Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་དཀར་པོ་ལ་བརྟེན་པའི་ཚེ་སྒྲུབ་ཟབ་པ་བཞི་ལྡན་གྱི་ཁྲིད་ཡིག་མདོར་བསྡུས་བདུད་རྩིའི་སྙིང་པོ།
  expand section
   


 
previousབཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་དཀར་པོ་ལ་བརྟེན་པའི་ཚེ་སྒྲུབ་ཟབ་པ་བཞི་ལྡན་གྱི་ཁྲིད་ཡིག་མདོར་བསྡུས་བདུད་རྩིའི་སྙིང་པོ།next

བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་དཀར་པོ་ལ་བརྟེན་པའི་ཚེ་སྒྲུབ་ཟབ་པ་བཞི་ལྡན་གྱི་ཁྲིད་ཡིག་མདོར་བསྡུས་བདུད་རྩིའི་སྙིང་པོ།


JKT007_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་དཀར་པོ་ལ་བརྟེན་པའི་ཚེ་སྒྲུབ་ཟབ་པ་བཞི་ལྡན་གྱི་ཁྲིད་ཡིག་མདོར་བསྡུས་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།


JKT007_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཙཀྲ་སམྦ་རཱ་ཡ། བདེ་ཆེན་རྟག་པ་དམ་པའི་ཐིག་ལེ་ནི། །ཤེས་རབ་དཔྱིད་ཀྱི་དཔལ་མོར་རྗེས་ཆགས་པས། ཟུང་འཇུག་འཆི་མེད་གྲུབ་པའི་མཆོག་སྦྱིན་པ། །བླ་མ་ཧེ་རུ་ཀ་དཔལ་ལ་བཏུད་ནས། །གང་དེའི་བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་གྱིས། །རིང་འཚོའི་ཚེ་ཡི་དཔག་བསམ་རབ་རྒྱས་པར། །ཐར་པ་ཆེན་པོའི་འབྲས་བུས་དུད་པའི་སླད། །ལེགས་བཤད་ཟིལ་དངར་སྙིང་པོ་ཅུང་ཟད་དབྱེ། །དེ་ལ་དཔལ་འཁོར་ལོ་བདེ་མཆོག་དཀར་པོའི་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྟེན་ནས་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་པའི་ཚུལ་སྙིང་པོར་དྲིལ་ཏེ་འཆད་པ་ལ་གཉིས། ཐུན་མོང་སྒོམ་བཟླས་ཇི་ལྟར་བྱ་བའི་ཚུལ་དང་། ཁྱད་པར་ཚེ་སྒྲུབ་ཟབ་པ་བཞི་ལྡན་དུ་ཉམས་སུ་བླང་བའི་


JKT007_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ལོ། །དང་པོ་ནི། གནས་དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་བཅས་པས་འཁོད་དེ། རྣལ་འབྱོར་བླ་མེད་ཀྱི་སྒྲུབ་ཐབས་སྤྱི་ལྟར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱས་ཏེ། ཨོ་ཤཱནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉ་ཧཾ། སྟོང་པ་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ང་ཡིན་ཞེས་དྲན་པར་བྱས་ལ། དེའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་རེ། ལོགས་ཐམས་ཅད་རྡོ་རྗེའི་ར་བ་དང་དྲ་བ། འཁོར་ཡུག་ཐམས་ཅད་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་ཁྱབ་པའི་སྲུང་


JKT007_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཁོར་ལོ། དེའི་དབུས་སུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་དཀར་པོ་ལས་ཁ་ཊཾ་ག་དཀར་པོ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་ཡེ་ཤེས་སྤེལ། ཚུར་འདུས་ཤིང་ཡོངས་སུ་གྱུར་པ་ལས་བདག་ཉིད་བདེ་མཆོག་འཁོར་ལོ་སྐུ་མདོག་སྟོན་ཟླ་དྭངས་པ་ལྟར་དཀར་བ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡོན་འཆི་བདག་གི་བདུད་ལས་རྣམ་པར་རྒྱལ་བའི་ཁ་ཊཾ་ག་དང་། གཡས་བདེ་བ་སྐྱོང་བའི་ཐོད་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བ་འཛིན་པས་ཡབ་ཡུམ་གྱི་ཞལ་གཅིག་ཏུ་བསྲེ་བར་བྱེད་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་ཚུལ་གྱིས་གདན་ལ་བཞུགས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེ། མཚོགས་མ་ལ་ཟླ་ཚེས། སྐྲ་མཚམས་ལ་རྡོ་རྗེའི་ཕྲེང་བ་དར་དཔྱངས་དང་བཅས་པས་སྤྲས་པ། རང་འདྲའི་ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པ། དེའི་དཔྲལ་བར་ༀ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས། དཔའ་བོ་མཁའ་འགྲོ་ཐམས་ཅད་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲང་། ཕོ། ཛཧཱུྃ་བཾ་ཧོས་དགུག་གཞུག་བཅིང་མཉེས་བྱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་འཆང་ཆེན་པོས་དབུ་བརྒྱན་པར་གྱུར། དེ་ལྟ་


JKT007_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ལྷ་སྐུ་ལ་སེམས་གཏད་དེ། རང་ཉིད་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་སྐུ་སྣང་ལ་རང་བཞིན་མེད་པ་གསལ་ཞིང་དྭངས་ལ་རྙོགས་པ་མེད་པ་ཞེས་ཡིད་བཟླས་བྱ་ཞིང་གསལ་གདབ། དེ་ནས་རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་ཧཱུྃ་དཀར་པོ། དེའི་མཐའ་སྐོར་དུ་ཨོ་ཨ་མཱ་ར་ཎི་ཛཱི་ཝནྟི་ཤྲཱི་ཙཀྲ་སམྦ་ར་སྭཱ་ཧཱ། །ཞེས་པའི་སྔགས་ཕྲེང་བདུད་རྩིའི་རང་བཞིན་ཁ་དོག་དཀར་པོ། དེ་ལས་ཚེའི་ཟིལ་དངར་ཟླ་བའི་འོད་ཟེར་ལྟ་བུ་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཀྱི་བདུད་རྩིས་གང་བར་བསམ་ཞིང་། སྔགས་སྟོང་ཕྲག་ལས་མི་ཉུང་བའི་བཟླས་པ་བྱ། མཐར་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། སེམས་ཅན་རྣམས་ལ་ཕོག་པས་དེ་ཐམས་ཅད་མཆོད་ཡོན་མ་ལ་སོགས་པའི་མཆོད་པའི་ལྷ་མོར་གྱུར་ཏེ། ཨོཾ་བཛྲ་ཧེ་རུ་ཀ་ཝཱ་རཱ་ཧཱི་བཛྲ་ཨགྷཾ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཙྪཱཧཱུྃ། དེ་བཞིན་དུ། པཱདྷཾ། པུཊྚེ། དྷུ་པེ། ཨཱ་ལོ་ཀེ། གྷནྡྷེ། ནེ་ཝིད། །ཤརྡ་སོགས་ཨགྷཾ་གྱི་ཚབ་ཏུ་བཅུག་པས་ཕྱི་མཆོད་དང་། ཡེ་ཤེས་ཀྱི་ཀཱ་པཱ་ལའི་ནང་དུ་ཆང་ལ་སོགས་པ་ཨོ་ཨཱ༔ཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ནས། སླར་ཡང་འབྲུ་གསུམ་གྱིས་ཕུལ་ལ་ནང་མཆོད་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མེ། ཞེས་པས་གསང་མཆོད། མཆོད་བྱ་མཆོད་བྱེད་སོགས་འཁོར་


JKT007_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་རྣམ་པར་རྟོག་པ་དང་བྲལ་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ། དེ་ལྟར་གང་དུའང་རྣམ་པར་མི་རྟོག་པ་ལ་བཞག །མཐར། དགེ་བ་འདི་ཡིས་མྱུར་དུ་བདག །བདེ་མཆོག་འཁོར་ལོ་འགྲུབ་གྱུར་ནས། ། སོགས་གྱི་སྨོན་ལམ་གདབ། སྣོད་བཅུད་ཐམས་ཅད་ཐུགས་ཀའི་ཧཱུྃ་ལ་བསྡུས་ནས་ཉལ། ཐོ་རངས་ཧཱུྃ་ཞེས་པས་བདེ་མཆོག་ཡབ་ཡུམ་དུ་ལྡང་བར་བྱས་ལ། སླར་ཡང་རྣལ་འབྱོར་གྱི་རིམ་པ་ལ་འཇུག་གོ། །།གཉིས་པ་ནི། འདིའི་ཚེ་སྒྲུབ་ཐུན་མོང་མ་ཡིན་པ་ཟབ་པ་བཞི་ལྡན་གྱི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་ན། དང་པོ་ཕྱིའི་ཚེ་སྒྲུབ་ཟབ་མོ་ནི་བདེ་མཆོག་ཡབ་ཡུམ་གྱི་མངོན་རྟོགས་གོང་ལྟར་བསྒོམས་ཏེ། དང་པོ་བཀོད་པ་ལ་སོགས་པའི་སྒྲ་བཅས་ཀྱི་བཟླས་པ་ཞག་བདུན་བྱ། དེ་ནས་ཅུང་ཟད་དུབ་པའམ། མ་དུབ་ཀྱང་བོགས་དབྱུང་བར་འདོད་པས་ཤུབ་བུའི་བཟླས་པ་ཞག་བདུན་ནམ་བདུན་ཕྲག་གཉིས་བྱ། དེ་ལྟར་བྱས་པས་ཁྲུས་བྱས་པ་དང་གོས་བཟང་པོ་གོན་པ་སོགས་སྡིག་པ་འདག་པ་དང་། ཡོན་ཏན་ཐོབ་པའི་མཚན་མ་ཅི་རིགས་པ་དང་། ཁྱད་པར་དངོས་གྲུབ་ཐོབ་པའི་མཚན་མ་ཆང་དང་འོ་མ་ལ་སོགས་པ་བདུད་རྩི་ཡིན་ཟེར་བ་འཐུང་བ་རྨི་ལམ་དང་ཉམས་སྣང་ལ་སོགས་པར་འབྱུང་ལ། དེ་ལྟར་མ་བྱུང་བའམ། བྱུང་ཡང་བོགས་དབྱུང་བར་འདོད་པས། རང་བདེ་མཆོག་དཀར་པོ་ཡབ་ཡུམ་དུ་བསྒོམས་པ་དེའི་ཐུགས་ཀར་


JKT007_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་དཀར་པོ། དེའི་མཐའ་སྐོར་དུ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཤྲཱི་ཙཀྲ་སམྦ་ར་སྭཱ་ཧཱ། ཞེས་རྩ་སྔགས་དང་། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ཞེས་པའམ། ཨོ་ཧཱིཧ་ཧ་ཧུཾ་ཧཱུྃ་ཕཊ། ཅེས་པས་བསྐོར་བར་བསམ། རང་གི་མདུན་དུ་ཡེ་ཤེས་ཀྱི་བདེ་མཆོག་དཀར་པོ་ཡབ་ཡུམ་མངོན་རྟོགས་ལྟར་གསལ་བཏབ་ལ། དེའི་ཐུགས་ཀར་ཡང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གོང་གི་ཨོ་ཨ་མཱ་ར་ཎི་སོགས་རྩ་སྔགས་དང་། ཡི་གེ་ཉེར་གཉིས་པའམ། ཡི་གེ་བདུན་པའི་སྔགས་ཕྲེང་གསལ་བར་བསྒོམ། ལུས་གནད་ལེགས་པར་བཅའ། གདོང་ཅུང་ཟད་གཏོད། ། མིག་ཟིམ་བུར་བྱས། རང་གི་སྣའི་ཐད་ཙམ་དུ་མདུན་གྱི་བདེ་མཆོག་གི་ཐུགས་ཀ་འོང་བ་ཙམ་བསམ་སྟེ། རླུང་ནང་དུ་འདྲེན་པའི་སྦྱོར་བས། སྲོག་ཅེས་པ་འདིར་སྟེང་སྒོའི་རླུང་དང་། དེའི་ཟླས་ཕྱེ་བའི་རྩོལ་བ་བྱ་བ་སྣ་ཚོགས་ལ་འཇུག་པའི་རྣམ་པར་རྟོག་པ་རྣམས་ནང་དུ་བསྡུས། ལྷའི་ཐུགས་ཀའི་ཟླ་བ་སྔགས་ཕྲེང་དང་བཅས་པ་རླུང་ནང་དུ་འཇུག་པ་དང་ལྷན་ཅིག་བཅུག་ནས། རང་གི་སྙིང་གའི་ཟླ་བ་ལ་བཞག །ཚེ་དང་བསོད་ནམས་ལ་སོགས་པའི་དངོས་གྲུབ་དང་ཡོན་ཏན་ཐམས་ཅད་བདག་ལ་གནས་པར་བྱས་ཏེ། སྲོག་རྩོལ་དྲག་ཏུ་བསྡམས་ལ། ཡིད་བཟླས་དང་ཡིག་འབྲུ་ལ་རྩེ་གཅིག་ཏུ་དམིགས་ནས་སྔགས་ཡིད་ཀྱིས་


JKT007_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ། དེའི་ཚེ་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཚེ་དང་ཡེ་ཤེས་ལ་སོགས་པ་བདུད་རྩི་འོ་མའི་རྒྱུན་ནམ། ཧཱུྃ་ཡིག་གི་རྣམ་པ་ཅན་དུ་སྟེང་འོག་བར་གསུམ་ལ་སོགས་པ་ཕྱོགས་ཐམས་ཅད་ནས་བྱོན་ཏེ། རང་གི་སྙིང་གའི་ཟླ་བ་ཡིག་འབྲུ་དང་བཅས་པ་ལ་ཐིམ་པར་བསམ་ཞིང་། བཟླས་པ་ཚིག་དང་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་བྱ། དེ་ནས་རླུང་ཕྱིར་འགྲོ་བ་ན་རང་ལ་མདུན་གྱི་ཡི་དམ་གྱི་ཡོན་ཏན་མཐའ་དག་སྡུད་པའི་ཕྱིར་དེའི་ཐུགས་ཀར་བཏང་བར་བྱ་སྟེ། སླར་ནང་དུ་འཇུག་པ་ན་སྔར་བཞིན་བསྒོམ། མཐར་མདུན་གྱི་ཡབ་ཡུམ་ཡང་རང་ལ་བསྟིམས་ལ། རང་ང་རྒྱལ་དེ་ཉིད་ལ་གནས་པའམ། འོད་གསལ་དུ་སྡུད་པ་སྐབས་དང་སྦྱར་རོ། །དེ་ལྟར་ཐུན་དུ་བཅད་ནས་སྒོམ་བཟླས་ཟླ་བ་གཅིག་བྱའོ། །གཉིས་པ་ནང་གི་ཚེ་སྒྲུབ་ཟབ་མོ་ནི། རང་སྔར་ལྟར་བདེ་མཆོག་ཡབ་ཡུམ་དུ་བསྒོམས་ཏེ། ལུས་གནད་བཅས་ལ་རླུང་རོ་བསལ་ཏེ་རླུང་ཕྱིར་ལྡང་བ། ནང་དུ་འཇུག་པ། ནང་ཉིད་དུ་གནས་པ་གསུམ་ལ་མ་ཡེངས་པར་ཡིད་གཏད་དེ་རང་བཞིན་གྱི་རྡོ་རྗེའི་བཟླས་པ་བྱ། དེ་ལྟར་བརྟན་པ་ན། རླུང་ནང་དུ་འཇུག་པ་ཨོཾ་གྱི་གདངས་ཅན། ནང་དུ་གནས་པ་ཨཱཡི་གདངས་ཅན། ཕྱིར་འགྲོ་བ་ཧཱུྃ་གི་གདངས་ཅན་ལ་སེམས་གཏད་དེ་སྔགས་ཀྱི་རྡོ་རྗེའི་བཟླས་པ་བྱ། དེ་ལ་བརྟན་པ་ན། ཨོ་སྐུའི་རང་བཞིན། ཨཱགསུང་གི་རང་བཞིན། ཧཱུཾ་ཐུགས་ཀྱི་


JKT007_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དུ་དྲན་པར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བཟླས་པ་བྱ། དེ་ལ་བརྟན་པ་ན། ཨོཾ་བདུད་རྩི་ཟླ་བ་འཛག་པ། ཨཱཡེ་ཤེས་ཉི་མ་འབར་བ། ཧཱུྃ་ཟུང་འཇུག་སྒྲ་གཅན་དུ་ཤེས་པར་བྱས་ལ། རང་གི་ལུས་ཀྱི་ནང་དུ་ཡེ་ཤེས་ཀྱི་བདུད་རྩི་འབར་འཛག་ཟུང་དུ་འཇུག་པས་སྒོ་གསུམ་གྱི་སྙིགས་མ་ཐམས་ཅད་སྦྱངས་ཏེ། འཇའ་ལུས་རྡོ་རྗེའི་སྐུ་འཆི་བ་མེད་པའི་གནས་ཐོབ་པར་བསམ་མོ། །གསུམ་པ་གསང་བའི་ཚེ་སྒྲུབ་ཟབ་མོ་ནི། རླུང་དང་གཏུམ་མོ་ལ་དྲོད་ཐོབ་ཅིང་ལས་སུ་རུང་བས། ཐོག་མར་ཡིད་རིག་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བསླབ་ཅིང་། དེ་ནས་བླ་མ་དང་ལྷག་པའི་ལྷས་ལུང་བསྟན་པའི་པདྨ་ཅན་གྱི་རིག་མ་ལས་ཀྱི་ཕྱག་རྒྱ་ལ་བསླབ་པར་བྱ་སྟེ། གང་ལྟར་ཡང་རང་དང་རིག་མ་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་གསལ་སྣང་ལྷག་པར་བརྟན་པས་ཡབ་ཡུམ་གྱི་བཞིན་རས་མཆོག་ཏུ་མཛེས་ཤིང་ཡིད་དུ་འོང་བ་སོགས་སྐྱེ་སི མཆེད་ཕུན་སུམ་ཚོགས་པ་ལ་ཕན་ཚུན་ཆགས་པའི་ཟུར་མིག་གཡོ་བས་བལྟས་པས་བདེ་བ་སྐྱེས་པ་ན། སྟོང་ཉིད་ཀྱི་ལྟ་བས་རྒྱས་བཏབ་སྟེ་བལྟ་བའི་ཆགས་པ་ལམ་དུ་བྱ། དེ་ནས་འཛུམ་ཞིང་དགོད་པ་དང་། ཀུ་རེ་རྩེ་འཇོ་དང་། ཆགས་པའི་གཏམ་སྣ་ཚོགས་སྨྲ་བས་བདེ་བ་སྐྱེས་པ་ན། མཉམ་ཉིད་ཀྱི་ལྟ་བས་རྒྱས་བཏབ་སྟེ་དགོད་པའི་ཆགས་པ་ལམ་དུ་ཁྱེར། དེ་ནས་ཀ་ར་དང་སྦྲང་རྩི་ལ་སོགས་པའི་རོ་ཞིམ་ཕན་ཚུན་


JKT007_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་ཟ་ཞིང་། ལྕེ་མཆུ་ཡང་ཡང་འཇིབས་པ་དང་། འོ་བྱེད་པ་དང་། ནུ་མ་ཉེད་པ་དང་། མཁུར་བཤུད་པ་དང་། ལག་པ་བསྡམ་པ་ལ་སོགས་པ་སྦྱོར་བར་འདོད་པའི་བརྡ་སྣ་ཚོགས་བྱས་པས་བདེ་བ་ཆེན་པོ་སྐྱེས་པ་ན། བརྗོད་མེད་ཀྱི་ལྟ་བས་རྒྱས་བཏབ་སྟེ་ལག་བཅངས་ཀྱི་ཆགས་པ་ལམ་དུ་བྱ། དེ་ནས་ཡབ་ཀྱི་གསང་གནས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནོར་བུ་དམར་པོ་ལྟེ་བར་པོ་ཡིག་བདུད་རྩིའི་སྙིང་པོ་དང་། རྩེ་མོར་ཨོཾ་ཡིག་ཟླ་བ་ཤར་བས་མཚན་པ། ཡུམ་གྱི་མཁའ་ཨཱལས་པདྨ་འདབ་མ་གསུམ་པ་ཕྱི་དཀར་ལ་ནང་དམར་བའི་ཟེའུ་འབྲུ་ཉི་མ་སྟོང་གི་གཟི་བརྗིད་འབར་བ་ཨེ་གྲུ་གསུམ་མེ་ཐབ་ཀྱིས་མཚན་པར་བསམས་ལ། ཡབ་ཀྱི་རྡོ་རྗེ་ནོར་བུ་འགྲེང་བའི་མཐར་ཐུག་པར་གསོར་ཏེ། པདྨའི་འཛུམ་ལ་བསྣུན་པའི་ཚེ། དང་པོར་དམ་ཞིང་དོག་པ་སྲ་བས་སངས་རྒྱས་སྤྱན་མའི་བདེ་བ། དེ་ནས་བསྲུབས་པས་པདྨ་རླན་ཞིང་གཤེར་བའི་ཟིལ་པ་འཛག་པ་ཆུ་མཱ་མ་ཀཱིའི་བདེ་བ། དེ་ནས་བསྲུབས་པས་པདྨ་དྲོད་རབ་ཏུ་འབར་བ་མེ་གོས་དཀར་མོའི་བདེ་བ། དེ་ནས་རྡོ་རྗེས་བསྲུབས་པས་པདྨ་བདེ་བ་རབ་ཏུ་རྒྱས་པས་ཀུན་ཏུ་གཡོ་ཞིང་བསྐྱོད་པ་རླུང་དམ་ཚིག་སྒྲོལ་མའི་བདེ་བ་བསྐྱེད་དེ། རྩ་སྦུབས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་གཡོས་པས་རྡོ་རྗེ་བུམ་པའི་ནང་དུ་བྱང་ཆུབ་ཀྱི་སེམས་ཆ་བཅོ་ལྔ་པའི་ཟླ་བའི་དཀྱིལ་


JKT007_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱིས་ལེགས་པར་གང་སྟེ། རྡོ་རྗེའི་རྩེ་མོའི་ཨོ་ཡིག་ཟླ་བ་འབུམ་ཕྲག་ཤར་བ་ལྟ་བུ་དང་། པདྨའི་ཟེའུ་འབྲུའི་ཨེ་ཡིག་གམ་ཨཱཡིག་ཉི་མ་བྱེ་བ་ལྟ་བུའི་ཉི་ཟླ་གཉིས་འཕྲད་པས་བདེ་ཟུག་ཚད་མེད་པ་སྐྱེས་ཏེ་ཡབ་ཡུམ་གཉིས་བཟོད་པར་དཀའ་བའི་ཆགས་པ་དྲག་པོ་སྐྱེས་པ་ན། རང་གི་རླུང་གི་ནུས་པ་དང་སྦྱར་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེ་མོ་སོགས་ལས་ཕྱིར་མི་འདའ་བའི་བརྟུལ་ཞུགས་ཀྱི་འོག་སྒོ་བསྡམ། ཞྭ་བཞི་བསྒྲིམ། ལྕེ་རྐན་ལ་སྦྱར། མིག་གྱེན་ལ་ལྡོག །སྟོབས་ཀྱི་ཤུ་དྲག་ལ་རིང་བས་ཐིག་ལེ་ལྡོག་སྟེ། སེང་གེ་རྣམ་རོལ་ལ་སོགས་པས་ལུས་ཐམས་ཅད་བུད་པ་ལྟར་འདར་ཞིང་སྤྲུགས་པས་ཐིག་ལེ་ལུས་ཐམས་ཅད་ལ་ཁྱབ་པར་དགྲམ་ཞིང་། རྣམ་པར་མི་རྟོག་པའི་ལྟ་བས་རྒྱས་བཏབ་སྟེ་ཁ་སྦྱོར་གཉིས་འཁྱུད་ཀྱི་ཆགས་པ་ལམ་དུ་བྱ། དེ་ལྟར་ཉམས་སུ་བླངས་པས་དབང་བཞི་ཐོབ། སྒྲིབ་པ་བཞི་དག ། དགའ་བ་བཞི་སྐྱེས། སྐུ་བཞི་མངོན་དུ་འགྱུར་བ་ཡིན་ནོ། །དེ་ལྟ་བུའི་གསར་བའི་ཚེ་སྒྲུབ་ཞག་རེ་ལ་ཐུན་བཞིར་བྱས་པའི་ཐུན་རེ་ལ་ལན་བཞིའམ་བརྒྱད་དམ་བཅུ་དྲུག་གམ་སོ་གཉིས་རེ་ལོ་ཟླར་ཉམས་སུ་བླངས་ན་ནད་གདོན་ཞི་བ་དང་། ཚེ་ཤིན་ཏུ་རིང་བ་དང་། ཕྱི་མ་རིག་པ་འཛིན་པའི་མཁའ་སྤྱོད་ཀྱི་གནས་མཆོག་ཏུ་སྐྱེ་བར་འགྱུར་རོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་ཚེ་སྒྲུབ་ཟབ་མོ་ནི། ཕྱག་རྒྱ་ཆེན་མོའི་སྦྱོར་བ་སྟེ། ཐུན་


JKT007_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་ལ་ལྟ་བ། དགོད་པ། ལག་བཅངས་དང་། གཉིས་སྦྱོར་གྱི་བདེ་བ་ཆེན་པོ་བསྐྱེད་པའི་བར་སྔར་ལྟར་བྱས་ལ་ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་། ཡུམ་པདྨའི་སྐྱིལ་ཀྲུང་བཅས་ཏེ། དང་པོར་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ཡུན་རིང་དུ་བསྒོམ་ཞིང་སྐྱེ་འཆིའི་རྣམ་པར་རྟོག་པ་དང་འཛིན་པ་ཐམས་ཅད་བཟློག །དེ་ནས་མཉམ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་ལ་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ཡང་བཟློག །དེ་ནས་བརྗོད་མེད་ཀྱི་ཏིང་ངེ་འཛིན་བསྒོམས་ཏེ་མཉམ་ཉིད་ཀྱི་འཛིན་པའང་བཟློག །དེ་ནས་གང་དུའང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམས་པས་བརྗོད་མེད་ཀྱི་འཛིན་པའང་བཟློག་སྟེ། ཞེན་འཛིན་གྱི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས། གང་གང་མི་སྨོན་ཞིང་མི་བསམ། གང་དུའང་མི་དཔྱད་ཅིང་མི་སྒྲུབ། ཅི་ཡང་ཡིད་ལ་མི་བྱ་བར་ཁྱབ་གདལ་ལྷུག་པ་ཆེན་པོའི་ངང་ལ་གཞག་པར་བྱའོ། །ཞར་བྱུང་བོགས་འདོན་ནམ་མཁའི་བཅུད་ལེན་པའི་སྦྱོར་བ་ནི། ཐོ་རངས་ཀྱི་ཐུན་གྱི་མཐར། ནམ་ལངས་ཙམ་གྱི་དུས་སུ་ནམ་མཁའ་རྒྱ་ཆེན་པོ་མཐོང་བའི་གནས་སུ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ཁ་ཅུང་ཟད་གདངས་པའི་ནང་དུ་མདུན་གྱི་ནམ་མཁའ་ཐམས་ཅད་སྔོན་ཡུན་ཡུན་སྔོ་ཆིལ་ཆིལ་ཞུགས་ནས་ལྟོ་བ་སྔོ་མེར་གྱིས་ཁེངས་པར་བསམས་ལ། རླུང་ཁ་ནས་རྡུབས། དེ་ལྟར་ཡང་ཡང་བྱས་ལ་མཐར་སེམས་ནམ་མཁའ་དང་བསྲེས་ལ་


JKT007_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུག་པར་གཞག་གོ །དེའི་ཚེ་ཕྱི་རོལ་གྱི་གཡེང་རྐྱེན་བྱུང་ན། གཟུགས་ཐམས་ཅད་སྣང་སྟོང་། སྒྲ་ཐམས་ཅད་གྲགས་སྟོང་། དྲི་ཐམས་ཅད་ཚོར་སྟོང་། རོ་ཐམས་ཅད་མྱོང་སྟོང་། རེག་བྱ་ཐམས་ཅད་རེག་སྟོང་དུ་ཤེས་པར་བྱས་ཏེ་གཟུགས་སོགས་ཀྱི་གཡེང་རྐྱེན་དང་། རང་གི་སེམས་ཉིད་ནམ་མཁའ་སྟོང་པ་དང་བསྲེས་ཏེ་རྣམ་དབྱེར་མེད་པའི་ངང་ལ་གཞག་གོ །གང་ཚེ་དཔྱིད་ཀྱི་དཔལ་མོ་རྒྱས་པ་ན། ། སྣོད་བཅུད་མཛེས་པའི་ཕུན་ཚོགས་དར་བབས་བྱེད། །རྣལ་འབྱོར་ཟབ་མོའི་བདེ་བའི་མཐུ་གྲུབ་པས། །ཚེ་དང་ཡེ་ཤེས་ལང་ཚོ་ཅིར་ཡང་བདོ། །དེ་ཕྱིར་འཁོར་ལོ་སྡོམ་པས་རྗེས་བཟུང་བ། །འཇིགས་བྲལ་གསང་བ་བྱིན་གྱི་མན་ངག་མཆོག །ཅུང་ཟད་གསལ་བར་བཀོད་པའི་བསོད་ནམས་ཀྱིས། །འགྲོ་ཀུན་འཆི་མེད་རྟག་པ་ཉིད་གྱུར་ཅིག། །།ཅེས་པའང་ཀུན་མཁྱེན་བོ་དོང་པ་ཆེན་པོ་འཇིགས་བྲལ་དབྱངས་ཅན་དགའ་བའི་ཞལ་སྔ་ནས་ཉེ་བར་འོངས་པའི་གདམས་ཟབ་གྲུབ་པའི་ཞལ་ལུང་བཞིན་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།


previousབཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་དཀར་པོ་ལ་བརྟེན་པའི་ཚེ་སྒྲུབ་ཟབ་པ་བཞི་ལྡན་གྱི་ཁྲིད་ཡིག་མདོར་བསྡུས་བདུད་རྩིའི་སྙིང་པོ།next