Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
ནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་མཁའ་སྤྱོད་ལམ་བཟང་ལ་ཉེར་མཁོའི་ལྷན་ཐབས་མཁའ་སྤྱོད་གྲུབ་སྟེར།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་མཁའ་སྤྱོད་ལམ་བཟང་ལ་ཉེར་མཁོའི་ལྷན་ཐབས་མཁའ་སྤྱོད་གྲུབ་སྟེར། next

ནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་མཁའ་སྤྱོད་ལམ་བཟང་ལ་ཉེར་མཁོའི་ལྷན་ཐབས་མཁའ་སྤྱོད་གྲུབ་སྟེར།


JKT007_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་མཁའ་སྤྱོད་ལམ་བཟང་ལ་ཉེར་མཁོའི་ལྷན་ཐབས་མཁའ་སྤྱོད་གྲུབ་སྟེར་ཞེས་བྱ་བ་བཞུགས་སོ། །འཁོར་ལོའི་མགོན་པོ་རྣལ་འབྱོར་མར། །བཏུད་ནས་དེ་ཡི་སྒྲུབ་ཐབས་དང་། །རྗེས་འབྲེལ་ཉེར་མཁོའི་གདམས་པ་ལ། །དང་པོ་རྡོར་སེམས་བསྒོམ་བཟླས་ནི། །སྐྱབས་སོང་བྱང་ཆུབ་སེམས་བསྐྱེད་རྗེས། །རང་གི་སྤྱི་བོར་པད་ཟླར་རྡོ་རྗེ་སེམས། །རབ་དཀར་རྡོ་རྗེ་དྲིལ་འཛིན་སྙེམས་མ་དཀར། །གྲི་ཐོད་འཛིན་པའི་ཡུམ་དང་མཉམ་པར་སྦྱོར། །དར་དང་རུས་པའི་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། ། ཡབ་ཀྱི་ཐུགས་ཀར་ཟླ་སྟེང་ཧཱུྃ་དཀར་པོ། །དེ་ལས་འོད་འཕྲོས་དེ་བཞིན་གཤེགས་ཀུན་གྱི། །བྱིན་རླབས་ཡེ་ཤེས་བདུད་རྩི་སྤྱན་དྲངས་ཐིམ། །བླ་མ་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །བདག་སོགས་འགྲོ་


JKT007_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྡིག་ལྟུང་སྦྱང་མཛད་གསོལ། །ཧཱུྃ་ལས་བདུད་རྩིའི་རྒྱུན་བབས་རང་ཉིད་ཀྱི། །སྤྱི་གཙུག་ནས་ཞུགས་ནད་གདོན་སྡིག་སྒྲིབ་ཀུན། །ཡོངས་སུ་སྦྱངས་ཏེ་ལུས་ཀུན་གང་བར་གྱུར། །ཅེས་བརྗོད་སྟོབས་བཞིའི་གནད་དང་བཅས། །ཡི་གེ་བརྒྱ་པ་ཅི་ནུས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཆེ་ཆེན་པོའི་བངག་ཉིད་ཅན། འགོ་བའི་གཙོ་ལ་བདག་སྐྱབས་མཆི། །གསང་གསུམ་རྩ་བ་ཡན་ལག་གི །དམ་ཚིག་ཉམས་ཆགས་མཐོལ་ཞིང་བཤགས། །སྡིར་ལུས་བྱང་ཞིང་དག་མཛད་གསོལ། །རྡོར་སེམས་འོད་ཞུ་རང་ལ་ཐིམ། །རང་ལུས་དག་པའི་ཤེས་ལྟར་བསམ། །གཉིས་པ་ཐུན་མོང་མ་ཡིན་པའི། །བླ་མའི་རྣལ་འབྱོར་བསྒོམ་པ་ནི། །མདུན་གྱི་ནམ་མཁར་ཡེ་ཤེས་གཞལ་མེད་ཁང་། །དེ་དབུས་སེང་ཁྲི་པད་ཟླ་ཉི་མའི་སྟེང་། །རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་ཆོས། །དམར་གསལ་རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །མཐའ་བསྐོར་པད་ཟླར་བརྒྱུད་པའི་བླ་མ་རྣམས། །དཔའ་བོ་རྡོ་རྗེ་ཆོས་ཀྱི་རྣམ་པར་བཞུགས། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས། །འོད་འཕྲོས་སྐྱབས་ཡུལ་ཐམས་ཅད་སྤྱན་དྲངས་ཐིམ། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོར་གྱུར། །སྐྱབས་ཀུན་


JKT007_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཞལ་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མོས་གུས་དྲག་པོས་གསོལ་བཏབ་ནས། །རང་གི་སྙིང་ག་ནས་འཕྲོས་པའི། །ལྷ་མོའི་ཚོགས་ཀྱིས་མཆོད་པར་བསམ། །ཕྱི་མཆོད་ཉེར་སྤྱོད་ནང་མཆོད་བདུད་རྩིའི་སྤྲིན། །གསང་བ་སྙོམས་འཇུག་བདེ་སྟོང་དེ་ཁོ་ན། །འཁོར་གསུམ་དམིགས་མེད་ཕྱག་རྒྱ་ཆེན་པོ་ཡིས། །རྩ་བརྒྱུད་བླ་མའི་ཚོགས་རྣམས་མཆོད་པར་བགྱི། །ཁྱད་པར་ནང་གི་ཚོགས་མཆོད་ནི། །རང་སེམས་རྣལ་འབྱོར་མ་དཔལ་མཁའ་ལ་ཐོན། །ཕྱག་གཡས་གྲི་གུག་ཕུང་པོའི་སྨིན་མཚམས་སུ། །རེག་པ་ཙམ་གྱིས་ཐོད་པ་ལིང་གིས་གོག །ཐོད་པའི་སྒྱེད་པུ་གསུམ་གྱི་ཁར་བཞག་པས། །སྟོང་གསུམ་དང་མཉམ་ཡངས་པའི་སྣོད་གྱུར་ནང་། །རྐང་གཡོན་ནས་བརྩམས་དུམ་བུར་གཏུབ་སྟེ་བླུགས། །ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿཋབརྗོད་པས། །ཡེ་ཤེས་མེ་འབར་ཐོད་པའི་དམ་རྫས་ཀུན། །ཞུ་ཞིང་ཁོལ་བས་ཡེ་ཤེས་བདུད་རྩིར་གྱུར། །ཐུགས་ནས་སྤྲུལ་པའི་ལྷ་མོའི་ཚོགས་ཀྱིས་མཆོད། །རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ལན་བདུན། །བརྒྱུད་པའི་བླ་མའི་ཞལ་དུ་ཨོཾ་ཨཱཧཱུཾ། གཞན་ཡང་༈ མཆོད་འོས་ཞལ་དུ་ཨོཾ་ཨཱཧཱུཾ། གདོན་བགེགས་རིགས་དྲུག་འགྲོ་བ་ཀུན་ལ་སྦྱིན། །ཚོགས་རྫོགས་སྒྲིབ་བྱང་རྣམ་མཁྱེན་མྱུར་ཐོབ་ཤོག །མཐར་ནི་ལྷ་མོ་རང་ལ་ཐིམ། །མཆོད་པའི་རྫས་སོགས་མི་དམིགས་


JKT007_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །སྤྲོ་ན་མཎྜལ་ཅི་ནུས་འབུལ། །མཇུག་ཏུ་དབང་བཞི་བླང་བ་ནི། །སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་དབང་བཞི་བསྐུར་དུ་གསོལ། །ཞེས་པས་གསོལ་བཏབ་བརྒྱུད་པའི་བླ་མ་རྣམས། །འཁོར་ལོའི་མགོན་པོའི་ཐུགས་ཀར་དབྱེར་མེད་ཐིམ། །དེ་ཡི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །དཀར་དམར་མཐིང་ཁའི་འོད་ཟེར་རྣམ་པ་གསུམ། །རིམ་དང་གཅིག་ཅར་བྱུང་ནས་ཨཱ རང་ཉིད་ཀྱི། །གནས་གསུམ་ཐིམ་པས་དབང་བཞི་རྫོགས་པར་ཐོབ། །སྒྲིབ་དག་ལམ་བཞི་བསྒོམ་པའི་སྣོད་དུ་གྱུར། །བྱིན་རླབས་སྐུ་བཞིའི་ས་བོན་རྒྱུད་ལ་བཞག །བླ་མ་འོད་ཞུ་སྙིང་དབུས་བོ་ཡིག་དང་། །དབྱེར་མེད་སྤྲོས་བྲལ་འོད་གསལ་གཉུག་མའི་ངང་། །མཐར་ནི་པཾ་ཡིག་འཇའ་ཚོན་བཞིན་དུ་ཡལ། །དེ་ཡི་ངང་ནས་བདག་གཞན་གཞི། །སྦྱང་བསྒྱུར་ལ་སོགས་གཞུང་ལྟར་བྱ། །གསུམ་པ་ལུས་དཀྱིལ་ཐུན་མིན་ནི། །ཡེ་ཤེས་གཞུག་པའི་རྐྱེན་གྱིས་སྙིང་གའི་བི། །འོད་ཞུ་དབུས་སུ་མཁའ་སྤྱོད་དམར་མོ་དང་། །བྱང་ནས་གཡོན་བསྐོར་ལྗང་དམར་སེར་དང་དཀར། །མཐའ་བསྐོར་སྔགས་ཀྱི་ཡིག་འབྲུ་སོ་གཉིས་ཀྱང་། །རྣལ་འབྱོར་མ་དཔལ་དམར་མོ་རེ་རེར་གྱུར། །དེ་ནས་ང་རྒྱལ་བཟུང་བ་དང་། །གོ་ཆ་གཞུང་ལྟར་བཀོད་པའི་རྗེས། །ལུས་དཀྱིལ་གཙོ་མོའི་ཐུགས་ཀར་ཆོས་འབྱུང་དབུས། །ཟླ་སྟེང་བཾ་མཐར་སྔགས་ཀྱི་ཕྲེང་


JKT007_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བས་བསྐོར། །འོད་འཕྲོས་ལ་སོགས་གཞུང་ལྟར་སྦྲེལ། །ཡིད་བཟླས་སྐབས་སུ་སྙིང་ག་ཡི། །ལུས་དཀྱིལ་ལྟེ་བར་དྲངས་པ་དང་། །ལྷན་ཅིག་ལྷ་རྣམས་སྔགས་སུ་བསྒྱུར། །བཞི་པ་ཐུན་མོང་མ་ཡིན་པའི། །བསམ་མི་ཁྱབ་པའི་རྣལ་འབྱོར་ནི། །ཞར་བྱུང་རྫོགས་རིམ་བསྒོམས་པའི་མཐར། །ལུས་གནད་བསྲང་ཞིང་རླུང་རོ་བསལ། །རང་གི་ལུས་དབུས་རྩ་དབུ་མ། །ཕྱི་དཀར་ནང་གཡས་གཡོན་རོ་རྐྱང་དཀར་དང་དམར། །ཡར་སྣ་སྣ་བུག་གཉིས་སུ་གུག །རྩ་གསུམ་མར་སྣ་ལྟེ་བའི་འོག །སྦུབས་སྟོང་གཅིག་ཏུ་གྱུར་པའི་དབུས། །པཾ་ཡིག་རང་སེམས་དབྱེར་མེད་པ། །རྣལ་འབྱོར་མ་དཔལ་མཐེབ་སོར་ཚད། །གསལ་བཏབ་དེ་ལ་སེམས་གཏད་པས། །རླུང་ཕྱིར་འགྲོ་དང་ལྷན་ཅིག་ཏུ། །ཐུགས་ལས་རང་འདྲ་ཆུང་ངུ་འཕྲོས། །རོ་མའི་ལམ་བརྒྱུད་སྣ་གཡས་སྒོར། །བྱོན་ནས་དེ་ལས་སྤྲུལ་པའི་ཚོགས། །དཔག་མེད་ཉི་ཟེར་རྡུལ་བཞིན་འཕྲོས། །འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །རྣལ་འབྱོར་མར་གྱུར་ཚུར་འདུས་པ། །སྤྲུལ་པའི་རྣལ་འབྱོར་མ་ལ་ཐིམ། །དེ་ཉིད་སྣ་བུག་གཡོན་ནས་རླུང་། །ནང་དུ་འཇུག་དང་ལྷན་ཅིག་པར། །རྐྱང་མའི་ལམ་བརྒྱུད་ལྟེ་བ་ཡི། །རྣལ་འབྱོར་མ་ལ་ཐིམ་པར་བསམ། །དེ་ལྟར་ལན་བདུན་ལ་སོགས་པས། །རྩ་ལམ་སྦྱངས་ནས་དངོས་གཞི་ནི། །ལྟེ་བའི་རང་


JKT007_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྣལ་འབྱོར་མའི། །ཐུགས་ལས་འོད་འཕྲོས་ལུས་ཀུན་གང་། །འོད་ཕུང་དམར་པོ་གཅིག་ཏུ་གྱུར། །རྣལ་འབྱོར་མ་ཡང་མཁའ་སྤྱོད་ལ། །འབྱོན་པར་རིང་པས་ཡར་བྱོན་ཏེ། །དབུ་མ་དབུ་གཙུག་རོ་རྐྱང་གཉིས། །ཞབས་མཐིལ་ལ་འབྱར་ཇེ་ཐུང་གྱུར། །སྤྱི་བོར་བྱོན་ཚེ་རྩ་གསུམ་དང་། །ལུས་ཀུན་ལྷག་མ་མེད་པར་ཐིམ། །རྣལ་འབྱོར་མ་དཔལ་མཁའ་སྤྱོད་གཤེགས། །འོད་གསལ་དབྱིངས་སུ་ཐིམ་པར་བསམ། །བསམ་གྱིས་མི་ཁྱབ་ངང་དུ་བཞག །སླར་ཡང་རང་སེམས་རྣལ་འབྱོར་མ། །མཁའ་ལས་སྤྲིན་ལྟར་བརྡོལ་ནས་ཀྱང་། །མར་བྱོན་གཞི་ལུས་སྔར་བཞིན་གྲུབ། །སླར་ཡང་འཕོ་སོགས་ཅི་ནུས་སྦྱངས། །མཐར་ནི་གོ་ཆ་དགོད་པ་སོགས། །གཞུང་ལྟར་ཉམས་སུ་བླང་བར་བྱ། །ཁྱད་པར་གདམས་པ་འདི་རྣམས་ནི། །མན་ངག་ཐོབ་པའི་རྣལ་འབྱོར་པས། །ཚུལ་བཞིན་ཉམས་སུ་བསྟར་བ་ན། །མཁའ་སྤྱོད་གོ་འཕང་ཚེ་འདིར་འགྲུབ། །དེ་ལྟར་རང་གིས་སྔོན་སྦྱར་བའི། །སྒྲུབ་ཐབས་མཁའ་སྤྱོད་ལམ་བཟང་དང་། །རྗེས་སུ་འབྲེལ་བའི་གདམས་པ་འདི། །མང་དུ་ཐོས་པའི་སྤོང་བ་པ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཡིས། །དམ་པ་གོང་མའི་གསུང་བཞིན་དུ། །མདོར་བསྡུས་ཚིགས་བཅད་ཕྲེང་བར་བསྡེབས། །དགེ་བས་ཡིད་ཅན་རྒྱ་མཚོ་ཀུན། །མཁའ་སྤྱོད་ཆེན་པོ་མྱུར་འགྲུབ་ཤོག །སརྦ་དཱ་བ་ར་སྱ་སིདྡྷཾ་སིདྡྷི་རསྟུ།།


previousནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་མཁའ་སྤྱོད་ལམ་བཟང་ལ་ཉེར་མཁོའི་ལྷན་ཐབས་མཁའ་སྤྱོད་གྲུབ་སྟེར། next