རུ་ཀའང་འོད་དུ་ཞུ་ནས་རང་གཞན་ལ་ཐིམ་པས་འཇའ་ལུས་གཟུགས་ཀྱི་སྐུ་དང་། སེམས་འོད་གསལ་ཆོས་ཀྱི་སྐུར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་དང་བཅས་ཏེ་མཉམ་པར་གཞག །དེ་ནས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། དེ་ཐམས་ཅད་བདེ་མཆོག་འཁོར་ལོའི་གོ་འཕང་ལ་འགོད་པར་བགྱིའོ་སྙམ་པ་སྨོན་པ་དང་། དེའི་ཆེད་དུ་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་གྱིས་


JKT007_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་འཁོར་ལོའི་ཡེ་ཤེས་ཀྱི་སྐུ་བསྒྲུབ་པར་བགྱིའོ་སྙམ་པའི་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། རང་ཐ་མལ་དུ་གནས་པའི་སྤྱི་བོར་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ། ཧཱུྃ་དང་རྡོ་རྗེ་ལས་བླ་མ་དང་གཉིས་སུ་མེད་པའི་དཔལ་ཧེ་རུ་ཀ་ཞལ་བཞི་ཕྱག་བརྒྱད་པ་ཡབ་ཡུམ་གྱི་རྣམ་པར་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་དབང་ལྷ་དང་བཅས་པ་སྤྱན་དྲངས་ནས་དབང་བསྐུར་ཞིང་། ཡབ་ལ་མི་བསྐྱོད་པ་དང་། ཡུམ་ལ་རྣམ་སྣང་གིས་དབུ་བརྒྱན་པར་བསམ། ཡབ་ཀྱི་ཐུགས་ཀར་ཉི་སྟེང་ཧཱུཾ་མཐར་ཧེ་རུ་ཀའི་ཡིག་བརྒྱས་བསྐོར་བ་གསལ་བཏབ་ནས། བདུད་རྩི་འབེབས་སྦྱོང་། བཤགས་སྡོམ། རང་ལ་བསྟིམ་པ་རྣམས་སྤྱི་ལྟར་བྱའོ། །གཉིས་པ་ནི། དགའ་བ་གསུམ་གྱི་རྣལ་འབྱོར་བསྒོམ་པ་སོགས་ཏེ། ཤྲཱི་ཧེ་རུ་ཀ་ཨ་ཧཾ། སོགས་བརྗོད་པས་རང་སེམས་རྣམ་པར་ཐར་པའི་སྒོ་བཞི་དང་དབྱེར་མེད་པའི་དོན་དྲན་པ་ཐུགས་ཀྱི་དགའ་བ། དེའི་ངང་རང་བདེ་མཆོག་ལྷན་སྐྱེས་སུ་གསལ་བ་སྐུའི་དགའ་བ། ལྟེ་བར་ཟླ་དཀྱིལ་ལ་དབྱངས་གསལ་སྔོ་དམར་དཀར་བའི་ཕྲེང་བ་གསུམ་གྱིས་བསྐོར་བ་འོད་ཟེར་ཁ་དོག་ལྔ་ལྡན་ལས་སྣ་བུག་གཡས་ནས་ཐུགས་གསང་སྐུའི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པར་སྤྲོས་ཏེ་སེམས་ཅན་ཐམས་ཅད་འཁོར་ལོ་གསུམ་གྱི་གོ་འཕང་ལ་བཀོད། བགེགས་ཐམས་ཅད་ཚར་


JKT007_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པར་བསམ། སླར་སྣ་བུག་གཡོན་ནས་ཚུར་འདུས་ཏེ་སྔགས་ཕྲེང་ལ་ཐིམ་པར་བསམ་པ་གསུང་གི་དགའ་བའོ། །དེ་ནས་བསོད་ནམས་ཀྱི་ཚོགས་བསག་པའི་སླད་དུ། སྙིང་གར་ཟླ་དཀྱིལ་ལ་ཧཱུཾ་སྔོན་པོ་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བའི་འོད་ཀྱིས་རང་གི་ལུས་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཁྱབ་པས་སྒོ་གསུམ་གྱི་སྡིག་སྒྲིབ་དག་ནས། འོད་ཟེར་ལྷག་མ་བ་སྤུའི་བུ་ག་དང་ཁྱད་པར་སྨིན་མཚམས་གནད་ཀྱི་སྒོ་ནས་ཐོན་པས་གདོད་མ་ནས་གྲུབ་པའི་དཔལ་ཧེ་རུ་ཀ་ཡབ་ཡུམ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་ལ་བླ་མ་རིགས་བདག་གི་རྣམ་པས་དབུར་བརྒྱན་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམས་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་ཕྱི་མཆོད། རིག་མ་བཅུ་དྲུག་གིས་ནང་མཆོད། དེ་རྣམས་ཐིམ་པས་བདེ་ཆེན་ཡེ་ཤེས་སྐྱེད་པ་གསང་མཆོད། དེ་ཁོ་ན་ཉིད་ལ་བློ་བཞག་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ་བཞི་དང་རྐང་བརྒྱད་ཀྱིས་བསྟོད། བདག་ཉིད་ཀྱི་ལུས་འབུལ་བ་དང་རྒྱུན་བཤགས་བྱ། སྤྲོ་ན་རིགས་ལྔའི་སྡོམ་བཟུང་དང་། ཁྱད་པར་གྱི་དམ་ཚིག་བཟུང་། ཡིད་ཀྱི་མོས་གུས་དྲག་པོ་བྱས་པས་ཚོགས་རྟེན་འོད་དུ་ཞུ། རང་གི་སྨིན་མཚམས་ནས་སིབ་ཀྱིས་ཐིམ་པས་རང་དང་དབྱེར་མེད་དུ་གྱུར་པར་བསམས་ལ་སེམས་འཛིན་མེད་ཀྱི་ངང་དུ་ཅུང་ཟད་རེ་མཉམ་པར་གཞག་པ་ནི་འཆི་སྲིད་སྦྱོང་བྱེད་ཡེ་


JKT007_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་ཚོགས་བསགས་པའོ། །གཉིས་པ་དངོས་གཞི་ནི། དེའི་རྐྱེན་གྱིས་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་ལུས་དཀྱིལ་གསལ་གདབ་པ་སྟེ། དེའང་གཞན་དག་ཐོག་མར་སྲུང་འཁོར་དང་གཞལ་ཡས་ཁང་བསྒོམས་ནས། ལུས་དཀྱིལ་གསལ་འདེབས་པའི་ཚེ། ནང་ལུས་ཀྱི་ཆ་ཤས་དེ་དང་དེ་ཕྱིའི་གཞལ་ཡས་ཁང་ལ་ཐིམ་པས་ངོ་བོ་དབྱེར་མེད་དུ་མོས་པར་གསུངས་ཀྱང་། འདིར་ནི་རྐང་པ་བགྲད་པ་རླུང་གི་དཀྱིལ་འཁོར་སོགས་ངོ་བོ་ལུས་ཀྱི་ཆ་ཤས་དེ་དང་དེ་དག །རྣམ་པ་རླུང་དཀྱིལ་སོགས་སུ་བསྒོམ། དེ་ནས་ཕྱི་དབྱིབས་ཀྱི་ལུས་ཉིད་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པར་གསལ་གདབ་སྟེ་བར་སྲིད་སྦྱོང་བྱེད་དོ། །མདོར་ན་ནང་ནས་བལྟས་ན་གཞལ་ཡས་ཁང་དང་། ཕྱི་ནས་བལྟས་ན་ལྷའི་རྣམ་པར་གསལ་བའི་སྙིང་གའི་རྩ་འདབ་བརྒྱད་པའི་དབུས་སུ་རོ་རྐྱང་ཨ་བ་དྷུ་ཏི་གསུམ་འདུས་པའི་དབུས་ཧཱུྃ་གཞོམ་མེད་ཀྱི་ས་བོན་ནང་གི་ཧེ་རུ་ཀ་དང་། རོ་རྐྱང་དབུ་གསུམ་ཕག་མོ། རྩ་འདབ་ཕྱོགས་བཞི་སྙིང་པོའི་རྣལ་འབྱོར་མ། མཚམས་བཞི་བུམ་ཐོད་དེ་བདེ་ཆེན་འཁོར་ལོ། སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིའི་པཱུ་ཛཱ་སོགས་ཀྱི་ཡི་གེ་ཐིག་ལེ་ཟླ་ཕྱེད་དང་བཅས་པ་ཡོངས་སུ་གྱུར་པ་ལས་ལུས་ཀྱི་གནས་དེ་རྣམས་རྩིབས་སྟོང་པའི་འཁོར་ལོའི་རྣམ་པ་དང་། རྩ་རྣམས་དཔའ་བོ་དང་། ཁམས་རྣམས་དཔའ་མོ་ཉེར་བཞི་


JKT007_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཐུགས་གསུང་སྐུའི་འཁོར་ལོ། སྙིང་གའི་ཕྱི་འཁོར་གྱི་རྩ་འདབ་བརྒྱད་ལ་ཧཱུྃ་རིང་པོ་བརྒྱད་སྒོ་མཚམས་མ་བརྒྱད་དེ་དམ་ཚིག་གི་འཁོར་ལོ་རྣམས་གསལ་གདབ། གལ་ཏེ་དབང་པོ་འབྲིང་གིས་དེ་ལྟར་གསལ་མི་ཐེབས་པའམ། དབང་པོ་རང་ཡིན་ཀྱང་ལྷའི་དམིགས་པ་བརྟན་ནས་ཡི་གེ་ལ་བློ་སྦྱང་བར་འདོད་པས། ཧཱུྃ་བཾ་ཚྭ་ཚྭ་ཛྭ་ཏྭཾ། པུ་ཛཱ་སོགས་དང་། ཧཱུྃ་རིང་པོ་བརྒྱད་ཙམ་གསལ་གདབ། དེ་བཞིན་དུ་དབང་པོ་དམན་པས་དེའང་བསྒོམ་མི་ནུས་པའམ། རབ་ཀྱིས་ཡི་གེ་ལ་དམིགས་པ་བརྟན་པས་གནས་དེ་དང་དེར་ལུས་ཀྱི་རྩ་དང་ཁམས་གསལ་བཏབ་པས་ཀྱང་རུང་ངོ་། །གང་ལྟར་ཡང་ལྷ་ཐམས་ཅད་ཆོས་སྐུའི་རང་བཞིན་དུ་ཤེས་པའི་སླད་དུ་སངས་རྒྱས་ཆོས་སྐུའི་ཡོན་ཏན་བྱང་ཕྱོགས་སོ་བདུན་པོ་ལྷ་སོ་བདུན་གྱི་རང་བཞིན་དང་། ལྷ་སོ་བདུན་ཀྱང་བྱང་ཕྱོགས་སོ་བདུན་གྱི་རང་བཞིན་ཅན་ཡིན་སྙམ་དུ་ང་རྒྱལ་བཟུང་། ཨོ་ཞེས་པས་འོག་མིན་ན་བཞུགས་པ་དང་། འཛམ་བུའི་གླིང་ན་བཞུགས་པ་དང་། བདག་གིས་བསྒོམ་པའི་སྐུའི་འཁོར་ལོ་གསུམ་དྲན་པར་བྱ། དེ་བཞིན་དུ་ཨཱཎས་གསུང་འཁོར། ཧཱུྃ་གིས་ཐུགས་འཁོར། སརྦ་བཱི་ར་ཡོ་གི་ནཱིས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད། ཀྭ་ཡས་སྐུ་གསུམ་དང་། ཝཱ་ཀས་གསུང་གསུམ། ཙིཏྟས་ཐུགས་གསུམ་དབྱེར་མི་ཕྱེད་པ། བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉ་ཧཾ་གིས་དཔའ་བོ་དང་རྣལ་འབྱོར་


JKT007_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐམས་ཅད་དབྱེར་མི་ཕྱེད་པའི་བདག་ཉིད་ངའོ་སྙམ་དུ་བསྒོམ། ཨོཾ་བཛྲ་བུདྡྷ་སོགས་ཀྱིས་ཆོས་ཐམས་ཅད་ཐབས་དང་ཤེས་རབ་དབྱེར་མེད་པ་རྡོ་རྗེའི་རང་བཞིན་དུ་དག་ལ། བདག་ཀྱང་དེའི་རང་བཞིན་དུ་དག་གོ་སྙམ་དུ་ང་རྒྱལ་བཟུང་སྟེ་སྐྱེ་སྲིད་སྦྱོང་བྱེད་དོ། །དེ་ནས་ཡབ་ཡུམ་གྱི་གོ་ཆ་དགོད། ཡེ་ཤེས་པ་དགུག་གཞུག་བཅིང་མཉེས་ང་རྒྱལ་བཟུང་། དབང་ལྷ་སྤྱན་དྲང་། ཕྱི་ནང་གི་མཆོད་པས་མཆོད་ཅིང་གསོལ་བ་གདབ། དབང་བསྐུར་བའི་བདུད་རྩིའི་རྒྱུན་གྱིས་ཡབ་ལ་མི་བསྐྱོད། ཡུམ་ལ་རྣམ་སྣང་། སྙིང་བོའི་རྣལ་འབྱོར་མ་བཞི་ལ་མི་བསྐྱོད་པ། ཐུགས་འཁོར་ལ་མི་བསྐྱོད། གསུང་འཁོར་ལ་འོད་དཔག་མེད། སྐུ་འཁོར་ལ་རྣམ་སྣང་། སྒོ་མཚམས་མ་བརྒྱད་ལ་དོན་གྲུབ་ཀྱིས་དབུར་བརྒྱན་པར་བསམ་ཞིང་དབང་ལྷ་བསྟིམ། སྔགས་ཀྱི་མཆོད་པ། ཕྱི་མཆོད། རིག་མ་བཅུ་དྲུག །བདུད་རྩི། རྗེས་ཆགས་རྣམས་ཀྱིས་མཆོད། རྐང་བརྒྱད་ཀྱིས་བསྟོད་པའི་རྗེས་ཐོག་མར་སྙིང་གའི་ཧེ་རུ་ཀ་ཡབ་ཡུམ་ལ་སེམས་བཟུང་། དེ་ལ་ཟིན་པ་དང་དེ་ཉིད་ཧཱུྃ་དང་བཻ་གྱི་ཡི་གེར་བསྒྱུར་ལ་སེམས་བཟུང་། དེ་ཐིག་ལེར་གྱུར་པར་བསམས་ལ་སེམས་བཟུང་། སླར་ཐིག་ལེ་ལས་ཡི་གེ་དང་། དེ་ལས་ལྷར་གྱུར་པར་བསམས་ལ་སེམས་བཟུང་། དེ་ནས་སྙིང་པོའི་རྣལ་འབྱོར་མ་བཞི་པོ་སོགས་ལ་རིམ་པ་བཞིན་དུ་སྔ་མ་ཇི་ལྟ་བར་སེམས་


JKT007_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ལ་ཉམས་སུ་བླང་ངོ་། །བཟླས་པའི་རྣལ་འབྱོར་ལ། སྙིང་གའི་ཧེ་རུ་ཀའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་དམར་སྐྱའི་ནཱ་ད་ལས་རླུང་འགྲོ་བའི་ཚེ་ཧཱུཾ། འཇུག་པ་ཨོཾ། གནས་པ་ཨཱའི་རང་བཞིན་དུ་བསམས་ལ་རྡོ་རྗེའི་བཟླས་པ་དང་། དུང་ཆེན་གྱི་ཕྲེང་བ་སུམྦྷས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཕྲེང་རྡོག་རེ་རེའི་ངོ་བོ་ཡང་སྭཱ་ཧཱ་ཧུ་དམར་པོ་ཡོངས་སུ་གྱུར་པ་ལས་པདྨ་གར་གྱི་དབང་ཕྱུག་དམར་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་པདྨ་དང་ཌ་མ་རུ། གཡོན་གཉིས་དྲིལ་བུ་དང་ཐོད་པ་དང་བཅས་པའི་ཁ་ཊཾ་ག་ཐོགས་པ། ཉི་མ་ལ་གཡས་བརྐྱངས་པས་བཞུགས་པ། ཕྱག་རྒྱ་ལྔས་བརྒྱན་པ། རྨོངས་བྱེད་མ་དམར་མོས་འཁྱུད་པར་གྱུར། ཨོཾ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ༔ ཨོཾ་བཛྲ་ཨ་བྷི་ཥིཉྩམཾ། ཉེར་སྤྱོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། ཨོཾ་པདྨ་ནིརྟེ་ཤྭ་ར་ཧཱུྃ་ཕཊ། ཉེར་གཅིག་བཟླས། ཡབ་ཡུམ་སྙོམས་པར་ཞུགས་ཏེ་འོད་གསལ་དུ་ཞུ་བ་ལས་ཕྲེང་བའི་རྣམ་པར་གྱུར། ཅེས་ཕྲེང་བ་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས། ཡབ་ཡུམ་གྱི་ཐུགས་ཀར་ཟླ་བ་ལ་གནས་པའི་ས་བོན་ཧཱུྃ་དང་། བཻ་གྱི་མཐར་ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་བཀོད་ལ། དེ་ལས་འོད་ཟེར་དང་སྐུ་སྤྲོ་བསྡུས་སེམས་ཅན་གྱི་དོན་བྱས་པར་བསམས་ལ་བཟླ་བ་དམ་ཚིག་གི་བཟླས་པ་དང་། ཡབ་ཀྱི་སྔགས་བཟླས་


JKT007_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། དེའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་། ཡུམ་གྱི་ཞལ་དུ་ཞུགས། གསང་བའི་གནས་བརྒྱུད་དེ་ཡབ་ཀྱི་ཐུགས་ཀར་ཐིམ་པ་དང་། ཡུམ་གྱི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ལྟེ་བ་ནས་བྱུང་། ཡབ་ཀྱི་ལྟེ་བ་ནས་ཞུགས་ཏེ་འཁོར་བས་བདེ་ཆེན་གྱི་ཡེ་ཤེས་སྐྱེས་པར་བསམས་ལ་བཟླ་བ་དོ་ལིའི་བཟླས་པ་སྟེ། བཟླ་བྱའི་སྔགས། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀི་ནི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཅེས་ཡབ་ཡུམ་གྱི་སྙིང་པོ་དང་། ཨོ་ཧཱིཧ་ཧ་ཧཱུྃ་ཧཱུྃ་ཕཊ། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝཎྞ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཅེས་ཉེ་སྙིང་སྟེ། དེ་ལྟར་སྦྲེལ་ལ་བཟླ་ཞིང་། གཞན་ཡང་འཁོར་གྱི་སྔགས་དང་དམིགས་པའི་བྱེ་བྲག་རྣམས་གཞུང་དུ་གསལ་བ་ལྟར་རོ། །བསྙེན་པའི་གྲངས་ཚད་རྒྱས་པ་ལྟར་ན་གཙོ་བོ་ཡབ་ཡུམ་ལ་ཁྲི་ཕྲག་གསུམ་རེ་དང་། འཁོར་ལོ་གསུམ་པོའི་ལྷ་སྔགས་ཁྲི་ཕྲག་གཉིས་གཉིས། བདེ་ཆེན་འཁོར་ལོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་པ་བརྒྱད་ལ་སྟོང་ཕྲག་ཕྱེད་དང་དྲུག་དྲུག །ཡེ་ཤེས་འབེབས་སྔགས་ཁྲི་གཅིག་བཟླ་བ་ཕྱག་ལེན་ཡིན། བསྡུས་པ་བྱེད་ན་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ཉེ་སྙིང་ལ་འབུམ། སྤྱིར་ཨོ་བོ་ཚྭ་ཚྭ་ཛྭ་ཏི་པུ་ཛཱ་སོགས་ཉེར་བཞི་ལ་ཧཱུྃ་བརྒྱད་བཏགས་པ་ཁྲི་གཅིག་བཟླ་བར་གསུངས་སོ། །གསུམ་པ་རྗེས་ནི། ཐུན་ལས་ལྡང་བར་བརྩམ་པ་


JKT007_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ན། མཆོད་ཅིང་བསྟོད་ལ་དགེ་བའི་རྩ་བ་སངས་རྒྱས་ཀྱི་སར་བསྔོ། རང་ཧེ་རུ་ཀ་ཕྱག་གཉིས་པའི་སྐུར་བལྟས་ལ་ལུས་དཀྱིལ་གྱི་གནས་ཉེར་བཞིའི་ལྷ་རྣམས་དེར་ཐིམ་པས་གནས་སོ་སོའི་འཁོར་ལོའི་རྩིབས་སྟོང་པར་ཉི་མའི་དཀྱིལ་འཁོར་ལ། ངོ་བོ་ལྷ་ལ་རྣམ་པ་པུ་ཛ་སོགས་ཀྱི་ཡི་གེ་ཐིག་ལེ་དང་བཅས་པ་བསྒོམ་པའི་གོ་ཆ་ཆེན་པོ་དང་། དཔའ་བོ་དང་དཔའ་མོའི་གོ་ཆས་རྒྱས་གདབ། སེ་གོལ་ཕྱོགས་བཞིར་གཏོགས་པ་དང་སུམྦྷའི་སྔགས་ཀྱིས་བསྲུང་། བྱང་ཆུབ་སེམས་ཀྱི་རྩིས་ཟིན་པས་རང་དང་སྣང་བ་ཐམས་ཅད་བདེ་མཆོག་འཁོར་ལོར་གསལ་གདབ། རྐང་བརྒྱད་ཀྱི་སྔགས་ཀྱིས་བསྟོད་ཅིང་། སྒྲ་གྲགས་ཐམས་ཅད་ཨཱ་ལི་ཀཱ་ལི་དང་ཡི་གེ་བདུན་པའི་སྔགས་སུ་ཤེས་པར་བྱ། དངོས་པོ་ཐམས་ཅད་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་རྒྱས་བཏབ་སྟེ་དགའ་བ་གསུམ་གྱི་རྣལ་འབྱོར་དང་མ་བྲལ་བར་སྤྱོད་ལམ་ལ་འཇུག །ཐུན་མཚམས་སུ་ལག་པའི་མཆོད་པ་སྔོན་དུ་འགྲོ་བས་ཁ་ཟས་ཀྱི་རྣལ་འབྱོར་དང་། སྲོད་ཐུན་གྱི་མཐར་གཏོར་མ་འབུལ། ཞར་བྱུང་གི་རྫོགས་རིམ་བསྒོམ་པར་འདོད་ན། ནང་གི་ཧེ་རུ་ཀའི་ཐུགས་ཀར་ཟླ་བ་ལ་གནས་པའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་མི་ཤིགས་པའི་ཐིག་ལེ་ཡུངས་འབྲུ་ཙམ་མེ་ལོང་གི་གཟུགས་བརྙན་བཞིན་གསལ་བ་ལ་སེམས་རྩེ་གཅིག་ཏུ་གཏད་ཅིང་འཇམ་རླུང་ཁ་སྦྱོར་བཟུང་སྟེ་ཡུན་


JKT007_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རིང་དུ་བསྒོམ། མཐར་ཟླ་བ་ཐིག་ལེ་དང་བཅས་པ་སྙིང་གར་བསྟིམས་ནས་ཧེ་རུ་ཀའི་རྣམ་པ་དྲན་པར་བྱ། ཉལ་བའི་ཚེ་སྣོད་བཅུད་ལྷ་དང་བཅས་པ་སྙིང་གའི་ཧཱུྃ་ལ་བསྡུ། དེའང་འོད་གསལ་དུ་སྦྱངས་ཏེ་སྟོང་པ་ཉིད་ཀྱི་ངང་དུ་བཞག་ལ་གཉིད་ལོག །ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ་སྔར་བཞིན་རྣལ་འབྱོར་ལ་འཇུག་པ་སྟེ། ཐུན་བཞི་བར་མ་ཆད་པ་ཉམས་སུ་བླང་ངོ་། །གཉིས་པ་རྫོགས་པའི་རིམ་པ་ནི། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེས་མཛད་པའི་རིམ་ལྔའི་ཁྲིད་ཡིག་སོགས་ལས་ཤེས་པར་བྱའོ། །དཔལ་ལྡན་འཁོར་ལོ་སྡོམ་པ་ཡི། །རྣལ་འབྱོར་ཅུང་ཟད་གསལ་བྱས་པའི། །དགེ་བས་འགྲོ་ཀུན་ཧེ་རུ་ལཾ་ཀའི། །གོ་འཕང་མཆོག་ལ་རོལ་པར་ཤོག། །།ཅེས་པའི་ཟིན་བྲིས་ཉུང་ངུ་འདིའང་ཁྱབ་བདག་འཁོར་ལོ་སྡོམ་པ་ཞྭ་ལུ་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོ་ལས་ཚུལ་འདིའི་བསྐྱེད་རྫོགས་༧ཀྱི་ཟབ་ཁྲིད་རྫོགས་པར་ནོས་པའི་སྐབས། གསུང་ལས་གང་ཟིན་འགའ་ཞིག་བྱ་བྲལ་བ་མཉྫ་གྷོ་ཥས་རི་ཕུག་ཆོས་ཀྱི་དགའ་ཚལ་དུ་བྲིས་པ་མངྒ་ལཾ་བྷ་ཝ་ཏུ།།


previousདཔལ་འཁོར་ལོ་བདེ་མཆོག་དྲི་བུ་ལུགས་ཀྱི་བསྐྱེད་པའི་རིམ་པའི་ཁྲིད་ཡིག་ཟིན་བྲིས་ཉུང་གསལ།next