Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
ནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ།next

ནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ།


JKT007_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཡོ་གི་ནཱི་ཡེ། དེ་ལ་འདིར་དབང་ཐོབ་ཅིང་བྱིན་རླབས་ཟབ་མོས་རྒྱུད་སྨིན་པའི་གང་ཟག་གིས། བསྡུས་པའི་ཚུལ་གྱིས་རྡོ་རྗེ་རྣལ་འབྱོར་མ་བསྒོམ་པར་འདོད་པས། སྐྱབས་ཡུལ་གསལ་བཏབ་ནས། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །རྫོགས་བྱང་གོ་འཕང་ལ་བརྟེན་སེམས་ཅན་ཀུན། །བསྒྲལ་ཕྱིར་ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི། །ལན་གསུམ། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །རྩ་བའི་བླ་མ་དཔའ་བོ་རྡོ་རྗེ་ཆོས། །དམར་གསལ་ཌཱ་རུ་ཐོད་པ་ཁ་ཊཾ་བསྣམས། །རུས་པའི་རྒྱན་མཛེས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་ལ། །སྙིང་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །བླ་མ་འོད་ཞུ་རང་ལ་ཐིམ་པ་ཡིས། །རང་སེམས་པཾ་ཡིག་སྤྲོས་བྲལ་དབྱིངས་སུ་ཡལ། །དེ་ཡི་ངང་ལས་སྙིང་གར་ཨེ་ཨེ་ལས། །ཆོས་འབྱུང་ཟླ་དཀྱིལ་དབུས་སུ་པཾ་ཡིག་མཐར། །སྔགས་ཕྲེང་འཁོར་བའི་ཟེར་གྱིས་གཞི་ལུས་སྦྱངས། །འོད་ཀྱི་ཕུང་པོར་གྱུར་ལས་སྐད་ཅིག་གིས། །རང་ཉིད་པད་ཉི་དུས་མཚན་འཇིགས་བྱེད་སྟེང་། །རྣམ་སྣང་རིགས་བདག་བཅས་པའི་རྣལ་འབྱོར་མ། །དམར་གསལ་སྤྱན་གསུམ་ནམ་མཁའི་དབྱིངས་སུ་གཟིགས། །


JKT007_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་གྲི་གུག་ཐུར་དུ་བརྐྱང་ནས་འཛིན། གཡོན་པས་ཐོད་ཁྲག་སྟེང་ཕྱོགས་བཟུང་བས་གསོལ། །ཕྲག་པ་གཡོན་པར་རྡོ་རྗེའི་ཁ་ཊཾ་བསྟེན། །ཐོད་སྐམ་དབུ་རྒྱན་དོ་ཤལ་ཕྱག་རྒྱས་སྤྲས། །ཞབས་ཟུང་གཡས་བརྐྱང་གཡོན་བསྐུམ་དོར་ཐབས་བཞེང་། །བདེ་ཆེན་ཉམས་འབར་ཡེ་ཤེས་མེ་དབུས་རོལ། །ཐུགས་སྲོག་འོད་ཀྱིས་སྣོད་བཅུད་དངོས་འཛིན་སྦྱངས། །རྡོ་རྗེའི་བཙུན་མོའི་ཞིང་སྐུར་ལམ་གྱིས་གསལ། །འབར་བའི་རྒྱ་དང་བཅས། ཕོ། སླར་ཡང་ཐུགས་ཀའི་ཐཾ་ལས་འོད་འཕྲོས་པས། །ལྷན་སྐྱེས་ཞིང་སྔགས་རྣལ་འབྱོར་མ་དཔལ་ཀུན། །ཚུར་འདུས་ཛ༔ཧཱུྃ་བཾ་ཧོརང་ལ་ཐིམ། །དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར། །ཨོ་ཡོ་ག་ཤུདྡྷསརྦ་དྷརྨཱ་ཡོ་ག་ཤུདྡྷོཉ་ཧཾ། ལུས་གནས་སོ་སོར་ཟླ་བའི་དཀྱིལ་འཁོར་སྟེང་། །ངོ་བོ་ལྷ་ལ་རྣམ་པ་ཡི་གེའི་གཟུགས། །ཨོ་བི་ཧཾ་ཡཾ་ཧཱུཾ་མཾ་ཧྲི་ཧྲི་དང་། །ཧཱུྃ་ཧཱུྃ་ཕཊ་ཕཊ་རྣམས་ཀྱིས་མཚན་པ་ཡི། །ཐུགས་ཀའི་ས་བོན་སྔགས་ཕྲེང་བཅས་པ་ལས། །འཕྲོས་པའི་འོད་ཀྱིས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །ཕོ་ཉ་གསུམ་གྱི་བྱིན་རླབས་ནུས་མཐུ་ཀུན། །བསྡུས་ཐིམ་མཁའ་སྤྱོད་དངོས་གྲུབ་ཐོབ་པར་གྱུར། །ཨོཾ་ཨོ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། དམ་བཅས་གྲངས་ལས་མི་ཉུང་བཟླ། །སྤྲོ་ན་ཡིད་བཟླས་སོགས་ཀྱི་མཐར། །བླ་མ་རྗེ་བཙུན་རྡོ་


JKT007_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྣལ་འབྱོར་མས། །འགྲོ་ཀུན་མཁའ་སྤྱོད་འཁྲིད་པར་མཛད་དུ་གསོལ། །ཁམས་གསུམ་འོད་ཞུ་རང་དང་རང་ཉིད་ཀྱང་། །ནཱ་དའི་བར་ཐིམ་འོད་གསལ་དབྱིངས་སུ་ཡལ། །སླར་ཡང་རྒྱན་དང་ཕྱག་མཚན་སྤངས་པ་ཡི། །ལྷ་སྐུ་གོ་ཆས་མཚན་པར་གསལ་བའི་ངང་། །སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་ཀྱི་སྐུ། །དགའ་བ་གསུམ་དང་དབྱེར་མེད་འདྲེས་པར་གྱུར། །དགེ་བའི་རྩ་བ་འདི་ཡིས་བདག་གཞན་ཀུན། །མཁའ་སྤྱོད་ཆེན་པོའི་གོ་འཕང་འགྲུབ་གྱུར་ནས། །སྲིད་དང་ཞི་བའི་རྒུད་པ་ཀུན་སེལ་ཞིང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་ལས་དང་པོ་པ་དང་བློ་གྲོས་དམན་པ་རྣམས་ལ་ཕན་པའི་ཆེད་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔལ་རྡོ་རྗེ་གདན་གྱི་ཆོས་གྲྭར་ལྷག་བསམ་དག་པས་བྲིས་པའི་དགེ་བས་འགྲོ་ཀུན་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པའི་རྒྱུར་གྱུར་ཅིག། །།


previousནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ།next